འདྲ་པར་གྱི་སྐོར།

༄༅།། སྤྱི་ལོ་༢༠༠༢ལོའི་དབྱར་དུས་འགོ་ཚུགས་པའི་ཉིན་རྒྱབ་ཞིག་ལ། གུས་མོས་ཤོག་བུའི་ཡིག་སྐོགས་ཤིག་གི་ནང་ནས་འདྲ་པར་འདི་རྣམས་བཏོན་སྐབས་དགུང་གྲངས་༥༧ལ་ཕེབས་པའི་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱི་གཟིགས་སྟངས་ཐོག་ནས་གུས་མོ་ཧང་སངས་བྱུང༌། ཁོང་ནི་གཟུགས་སྟོབས་ཆེ་ལ་ཁ་སངས་པོ་མེད་པའི་ལྷ་ས་བ་ཞིག་ཡིན་པས། དང་ཐོག་ཁོང་ནས་འདྲ་པར་འདི་རྣམས་ལ་ཡང་ནས་ཡང་དུ་གཟིགས་ཏེ་ཁོང་གི་ཕ་མ་གཉིས་དང་སྤོ་བོ་ལགས་བཅས་ལྷ་འདྲེ་གདོན་བགེགས་ཀྱི་ཞྭ་མོ་གཡོགས་ནས་འཐབ་འཛིང་གཏོང་བཞིན་ཡོད་པའི་འདྲ་པར་ལ་གཟིགས་ཤིང་སེམས་ལྷིང་མདོག་ཁ་པོ་འདུག ཡིན་ནའི་ཁོང་གིས་གློ་བུར་དུ་ངུས་ཡོང་བསམ་པ་སུ་ལའང་སྣང་བ་བྱུང་མེད། ཁོང་གི་ངུ་འབོད་འདིར་ངུ་སྒྲ་མེད་པར་གཟུགས་པོ་ཡོངས་རྫོགས་འདར་སིག་རྒྱབ་པ་དང་ལག་པ་གཅིག་གིས་ཉེ་འགྲམ་ལ་ཡོད་པའི་མི་འདིར་དམ་པོར་ཟིན་ཞིང་གདོང་པར་མིག་ཆུས་ཁེངས་འདུག དེ་ལྟར་ཁོང་གིས་རྒྱུན་རིང་ངུས་པར་བརྟེན་གུས་མོ་ཡང་རང་དབང་མེད་པར་མིག་ཆུ་ཤོར་བྱུང༌། གང་ཙམ་སོང་བའི་རྗེས་གཞི་ནས་ངུ་སྒྲ་འགག་པ་དང་སྦྲགས་ཁོང་གིས་གསུངས་དོན་ལ། འཐབ་འཛིང་གཏོང་སྐབས་འདྲ་པར་རྒྱབ་མཁན་ཞིག་ཡོད་པ་པཱ་ལགས་ནས་གཟིགས་བྱུང་བའི་སྐོར་དེ་སྔ་པཱ་ལགས་ནས་ང་ལ་གསུངས་མྱོང་ཡོད། སྐབས་དེ་དུས་ང་རང་ལྷ་སར་མེད་པས་མི་ཚེ་འདིར་སྣང་ཚུལ་འདི་འདྲ་མཐོང་གི་རེད་བསམ་པ་མ་བྱུང་ཞེས་གསུངས་བྱུང༌།

ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་མཐར་གཟིགས་རྒྱུ་བྱུང་བའི་འདྲ་པར་འདི་རྣམས་ནི་ལོ་ངོ་བཞི་བཅུའི་སྔོན་གུས་མོའི་ཕ་ཚེ་རིང་རྡོ་རྗེ་ལགས་ནས་བསྐྱོན་པ་ཞིག་རེད།

གུས་མོའི་པཱ་ལགས་ནི་བོད་ཤར་ཕྱོགས་ཁུལ་གྱི་ཁམས་པ་ཞིག་ཡིན་པ་དང༌། བོད་ཀྱི་དེ་སྔའི་ས་ཆའི་ཆགས་སྟངས་ནས་ཞུས་ན། བོད་ས་ཡོངས་ལ་སྟོད་སྨད་བར་གསུམ་གྱི་དབྱེ་སྲོལ་ཡོད་པ་སྟེ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་བཤད་སྲོལ་ཡོད། སྤྱི་ལོ་༡༩༥༠ལོར་མའོ་ཙེ་ཏུང་ནས་དམག་དཔུང་བཏང་ཏེ་བཙན་རྒྱལ་རིང་ལུགས་ཀྱི་གཉའ་གནོན་འོག་ཡོད་པའི་བོད་ཀྱི་སྤུན་ཟླ་རྣམས་ལ་བཅིངས་འགྲོལ་གཏོང་དགོས་ཟེར་ནས་རྒྱ་ནག་གི་ལྷོ་ནུབ་ཕྱོགས་ནས་ལྷ་སར་དཔུང་འཇུག་བྱེད་མཁན་གྱི་སྔོན་སྐྱོད་དམག་དཔུང་ནང་ལམ་བར་ནས་བོད་པའི་གཞོན་སྐྱེས་བརྒྱ་ཕྲག་ཁ་ཤས་བསྡུས་ཡོད་པ་འདིའི་ཁོངས་སུ་ལོ་ན་བཅུ་གསུམ་ལས་སོན་མེད་པའི་གུས་མོའི་པཱ་ལགས་ཡོད་པ་རེད།

སྤྱི་ལོ་༡༩༦༦ལོར་རིག་གནས་གསར་བརྗེ་ཆེན་པོའི་མེ་ལྕེ་དྲག་པོ་འདི་ཐོག་མར་ཁྱབ་ཡོང་བའི་སྐབས་འདིར་གུས་མོ་བོད་དམག་ཁུལ་ཁང་གི་སྤྱི་ཁྱབ་སྨན་ཁང་ནང་སྐྱེས་ཤིང་། སྐབས་དེ་དུས་ངའི་པཱ་ལགས་ནི་བོད་སྡོད་རྒྱ་ནག་དམག་དཔུང་ནང་གི་དམག་དཔོན་ཞིག་ཆགས་ཡོད་ལ། པར་ལེན་བྱེད་རྒྱུར་ཧ་ཅང་གི་དགའ་ཞེན་ཡོད་པའི་མི་སྣ་ཞིག་ཀྱང་ཡིན་པ་རེད། ངས་ཧ་གོ་ཚོད་ནས་བཟུང་པཱ་ལགས་ཀྱིས་རྟག་ཏུ་ཁོང་གིས་བསྐྱོན་པའི་འདྲ་པར་དང་སྤྱིན་ཤོག་ལ་བསྡུ་གསོག་རྒྱག་པ་དང་གཙང་མ་བཟོས་ནས་བཞུགས་པ་ཤ་སྟག་མཐོང་རྒྱུ་ཡོད་པས་ངའི་སེམས་ནང་བག་ཆགས་ཟབ་མོ་བྱུང༌། སྤྱི་ལོ་༡༩༩༡ལོར་མུ་མཐུད་དམག་དཔུང་ནང་ལས་འགན་འཁུར་བཞིན་ཡོད་པའི་པཱ་ལགས་ནད་གཞིའི་དབང་གིས་གུས་མོ་སྐྱེ་སའི་སྨན་ཁང་འདིའི་ནང་དགོངས་པ་རྫོགས་པ་རེད། པཱ་ལགས་ཀྱི་ཤུལ་བཞག་དངོས་རྗས་བསྡུ་གསོག་རྒྱག་པའི་སྐབས་གུས་མོས་འདྲ་པར་འདི་རྣམས་ཉར་ཚགས་བྱས་པ་ཡིན་རུང༌། འདྲ་པར་འདི་རྣམས་ནི་ད་ལྟ་བར་འབྲེལ་ཡོད་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་གྱི་ཆ་ཚང་ཤོས་ཀྱི་དམངས་ཁྲོད་ལ་ཡོད་པའི་འདྲ་པར་ཞིག་ཡིན་པ་གུས་མོས་སྐབས་དེ་དུས་ཤེས་ཀྱི་མེད།

སྤྱི་ལོ་༡༩༩༩ལོར་ཕྱི་རྒྱལ་ནས་བོད་ནང་སླེབས་པའི་<<བྱ་འདོར་བོད་ཀྱི་ལས་དབང་།>>ཞེས་པའི་དེབ་འདི་བཀླགས་པའི་རྗེས་པཱ་ལགས་ཀྱིས་བསྐྱོན་པའི་འདྲ་པར་འདི་རྣམས་དེབ་འདི་རྩོམ་མཁན་གྱི་རྒྱ་ནག་གི་རྩོམ་པ་པོ་ཝང་ལིད་ཞུང་ལ་བསྐུར་རྒྱུའི་ཐག་གཅོད་བྱས་ནས་དེ་དུས་ངའི་ཡིད་དུ་པཱ་ལགས་ཀྱི་འདྲ་པར་འདི་རྣམས་མུ་མཐུད་སྒམ་ནང་བཅུག་བཞག་པ་ལས་དྲང་བདེན་གྱི་ཐོག་ནས་བོད་ཀྱི་གནད་དོན་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་ཞིག་ལ་ཕུལ་བ་ཡིན་ན། གཅིག་བྱས་ན་ནུས་པ་ཞིིག་ཐོན་སྲིད་ཀྱི་རེད་སྙམ་བྱུང༌། དེ་སྔོན་མཇལ་མྱོང་མེད་པའི་ཝང་ལིད་ཞུང་གིས་འདྲ་པར་འདི་རྣམས་གུས་མོར་ཕྱིར་སློག་གནང་བ་མ་ཟད། ད་དུང་ཡིག་ལན་ནང་འཁོད་པར། འདྲ་པར་འདི་རྣམས་ནས་རྩིས་མེད་ནག་སུབ་བཏང་བའི་བོད་ཀྱི་དུས་རབས་ཤིག་སླར་ཡང་མངོན་གྱི་ཡོད་པས་འདི་ནི་བསྐྱར་གསོ་བྱེད་དགོས་པའི་བོད་ཀྱི་དྲན་ཤེས་ནང་གི་ཆ་ཤས་ཤིག་རེད་ཅེས་དང༌། མི་རིགས་གཅིག་གི་བརྒྱུད་པ་བསྟན་པོར་ཟིན་དགོས་ན། རྒྱལ་རབས་ལོ་རྒྱུས་ཀྱི་དྲན་ཤེས་ལ་བརྟེན་དགོས་ཀྱི་ཡོད་པ་དང༌། ཡང་དྲན་ཤེས་ཀྱིས་བརྗེད་ངེས་ཕྱིན་པའི་གནས་ཚུལ་ལ་འགྲན་རྒོལ་བྱེད་རྒྱུ་འདི་གཞུང་དྲང་བའི་ཤེས་ལྡན་པ་མི་རེ་ངོ་རེའི་ལས་འགན་ཞིག་ཡིན་པས། གཅིག་བྱས་ན་གུས་མོའི་པཱ་ལགས་ནས་འདྲ་པར་འདི་རྣམས་བཞག་དགོས་པའི་བསམ་འདུན་ཡང་དེ་ལྟར་ཡིན་སྲིད་ཅེས་འཁོད་འདུག་པས་ཁོང་གི་བཀའ་མོལ་འདིས་གུས་མོར་སེམས་འགུལ་ཐེབས་ཤིང༌། དེ་ནས་བཟུང་འདྲ་པར་འདི་རྣམས་ཀྱིས་གུས་མོ་འཐེན་པ་ལྟ་བུས་དཀའ་ཚེགས་ཆེ་ཞིང་དུས་ཡུན་རིང་བའི་བཅའ་འདྲི་དང་རྩོམ་བྲིས་ཀྱི་བྱ་བའི་ནང་ཞུགས་པ་ཡིན།

འདས་པའི་ལོ་ངོ་དྲུག་ཙམ་རིང་གུས་མོས་མི་སྣ་བདུན་བཅུ་ལྷག་ཙམ་ལ་བཅའ་འདྲི་ཞུས་པ་དེ་ཚོའི་ནང་ཧ་ལམ་མང་ཆེ་བ་ངའི་ཕ་མ་གཉིས་དང་མི་རབས་གཅིག་པ་དང་མི་ཚེའི་ནང་གི་དུས་ཚོད་མང་ཆེ་བ་བོད་ཀྱི་གནམ་ས་མགོ་རྟིང་སློག་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བ་ཟབ་མོ་ཡོད་མཁན་ཡིན་པའི་ཐོག་ཡང་མང་ཆེ་བ་ནི་བོད་པ་ཡིན་ཞིང་དེའི་ནང་རྒྱ་མི་དང་ཁ་ཆེ་ཡང་ཡོད། ད་ལྟ་ཁོང་ཚོ་ནི་རྒས་ཡོལ་ཞུས་ཟིན་པའི་ལས་བྱེད་དང་རྒས་ཡོལ་ཞུས་ཟིན་པའི་དམག་མི། རྒས་ཡོལ་ཞུས་ཟིན་པའི་བཟོ་པ། གྲོང་མི། དེ་བཞིན་ཡང་འགའ་རེ་ནི་ལས་གནས་ཐོག་ཡོད་པའི་དཔོན་རིགས་དང༌། ཡང་ན་ལས་གནས་ཐོག་ཡོད་མུས་ཀྱི་མཁས་དབང་དང་རྣམ་དཀར་ནང་ཆོས་ལ་བརྩོན་པའི་དགེ་འདུན་པ་སོགས་ཡོད། ཡིན་ནའི་སྐབས་དེ་དུས་ཁོང་ཚོའི་ནང་དམར་སྲུང་དམག་ཡོད་ལ། གྱེན་ལོག་ཤོག་ཁག་དང་ལྷ་འདྲེ་གདོན་བགེགས་ཀྱང་ཡོད་པ་དང༌། དེ་བཞིན་ཧུན་བརྩོན་ཅན་སོགས་ཡོད་པ་རེད། ཝང་ལིད་ཞུང་གིས་རོགས་པ་གནང་ཏེ་པེ་ཅིང་ནས་ཆེ་རུ་བཏང་བའི་འདྲ་པར་འདི་རྣམས་གུས་མོས་འཁྱེར་ཏེ་ལྷ་སའི་ཁྲོམ་ལམ་ཁག་ལ་སྐྱོད་ནས་འདྲ་པར་རེ་རེ་བཞིན་ཁ་ཕྱེས་བ་དང་རེ་རེ་བཞིན་ཕན་ཚུལ་ལྟ་རེས་བྱེད་སྐབས་འདྲ་པར་སྟོན་ཐེངས་རེར་ག་དུས་ཡིན་ནའང་བརྗོད་པར་དཀའ་བའི་ཡིད་སྐྱོའི་དྲན་གསོ་དུམ་བུ་ཞིག་ཡོང་གི་འདུག

མི་མང་པོས་ཕྱིར་དྲན་བྱེད་དུས་ཚང་མས་བརྗོད་དཀའ་བའང་ཁ་ཐལ་བ། བཤད་རྒྱུར་མ་འཛེམས་པ་བྱེད་པ་མཉམ་དུ་འདྲེས་ནས་ཡོད་པ་རེད་འདུག ཡིན་ནའི་གུས་མོས་ག་དུས་ཡིན་རུང་ཟུར་ལ་ཁུ་སིམས་ངང་ཉན་ནས་བསྡད་པ་ལས་རང་ཉིད་ནས་མ་ཡིན་ཡིན་མདོག་དང་གུས་ཞབས་མེད་པ། ལས་འཛོལ་གྱིས་ཁོང་རྣམ་པའི་བློ་བག་མི་འཕེར་བའི་ཕྱིར་དྲན་གནང་བ་འདི་རྣམས་མཚམས་བཅད་འདོད་མ་བྱུང༌། གུས་མོས་གཟབ་གཟབ་སིལ་སིལ་གྱིས་འཚོལ་ཞིབ་བྱས་པ་དང་བསྟུན་མཐར་དངོས་དོན་ཕྱིར་མངོན་པའམ་ཐོན་སོང་བས་དངོས་ཡོད་གནས་ཚུལ་འདི་རྣམས་ཀྱིས་འདྲ་པར་འདི་ཚོའི་ཞིབ་ཕྲའི་གསལ་འགྲེལ་ལམ་ཡང་ན་ཁ་གསབ་ཅིག་ཆགས་ཀྱི་ཡོད། ཐེངས་མང་པོ་ཞིག་གུས་མོས་སྒྲ་བཅུག་བྱས་པ་ཁག་ལེགས་སྒྲིག་ཇི་ཙམ་བྱས་པའི་བརྒྱུད་རིམ་ནང་ཁོང་ཚོའི་ཞེད་སྣང་གི་འདར་སྐད་དང་དབུགས་རིང་བཏང་བ། འགྱོད་བཤགས་བྱེད་པ་སོགས་ཉན་སྐབས་ཁོང་ཚོས་དེའང་སྨྱོ་བཞག་སྐབས་དེ་དུས་ཚང་མ་སྨྱོ་བཞག བཟི་སྨན་བཟས་པ་ནང་བཞིན་རེད་བཞག འདི་འདྲའི་ཡ་ང་བ་ལ། ང་ཚོའི་མི་རིགས་འདི་དངོས་གནས་སྐྱོ་པོ་རེད་འདུག་ཟེར་བཤད་ཚུལ་དེ་ཡང་བསྐྱར་སྐོར་གྱིས་ཉན་ཞིང་སྐབས་དེ་ན་སྐད་ཆ་འདི་གོ་དུས་ཐད་ཀར་རྒྱལ་རབས་ལོ་རྒྱུས་དང་རྨ་ཁར་ལྟོས་རྒྱུ་འདི་དངོས་གནས་ཧ་ཅང་གི་དཀའ་སྡུག་ཆེན་པོ་ཡིན་པ་གུས་མོར་རྟག་ཏུ་ཚོར་སྣང་ཡོང་གི་འདུག

མཚམས་འདིར་གུས་མོའི་པཱ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོང་གིས་དམིགས་ཡུལ་གང་འདྲ་ཞིག་འཛིན་ཡོད་མིན་ལ་མ་ལྟོས་པར་ཁོང་གིས་བཞག་གནང་བ་འདི་ནི་རྒྱལ་རབས་ལོ་རྒྱུས་ཀྱི་ར་སྤྲོད་དཔང་རྟགས་ཧ་ཅང་རྩ་ཆེ་ཞིག་རེད། དེ་བཞིན་སྐབས་དེ་དུས་ཆོ་མེད་ལ་རྩིས་པའི་པར་ལེན་བྱེད་ཡག་ཐོག་པཱ་ལགས་ཀྱིས་གླ་ཕོགས་ནས་དངུལ་གང་ཙམ་ཞིག་བཏང་བ་དེར་གུས་མོའི་ཨ་མ་ལགས་ནས་བཟོད་སྒོམ་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཡང་གུས་མོས་དེབ་འདི་བྲིས་རྒྱུར་སྐུལ་འདེད་གནང་མཁན་གཙོ་བོ་ནི་ཝང་ལིད་ཞུང་ཡིན་པས་ཁོང་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ད་ཆ་ཁོང་ནི་གུས་མོའི་བཟའ་ཟླ་ཡིན། ད་དུང་བོད་ཀྱི་ཤེས་ལྡན་པ་ཚེ་བརྟན་དབང་ཕྱུག་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུར་ཁོང་ནས་དེབ་འདི་རྩོམ་བྲིས་ཐུབ་པའི་ཐོག་གལ་ཆེའི་ཇུས་འགོད་བཏོན་རོགས་གནང་བ་དང༌། ད་དུང་ཁོང་གིས་བཅའ་འདྲི་གནང་བ་དང་ཡིག་སྒྱུར་མཁོ་འདོན་གནང་བྱུང༌། དེ་ནས་ཨ་རིའི་སྦོ་སི་ཌོན་ནང་ཡོད་པའི་Carma Hiton ལགས་ནས་འདྲ་པར་གྱི་སྤྱིན་ཤོག་ཉར་ཚགས་ལ་སོགས་པའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཡང་ཐེ་ཝན་ཏཱ་ཁོའོ་རིག་གནས་ཀྱི་སྐུ་ཞབས་ཧའོ་མིང་དབྱི་ནས་འདྲ་པར་འདི་རྣམས་དང་རྩད་གཅོད་བྱས་ནས་བྲིས་པའི་འགྲེལ་པ་རྣམས་མི་ཚོའི་སྤྱན་ལམ་དུ་སྟོན་ཐུབ་པ་གནང་བ་འདིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ལྷག་པར་དུ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་ཡུལ་གཙོ་བོ་ནི་གུས་མོའི་བཅའ་འདྲིར་དང་ལེན་གནང་མཁན་གྱི་རྒན་རབས་རྣམ་པ་ཡིན། ཁོང་རྣམ་པ་མང་ཆེ་བ་ད་དུང་བོད་ནང་འཚོ་བ་བསྐྱལ་བཞིན་ཡོད་པས་ཁོང་ཚོའི་བདེ་འཇགས་ཀྱི་ཆེད་དེབ་འདིའི་ནང་མི་བདུན་ལ་གསང་མིང་བེད་སྤྱོད་བྱས་ཡོད། དེའི་ནང་གི་བུ་གསུམ་ལ་རེས་གཟའི་མིང་གིས་ཚབ་བྱས་པ་དང་བུ་མོ་བཞི་ལ་ཨང་ཀི་གཉིས་ཀྱི་འཐུས་པ་བྱས་ཡོད། ཡིད་སྐྱོ་ཤོས་ཤིག་ལ་དེའི་ནང་གི་མི་གསུམ་ད་ལྟ་དགོངས་པ་རྫོགས་པ་རེད། ཕྱོགས་མང་པོའི་ཐོག་ནས་བསམ་གཞིགས་བྱས་ཏེ་དང་ཐོག་གུས་མོས་དེབ་འདིའི་རྩོམ་པ་པོའི་མིང་ངོ་མ་བེད་སྤྱོད་མ་བྱས་པར་གསང་མིང་བེད་སྤྱོད་བྱ་རྩིས་བྱས་པ་ཡིན་རུང༌། སྤྱི་ལོ་༢༠༠༣ལོའི་ཟླ་དགུ་པའི་ནང་གུས་མོས་རྒྱ་ནག་ནང་གི་དཔེ་སྐྲུན་ཁང་ཞིག་ནས་པར་སྐྲུན་བྱས་པའི་ལྷུག་རྩོམ་ཕྱོགས་སྒྲིག་གི་དེབ་<<བོད་ཀྱི་ཟིན་བྲིས།>>ཟེར་བ་འདིར་ཆབ་སྲིད་ཀྱི་ནོར་འཁྲུལ་ཤོར་ཡོད་པར་ངོས་འཛིན་བྱས་ཏེ་དེབ་འདི་བཀག་སྡོམ་བྱས་པ་མ་ཟད། ང་རང་ཡང་གཞུང་གི་ལས་ཁུངས་ནས་ཕྱིར་འབུད་བྱས་བྱུང༌། འདི་ནི་ཏག་ཏག་ད་ལྟ་བོད་ཀྱི་དངོས་ཡོད་གནས་སྟངས་ཡིན་པ་དང༌། བསམ་བློའི་འདུ་ཤེས་འཛིན་སྟངས་ཐད་བཏང་འཛིན་བྱེད་ཡག་འདི་ད་དུང་ཡང་རིག་གནས་གསར་བརྗེའི་དུས་སྐབས་དང་གཅིག་པ་གཅིག་རྐྱང་ཡིན་པ་རེད། གནས་ཚུལ་འདི་ཚོས་རྐྱེན་པས་གུས་མོས་ཀྱང་འཛེམ་ཟོན་མེད་པར་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ནས་ལོ་ངོ་བཞི་བཅུ་ཕྱིན་པའི་སྐབས་དེར་གསང་བ་གང་ཡང་མེད་པའི་ཐོག་རང་ཉིད་ཀྱི་མིང་ངོ་མ་འཁོད་པའི་དེབ་འདི་པར་སྐྲུན་ཞུས་པ་ཡིན།

མཐར་བསྡོམས་འདིར་སྤྱི་ལོ་༡༩༥༩ལོར་བོད་ནས་བཙན་བྱོལ་དུ་ཕེབས་མཁན་གྱི་བསོད་རྒྱལ་རིན་པོ་ཆེས་གང་ཉིད་ནས་རྩོམ་བྲིས་གནང་བའི་<<བོད་ཀྱི་འཆི་གསོན།>>ཞེས་པའི་ཕྱག་དེབ་འདིའི་ནང་གི་སྐད་ཆ་དུམ་བུ་གཅིག་གུས་མོས་ལུང་འདྲེན་ཞུ་རྒྱུ་ཡིན་པ་སྟེ། དེབ་འདི་ངོས་ནས་བོད་ནང་རིག་གནས་གསར་བརྗེའི་ལས་འགུལ་ནང་དཀའ་སྡུག་བྱུང་བའི་མི་ཚང་མར་ཕུལ་རྒྱུ་དང་ཁོང་ཚོས་ཆོས་དད་དང་ནང་ཆོས་ཀྱི་དམིགས་བསལ་རྣམ་པ་འདི་རྣམས་རྩ་གཏོར་བཏང་བ་ཁག་ལ་ཁོང་ཚོས་རྒྱལ་རབས་ལོ་རྒྱུས་ཀྱི་དཔང་པོ་གནང་ཡོད།

སྤྱི་ལོ་༢༠༠༥ལོའི་ཟླ་༩ཚེས་༩མའོ་ཙེ་ཏུང་འདས་གྲོངས་ལ་ཕྱིན་ནས་ལོ་ངོ་༢༩ཏག་ཏག་ཕྱིན་པའི་ཉིན་མོར།