ཚེ་རིང་འོད་ཟེར།
ཚེ་རིང་རྡོ་རྗེ་དང་འོད་ཟེར།(ལྷ་སར་སྤྱི་ལོ་༡༩༦༦ལོ་ལ།)
ཚེ་རིང་རྡོ་རྗེ་དང་འོད་ཟེར།(ལྷ་སར་སྤྱི་ལོ་༡༩༦༦ལོ་ལ།)
སྤྱི་ལོ་༡༩༦༦ལོར་རིག་གནས་གསར་བརྗེའི་སྐབས་ལྷ་སར་འཁྲུངས་པ་དང་ཁོང་གི་པཱ་ལགས་ནི་བོད་ཀྱི་ཁམས་སྡེ་དགེ་ནས་ཡིན་ཞིང་། ཨ་མ་ལགས་ནི་གཞིས་ཀ་རྩེ་ནས་ཡིན་པ་རེད། འོད་ཟེར་ལགས་དེ་སྔ་བོད་ཀྱི་ཁམས་དང་རྒྱ་ནག་ནང་སློབ་སྦྱོང་དང་འཚོ་བ་ལོ་ངོ་ཉི་ཤུ་ཙམ་བསྐྱལ་མྱོང་ཡོད་ལ། སྤྱི་ལོ་༡༩༨༨ལོར་གྲན་རྡུར་ཡོད་པའི་ལྷོ་ནུབ་མི་རིགས་སློབ་གྲྭའི་རྒྱ་ཡིག་ཚན་ཁག་ནས་སློབ་གཉེར་ལེགས་པར་གྲུབ་སྟེ་དཀར་མཛེས་ཚགས་པར་ཁང་ལ་རྩོམ་སྒྲིག་པ་དང་གསར་འགོད་པའི་ཕྱག་ལས་གནང་མྱོང་ཡོད་པ་རེད། དེ་རྗེས་སྤྱི་ལོ་༡༩༩༠ལོའི་དཔྱིད་དུས་སུ་ལྷ་སར་ཕྱིར་ལོག་བྱུང་སྟེ་སྤྱི་ལོ་༢༠༠༤ལོའི་ཟླ་བ་དྲུག་པར་བོད་རང་སྐྱོང་ལྗོངས་ནང་ཡོད་པའི་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ།>>དུས་དེབ་ཁང་གི་རྩོམ་སྒྲིག་པའི་ལས་འགན་འཁུར་མྱོང་ཡོད། སྤྱི་ལོ་༢༠༠༣ལོར་རྒྱ་ནག་སྐམ་ས་ཆེན་པོའི་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་ལྷུག་རྩོམ་<<བོད་ཀྱི་ཟིན་བྲིས།>>ཞུ་བའི་དེབ་འདིར་གཞུང་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ནོར་འཁྲུལ་ཤོར་ཡོད་པ་བརྗོད་ནས་བཀག་འགོག་བྱས་པ་མ་ཟད། འོད་ཟེར་ལགས་གཞུང་གི་ལས་ཁུངས་ནས་ཕྱིར་འཐེན་བྱེད་བཅུག་ཡོད་པ་རེད། ཁོང་ནི་རྒྱ་ཡིག་ཐོག་ནས་རྩོམ་བྲིས་གནང་མཁན་གྱི་བོད་པའི་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་གིས་རྩོམ་བྲིས་ཐོག་ནས་ཡུལ་གྱི་གནས་སྟངས་ངོ་སྤྲོད་དང་རྩོམ་བྲིས་ཐོག་ནས་གསོལ་བ་སྨོན་ལམ་འདེབས་པ། རྩོམ་བྲིས་ཐོག་ནས་ལོ་རྒྱུས་ཀྱི་དཔང་པོ་ཞིག་དོན་ཐུབ་པའི་རྩ་འཛིན་འོག་བརྩམས་བྱའི་ནང་སྙན་ངག་གི་དེབ་<<བོད་མཐོ་བར་གནས་པ།>>(མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༩༩ལོར་པར་བསྐྲུན་བྱས།) ལྷུག་རྩོམ་ནང་<<བོད་གདངས་སུ་གྱེར་བའི་སྙན་རྩོམ།>>(དང་ཐོག་དེབ་འདིའི་མིང་ལ་<<བོད་ཀྱི་ཟིན་བྲིས།>>ཞེས་དང་རྒྱ་ནག་གི་ཧྭ་གྲེང་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༠༣ལོར་པར་བསྐྲུན་བྱས་པའི་རྗེས་ལམ་སེང་གཞུང་ཕྱོགས་ནས་བཀག་ཡོད་པར་བརྟེན་སྤྱི་ལོ་༢༠༠༦ལོར་ཐེ་ཝན་གྱི་ཏཱ་ཁོའོ་དཔེ་སྐྲུན་ཁང་ནས་བསྐྱར་དུ་པར་བསྐྲུན་ཞུས་ཡོད།) ཡུལ་སྐོར་གྱི་བརྗེད་ཐོའི་རང་བཞིན་ཐོག་ནས་བྲིས་གནང་བའི་<<བོད། ཚོན་མདོག་ངུར་སྨིག་གི་ས་ཀྲ>>(ཐེ་ཝན་ཧྲེ་གཡིང་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༠༣ལོར་པར་བསྐྲུན་བྱས།) པར་རིས་ཀྱི་རྩོམ་དེབ་ནང་<<ཚོན་མདོག་ངུར་སྨིག་གི་ས་ཀྲ>>(རྒྱ་ནག་གི་ཡུལ་སྐོར་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༠༤ལོར་པར་བསྐྲུན་བྱས།) སྤྱི་ལོ་༢༠༠༦ལོར་བོད་ཀྱི་རིག་གནས་གསར་བརྗེའི་གནས་ཚུལ་འཁོད་པའི་རྩ་ཆེའི་པར་རིས་ཀྱི་དེབ་<<གསར་བརྗེ།>> ཞུ་བ་འདི་ཕུད། ད་དུང་དེ་དང་དུས་མཚུངས་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་ངག་རྒྱུན་ནས་བརྗོད་པ་ཁག་ཕྱོགས་སྒྲིག་ཞུས་པའི་ལོ་རྒྱུས་དེབ་རིགས་<<བོད་ཀྱི་དྲན་ཐོ།>>པར་བསྐྲུན་བྱས། དེ་བཞིན་ཧོང་ཀོང་གི་ཏཱ་ཧྥེང་དཔེ་སྐྲུན་ཁང་ནས་<<ཕྲེང་བའི་ཁྲོད་ཀྱི་སྒྲུང་གཏམ།>>ཞུ་བའི་དེབ་དེ་སྤྱི་ལོ་༢༠༠༧ལོར་པར་བསྐྲུན་ཞུས་ཡོད་ལ། ཡང་ཐེ་ཝན་གྱི་ཏཱ་ཁོའོ་དཔེ་སྐྲུན་ཁང་ནས་<<མཐོང་མི་ཐུབ་པའི་བོད།>>ཞུ་བའི་དེབ་འདི་སྤྱི་ལོ་༢༠༠༨ལོར་པར་བསྐྲུན་ཞུས་ཡོད། ཐེ་ཝན་གྱི་ཡུན་གྲེན་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༠༨ལོའི་བོད་ཀྱི་དོན་ཆེན་འཁོད་པའི་<<གངས་སེང་གི་ངར་སྒྲ>>ཞུ་བ་འདི་པར་བསྐྲུན་བྱས་ཡོད་པ་རེད། འོད་ཟེར་ལགས་ཀྱི་བརྩམས་དེབ་མང་པོ་ཞིག་དེ་མིན་སྐད་ཡིག་ཐོག་ལ་ཡང་བསྒྱུར་ཡོད་པ་རེད་ལ། ཁོང་གིས་བོད་དང་འབྲེལ་བའི་རྩོམ་ཡིག་མུ་མཐུད་རྩོམ་བྲིས་གནང་བཞིན་ཡོད་པ་རེད།