བོད་ལ་ཐོན་པའི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་འདི་འབྲེལ་མེད་ཁེར་རྐྱང་གི་དོན་རྐྱེན་ཞིག་རྩ་བ་ནས་མ་རེད། ལས་འགུལ་འདིའི་གོམ་སྟབས་རེ་རེ་བཞིན་ཚང་མ་རྒྱ་ནག་ནང་དང་ལྷག་པར་པེ་ཅིང་དང་འབྲེལ་བ་དམ་ཟབ་ཡོད་པ་རེད་ཅེས་བརྗོད་ན་ཆོག དོན་དངོས་ཐོག་རིག་གནས་གསར་བརྗེའི་སྐབས་པེ་ཅིང་ནས་གང་བརྗོད་པ་དེ་བོད་ནས་དེ་རང་ལབ་ཀྱི་ཡོད་པ་དང༌། པེ་ཅིང་ནས་གང་བྱས་པ་དེ་བོད་ནས་དེ་རང་བྱེད་ཀྱི་ཡོད་པ་རེད།

སྤྱི་ལོ་༢༠༠༡ལོའི་དབྱར་ཁར་དེ་སྔོན་ཕོ་བྲང་པོ་ཏཱ་ལར་རྩེ་དགུ་གཏོར་གྱི་གར་འཆམ་སྐྱོན་ས་དང༌། ཡང་དེང་སང་ས་ཕྱོགས་ཁག་ནས་ཕེབས་མཁན་གྱི་ཡུལ་སྐོར་བ་འཁོར་སའི་བདེ་ཡངས་ཤར་ལ་འགྱུར་བ་ཕྱིན་ཡོད། ཕོ་བྲང་པོ་ཏཱ་ལའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཉམས་ཞིབ་པ་ཟླ་བ་ཚེ་རིང་(སྤྱི་ལོ་༢༠༠༢ལོའི་དབྱར་དུས་སུ་ནད་གཞིའི་དབང་གིས་ཚེ་ལས་འདས། སྐབས་དེ་དུས་ལོ་གྲངས་༥༧ཡིན་པ་རེད། སྤྱི་ལོ་༡༩༦༤ལོར་རྒྱ་ནག་གི་ཆིང་ཧྭ་གཙུག་ལག་སློབ་གྲྭའི་ཞིབ་ཐོན་འཇལ་ཆས་ཚན་པའི་ནང་སློབ་ཞུགས་བྱས་ནས་སྤྱི་ལོ་༡༩༧༠ལོར་སློབ་གྲྭ་ཐོན།)ནས་འདི་ལྟར་ཕྱོགས་བསྡོམས་གནང་གི་འདུག རྒྱ་ནག་གི་ཆེས་མཐོའི་སློབ་གྲྭའི་ནང་སློབ་སྦྱོང་བྱ་མྱོང་མཁན་སྔ་ཤོས་ཀྱི་བོད་མི་ཁོང་གི་ངོས་ནས་བཤད་ན། སྐད་ཆ་དུམ་བུ་འདི་ཏག་ཏག་ཁོང་གིས་དམིགས་བསལ་གྱི་རྒྱལ་རབས་ལོ་རྒྱུས་ཀྱི་དུས་ཚོད་འདིར་དཔང་རྟགས་བྱས་པ་ཞིག་ཆགས་ཡོད། སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པའི་ཟླ་སྟོད་ལ། གྱེན་ལོག་གི་བསམ་པས་ཁེངས་པའི་དམར་སྲུང་དམག་སྒྲིག་འཛུགས་བྱས་ནས་ཐོག་མར་རྒྱ་ནག་གི་ཆིང་ཧྭ་གཙུག་ལག་སློབ་གྲྭའི་ནང་གསར་དུ་ཐོན་པ་དང་མུ་མཐུད་གང་སར་ཁྱབ་གདལ་ལ་ཕྱིན་པའི་གནས་ཚུལ་འདི་ཡར་ལངས་ཞིང་བྲན་གྱི་བུ་ཕྲུག་དེས་དངོས་སུ་རྟོགས་མྱོང་ཡོད། སྐབས་དེ་དུས་ཤུགས་ཆེའི་འབོད་སྐུལ་དང་ཡང་ན་སྐུལ་སློང་འོག་ཁོང་དང་ཁོང་ལས་ལོ་རིམ་གཅིག་གི་དམའ་བ་ཡོད་པའི་ངག་དབང་ཚེ་རིང་གཉིས་གསར་བརྗེའི་སྤྲོ་སེམས་ཀྱི་ཁེངས་ནས་ལྷ་སར་ཕྱིར་ལོག་བྱས་ཡོད།

img-caption fright

འདི་ནི་ལྷ་སའི་དམར་སྲུང་དམག་གི་དཔུང་རྟགས་ཡིན་ཞིང་། འདི་ཚེ་ལས་འདས་པའི་བོད་པའི་དམར་སྲུང་དམག་བུ་མོ་ཞིག་ནས་དེ་སྔོན་བཏགས་མྱོང་ཡོད་པ་དང་ད་ཆ་ཁོང་གི་བཟའ་ཟླས་ཉར་ཚགས་གནང་བཞིན་ཡོད། དེ་སྔ་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་ཅིག་གིས་དམར་སྲུང་དམག་གི་དཔུང་རྟགས་དེ་རིགས་བཟོས་པའི་བརྒྱུད་རིམ་འགྲེལ་བཤད་གནང་བར། སྔོན་ལ་ལྕགས་ཤོག་སྟེང་ཡི་གེ་བརྐོས་པ་དང་དེ་ནས་བཀྲག་རྩི་བཏང་བ་འདི་རས་དམར་པོའི་ཐོག་བྱུག་པའི་རྗེས་སྨན་ཁང་ནང་བེད་སྤྱོད་བྱེད་པའི་རླང་བཀག་བཏང་ཡག་གི་ཁྲོའི་ནང་ཁྱུག་ཙམ་རླང་བཀག་བཏང་བ་ཡིན་ན་ཚོན་མདོག་ཞུད་ཀྱི་མེད་པ་རེད་ལ། བཀྲག་རྩིས་པར་རྒྱབ་པ་དང་ཕར་ཆིན་རྒྱབ་པའི་དཔུང་རྟགས་ཀྱང་ཡོད་པ་རེད།

སྐབས་དེ་དུས་ཀྱི་བོད་ནི་སྔ་ས་ནས་རིག་གནས་གསར་བརྗེའི་མེ་ལྕེ་འབར་བཞིན་པའི་སྐབས་ཡིན་པ་རེད། སྤྱི་ལོ་༡༩༥༠ལོའི་མའོ་ཀྲུའི་ཞིས་མི་སྣ་མངག་གཏོང་གནང་བ་ཟེར་བ་དང་གསེར་གྱི་དར་དཔྱང་གཅིག་ཟེར་བ་ནས་པེ་ཅིང་དང་ལྷ་ས་འབྲེལ་མཐུད་བྱས་ཟེར་བའི་གླུ་གཞས་འདི་རིག་གནས་གསར་བརྗེའི་སྐབས་བོད་ཡོངས་ལ་བཏང་བ་མ་ཟད་རྒྱ་ནག་རྒྱལ་ཡོངས་ལའང་དར་ཁྱབ་ཆེན་པོ་ཕྱིན་ཡོད་པའི་ཐོག་ད་ལྟ་ཡང་མི་ཉམས་པར་དར་ཁྱབ་འགྲོ་བཞིན་ཡོད་པའི་གསར་བརྗེའི་གླུ་གཞས་ཀྱིས་དུས་རབས་ཕྱེད་ཀ་ཙམ་རིང་པེ་ཅིང་དང་བོད་ཀྱི་དམིགས་བསལ་འབྲེལ་བ་འདི་གཞས་ཚིག་དེ་ཚོའི་ཐོག་ནས་འགྲེལ་བརྗོད་གསལ་པོ་ཞིག་བྱས་ཡོད། ཟླ་བ་ཚེ་རིང་དང་ངག་དབང་ཚེ་རིང་ནས་ཁོང་གཉིས་སློབ་སྦྱོང་བྱེད་མྱོང་ཡོད་པའི་ལྷ་ས་སློབ་འབྲིང་ལ་སྐུལ་སློང་གཏམ་བཤད་སྤེལ་སྐབས་སློབ་གྲྭའི་ནང་དགེ་རྒན་ནས་སློབ་ཕྲུག་བར་ཚང་མས་དཔུང་པར་དམར་སྲུང་དམག་གི་དཔུང་རྟགས་བཏགས་ཡོད་པ་མཐོང་ཡོད།

ཟླ་༨ཚེས་༡༩ཉིན་མའོ་ཙེ་ཏུང་གིས་རྒྱ་ནག་གི་ས་ཕྱོགས་ཁག་ནས་ཡོང་བའི་དམར་སྲུང་དམག་ཁྲི་ཚོ་མང་པོར་ཐུག་འཕྲད་བྱས་པའི་རྗེས་པེ་ཅིང་དུ་འཛམ་གླིང་རྙིང་པ་གཏོར་དགོས་ཟེར་བའི་འབོད་ཚིག་འོག་རྙིང་གཏོར་བཞི་ཟེར་བའི་ལས་འགུལ་གྱི་མཐོ་རླབས་འཕྱུར་བ་རེད། གུང་ཁྲན་ཚོགས་པའི་མགྲིན་པ་ཆེ་ཤོས་གཉིས་ཏེ་ཀྲུང་དབྱང་(དབུས་)མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་<<མི་དམངས་ཉིན་རེའི་ཚགས་པར།>>གཉིས་ནས་རྒྱལ་ཡོངས་མི་དམངས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་བྱས་ཡོད་པ་དེར་ལྷ་ས་ནས་ཧུར་བརྩོན་ཆེན་པོས་བརྡ་ལན་སློག་ཡོད། སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༦ནས་ཟླ་༨ཚེས་༣༡བར་གྱི་<<བོད་ལྗོངས་ཉིན་རེའི་ཚགས་པར།>>ལ་ལྟ་སྐབས་ཉིན་དྲུག་བསྟུད་མར་པར་ངོས་དང་པོའི་ཐོག་འགོ་བརྗོད་ཚང་མ་མངོན་གསལ་དོད་པོར་བཏོན་ནས་གཤམ་གསལ་གྱི་དོན་དངོས་ཁག་བཀོད་ཡོད་པ་སྟེ།

ཟླ་༨ཚེས་༢༦ཉིན། ལྷ་སའི་དམར་སྲུང་དམག་ནས་ལྕགས་ཀྱི་ཕྱགས་མ་མཐོན་པོར་བསྒྲེངས་ཏེ་འཛམ་གླིང་རྙིང་པ་ཡུག་ཕྱགས་བྱས་པ།

ཟླ་༨ཚེས་༢༧ཉིན། ལྷ་སའི་དམར་སྲུང་དམག་ནས་འཛམ་གླིང་རྙིང་པར་ཤུགས་དྲག་ཆེན་པོས་ཕར་རྒོལ་བྱས་པ།

ཟླ་༨ཚེས་༢༨ཉིན། ལྷ་སའི་དམར་སྲུང་དམག་ནས་ཤིང་རུལ་གཅོད་པ་དང་རྩྭ་སྐམ་རྔ་བ་ལྟ་བུས་རྙིང་པ་བཞི་གཙང་འཕྱག་བྱས་པ།

ཟླ་༨ཚེས་༢༩ཉིན། རྙིང་གཏོར་གསར་འཛུགས་ཀྱི་གསར་བརྗེའི་རླུང་དམར་འདི་བཞིན་ལྷ་ས་གྲོང་ཁྱེར་ཡོངས་སུ་ཁྱབ་ཡོད།

ཟླ་༨ཚེས་༣༠ཉིན། ལྷ་ས་གྲོང་ཁྱེར་གྱི་དམར་སྲུང་དམག་ནས་གནས་ཚུལ་འདི་ཐོས་པ་ཙམ་གྱིས་བྱ་སྤྱོད་སྤེལ་ནས་འཐབ་རྩོད་ནང་གོམ་གང་མདུན་སྤོས་ཀྱིས་བཅིངས་འགྲོལ་དམག་ལ་སློབ་སྦྱོང་བྱེད་རྒྱུའི་སེམས་ཐག་བཅད་པ།

ཟླ་༨ཚེས་༣༡ཉིན། ལྷ་ས་གྲོང་ཁྱེར་གྱི་དམར་སྲུང་དམག་ནས་རྙིང་གཏོར་གསར་འཛུགས་ཀྱི་དྲིལ་བསྒྲགས་འདི་གྲོང་མིའི་ཁྱིམ་ཚང་དུ་གཏིང་ཟབ་སྤེལ་བ།

གནས་ཚུལ་སྤེལ་བ་དེ་དག་གི་འགོ་བརྗོད་ཁོ་ན་ཙམ་ནས་ང་ཚོའི་མིག་མདུན་བོད་ཀྱི་རིག་གནས་གསར་བརྗེ་འདི་བཞིན་འགོ་འཛུགས་བྱེད་དུས་ནས་བརྗིད་ཉམས་གང་ཙམ་ཡོད་པའི་གཞི་རྒྱ་ཆེན་པོའི་པར་རིས་ཤིག་མངོན་པར་བྱེད་ཀྱི་ཡོད། ལྕགས་ཀྱི་ཕྱགས་མ་ཟེར་བ་འདི་ག་རེ་རེད་དམ། འཛམ་གླིང་རྙིང་པ་གཙང་འཕྱག་ཟེར་བ་འདི་ག་རེ་རེད་དམ། ཡང་ཤིང་རུལ་གཅོད་པ་དང་རྩྭ་སྐམ་རྔ་བ་ལྟ་བུས་རྙིང་པ་བཞི་གཙང་འཕྱག་བྱས་པ་ཟེར་བ་འདི་ག་རེ་རེད་དམ། རྒྱུན་ལྡན་མ་ཡིན་པའི་ཛ་དྲག་གི་ཆབ་སྲིད་ཅན་དང་དམག་དོན་ཅན་གྱི་བསྟུད་མར་ཐོན་པའི་བྱ་སྤྱོད་འདི་རྩོམ་རིག་ཅན་གྱི་བརྗོད་ཚིག་གིས་ཚབ་བྱས་ཡོད། གལ་སྲིད་རང་ཉིད་དངོས་སུ་ལས་འགུལ་འདིའི་ནང་ཞུགས་མྱོང་ཡོད་ན་མ་གཏོགས་ལོ་ངོ་སྟོང་ཕྲག་མང་པོའི་རིང་འཇམ་ཐིང་ངང་གནས་པའི་གངས་ལྗོངས་ཆོས་ལྡན་གྱི་ཞིང་ཁམས་འདིར་འཇིགས་སྐུལ་སྨྱོ་སྤྱོད་ཀྱིས་ཡང་ནས་ཡང་དུ་རྫོགས་རྒྱུ་མེད་པར་ཁྱོན་ཡོངས་ལ་ཁྱབ་ཅིང་རླུང་འཚུབ་ཁྲག་གི་ཆར་པས་ཁེངས་པའི་མི་ཡུལ་གྱི་སྐྱོ་གནས་ཀྱི་འཁྲབ་ཚན་གཅིག་རྗེས་གཉིས་མཐུད་ངང་ཡོང་མྱོང་བ་སུ་ཞིག་གི་བློ་ཡུལ་ལ་འཆར་སྲིད་ཀྱི་རེད་དམ།