གསེར་བརྗེ་སླེབས་ལ་ཉེ་བ།

༄༅། མའོ་ཙེ་ཏུང་གི་བསམ་བློ་གཏོང་སྟངས་བཞིན། མ་གཏོར་ན་འཛུགས་མི་ཐུབ་པ་དང་རྙིང་པ་གཏོར་བ་ཡིན་ན་གསར་པ་གཞི་ནས་འཛུགས་ཐུབ་ཅེས་བརྗོད་ནས་རྙིང་པ་བཞི་གཏོར་རྒྱུ་དང་གསར་པ་བཞི་བཙུགས་ཡག་འདི་བྱུང་ཡོད། རྙིང་པ་བཞི་ཟེར་བ་འདི་བསམ་བློ་རྙིང་པ་དང་རིག་གནས་རྙིང་པ། ཡུལ་སྲོལ་རྙིང་པ། གོམས་གཤིས་རྙིང་པ་བཅས་དང་། གསར་པ་བཞི་ཟེར་བ་དེ་ལས་ཏག་ཏག་ལྡོག་པ་གུང་ཁྲན་ཚོགས་པས་ཚང་མའི་ཚབ་བྱེད་ཀྱི་ཡོད་པ་འདི་མངོན་གྱི་ཡོད། རྒྱ་ནག་གུང་ཁྲན་ཚོགས་པས་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་ནས་བཅིངས་འགྲོལ་ཟེར་བ་བཏང་སྟེ་ལོ་ངོ་བཅུ་བདུན་ལས་ཕྱིན་མེད་པའི་བོད་འདིར་རྙིང་པ་བཞི་གཏོར་དགོས་ན་ནུས་ཤུགས་གང་ཙམ་བཏོན་ནས་ཆེ་གཏོར་དམིགས་གཏོར་མ་བྱས་ན་འོད་སྟོང་འཕྲོ་བའི་བོད་གསར་པ་ཞིག་གང་ནས་ཡོང་སྲིད། དེར་བརྟེན་བོད་ས་ཡོངས་ཀྱི་ལྟེ་གནས་སུ་གྱུར་པའི་ལྷ་སར་ཆ་མཚོན་ན། གཅིག་ནས་དགོན་སྡེས་མཚོན་པར་བྱེད་པའི་སྲོལ་རྒྱུན་རིག་གནས་ལ་གཏོར་བཤིག་གཏོང་རྒྱུ། དེའི་ནང་ནས་དང་ཐོག་གཏོར་བཤིག་བཏང་ཡག་འདི་བོད་ཀྱི་ནང་ཆོས་ཀྱི་བླ་སྲོག་ཏུ་གྱུར་པའི་ལྷ་ལྡན་གཙུག་ལག་ཁང་འདི་ཆགས་ཡོད། གཉིས་ནས་ལྷ་འདྲེ་གདོན་བགེགས་ཟེར་བར་དགག་པ་འཐབ་འཛིང་བྱེད་རྒྱུ་འདི་ཡིན་ཞིང་། དེ་མང་ཆེ་བ་ནི་བོད་རྙིང་པའི་ནང་གི་ཆེས་མུན་ནག་དང་ཆེས་ཀླ་ཀློ། ཆེས་གདུག་རྩུབ་ཀྱི་མངའ་བདག་ཆེན་པོ་གསུམ་གྱི་ཚབ་བྱེད་ཀྱི་ཡོད། འདི་ནི་རྒྱ་ནག་གུང་ཁྲན་གཞུང་གིས་སྲོལ་རྒྱུན་གྱི་བོད་གཞུང་དང་དགོན་སྡེ། གཞིས་ཀའི་བདག་པོ་ཚོར་བེད་སྤྱོད་བྱེད་པའི་ཆེད་གཉེར་མིང་ཚིག་ཡིན་པ་རེད། དེའི་ནང་དེ་སྔོན་རྒྱ་ནག་གུང་ཁྲན་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་བཟོས་པའི་རྒྱལ་གཅེས་ཀྱི་མཐོ་རིམ་མི་སྣ་གང་ཙམ་ཞིག་ཚུད་ཡོད་པས་རྒྱལ་རབས་ལོ་རྒྱུས་ཐོག་དེ་སྔ་བྱུང་མྱོང་མེད་པའི་ལས་འགུལ་འདིའི་ནང་སྲིད་དབང་སྒེར་འཛིན་བྱེད་པའི་འོག་ནས་ཐར་ཐབས་བྱུང་མེད་པ་རེད།།

རིག་གནས་གསར་བརྗེ་ཆེན་པོ་འདི་བཞིན་མ་སླེབས་གོང་ཙམ་གྱི་ལྷ་ས་ནི་ཕར་བལྟས་ན་དུས་བདེ་ཞི་འཇགས་སུ་གནས་ཡོད་པ་ཞིག་འདུག དེ་སྔ་རྒྱ་ཆེ་བའི་སྤང་ལྗོངས་དང་གླིང་ཀ། འདམ་གཞོང་སོགས་ཀྱི་སྟེང་དམག་སྒར་འདྲ་བའི་ལྕགས་ཤོག་གི་ཁང་པ་སྟར་པ་སྒྲིག་ནས་རྒྱབ་ཡོད་པ་འདི་རྣམས་ནི་གཞུང་གསར་པའི་གཞུང་ལས་བྱེད་ཡུལ་དང་ལས་ཤག་རེད། སྤྱི་ལོ་༡༩༦༥ལོའི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་སའི་གྲོང་ཁྱེར་ནང་མི་དམངས་ལམ་གཙོ་བོར་བྱས་པའི་ཅུང་གཞི་ཁྱོན་ཆེ་བའི་ཁང་པ་༢༥གསར་བཞེངས་བྱས་ནས་གྲོང་ཁྱེར་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་པ་རེད་འདུག

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་བཅུའི་ནང་གི་ལྷ་སར་གནའ་བོའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྣམ་པ་འདི་ད་ལྟ་མཐོང་རྒྱུ་མེད་པར་འགྱུར་བཞིན་ཡོད་པས་དེ་ཡང་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཕོ་བྲང་པོ་ཏཱ་ལ་ནི་འགྱུར་ལྡོག་ཆེན་པོ་དེའི་དཔང་པོ་ཞིག་ཆགས་ཡོད།

འདི་ནི་ལྷ་ལྡན་གཙུག་ལག་ཁང་ཡིན་པ་དང༌། ༧གོང་ས་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་མཆོག་གིས་བོད་ས་ཡོངས་ནང་ནས་རྩ་ཆེ་ཤོས་ཀྱི་ལྷ་ཁང་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད། སྤྱི་ལོ་༡༩༦༤ལོའི་ཟླ་༢ཚེས་༡༩ནས་ཚེས་༢༩བར་ཏག་ཏག་བོད་པའི་ལོ་གསར་ཡིན་པས་བོད་ཀྱི་སྲོལ་རྒྱུན་བཞིན་འདིར་ལོ་རེའི་སྨོན་ལམ་ཆེན་མོ་ཚུགས་ཀྱི་ཡོད། ཡིན་ནའི་གཙུག་ལག་ཁང་གི་དབུ་རྩེར་བཙུགས་པའི་སྐར་ལྔའི་དར་དམར་དང་གྱང་སྟེང་གི་སྦྱར་ཡིག་འདིའི་ཐོག་ནས་ད་ལྟ་དང་སྔོན་མ་བསྡུར་ཐབས་མེད་པ་གསལ་པོ་མངོན་ཐུབ།

གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་སྨོན་ལམ་ཚོགས་ཆེན་རིང་ཀྲུང་དབྱང་(དབུས་)མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྲང་ཅིང་ཝུའུ་དང་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་ཚབ་འགན་འཛིན་ཨུ་ཡོན་པན་ཆེན་ཨེར་ཏི་ནི་མཆོག་ནས་ཆེད་མངགས་འཐུས་མི་མངག་གཏོང་གནང་ཏེ་སྨོན་ལམ་ཆེན་མོར་སྐུ་འགྱེས་གནང་ཡོད་པ་རེད་ཅེས་འདུག ལོ་ཕྱེད་སོང་བའི་རྗེས་ཀུན་གཟིགས་པན་ཆེན་སྐུ་འཕྲེང་བཅུ་པ་མཆོག་ནས་རྒྱ་ནག་གུང་ཁྲན་གཞུང་གི་ཐལ་དྲགས་པའི་སྲིད་ཇུས་ལ་ཐད་ཀར་སྐྱོན་བརྗོད་གནང་བའི་རྐྱེན་གྱིས་བོད་ཀྱི་ལོག་སྤྱོད་ཀྱི་ཞིང་བྲན་བདག་པོ་ཆེ་ཤོས་ཀྱི་གྲས་ལ་རྩིས་ནས་སྐྱོན་བརྗོད་འཐབ་འཛིང་ཕོག་པ་དང་དབུ་གནས་ཁག་མེད་པ་བཟོས་ཡོད་པ་རེད། ལོ་རྗེས་མའི་སྨོན་ལམ་ཆེན་མོ་ཡང་མེད་པ་བཟོས་ཏེ་སྤྱི་ལོ་༡༩༨༦ལོར་གཞི་ནས་བསྐྱར་གསོ་བྱུང་ཡོད་ན་ཡང་ལོ་གསུམ་གྱི་རྗེས་བསྐྱར་དུ་བཀག་སྡོམ་གྱིས་ད་ལྟ་བར་བསྐྱར་གསོ་ཐུབ་མེད།

སྤྱི་ལོ་༡༩༦༤ལོའི་སྨོན་ལམ་ཆེན་མོ། བོད་མི་ཚོ་ས་ཕྱོགས་གང་ས་ནས་ལྷ་ལྡན་གཙུག་ལག་ཁང་ལ་ཆོས་མཇལ་དུ་ཡོང་བ།

སྤྱི་ལོ་༡༩༦༤ལོའི་སྨོན་ལམ་ཆེན་མོ། སྲོལ་རྒྱུན་གཞིར་བཟུང་བྱས་ན། ལྷ་སར་ཡོད་པའི་དགོན་སྡེ་ཆེ་ཆུང་ཁག་གི་དགེ་འདུན་པ་ཁྲི་ཕྲག་འདུ་འཛོམས་ཀྱིས་གཙུག་ལག་ཁང་ལ་ཉིན་མང་པོའི་རིང་སྨོན་ལམ་ཚོགས་སྲོལ་ཡོད་པ་ཡིན་རུང༌། ཐེངས་འདིའི་སྨོན་ལམ་གྱི་གཞི་ཁྱོན་ཧ་ཅང་ཆུང་རུ་བཏང་ཡོད། དེ་ཡང་སྤྱི་ལོ་༡༩༥༩ལོའི་ཟླ་གསུམ་པའི་ནང་རྒྱ་ནག་གུང་ཁྲན་གཞུང་ལ་ངོ་རྒོལ་གྱི་ལྷ་སའི་དོན་རྐྱེན་(རྒྱ་ནག་གཞུང་ཕྱོགས་ནས་དོན་རྐྱེན་འདིར་བོད་ཀྱི་གསར་བརྗེར་ངོ་རྒོལ་གྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཅེས་འབོད་ཀྱི་ཡོད།)བྱུང་བའི་རྗེས་བོད་ནང་ཡོད་པའི་གྲ་བཙུན་ཁྲི་བཅུ་ལྷག་ཙམ་ནང་ནས་ད་ཆ་དགོན་པའི་ནང་བཞུགས་མཁན་གྲ་བཙུན་སྟོང་ཕྲག་ཁ་ཤས་ལས་ལྷག་མེད། འདྲ་པར་འདིའི་ནང་ནས་ཤེས་གསལ་ལ། གཙུག་ལག་ཁང་གི་ཐོག་བརྩེགས་གཉིས་པའི་ཁྱམས་རྭའི་སྟེང་མི་ཚོགས་ཁེངས་ནས་ཡོད་པ་འདི་དེ་སྔའི་དགེ་འདུན་པ་ཚོ་མ་ཡིན་པར་ཕོ་མོ་རྒན་གཞོན་གྱི་མི་སེར་དཀྱུས་མ་ཚོ་ཡིན་པ་རེད།

བསམ་བློ་གཏོང་དགོས་པ་ཞིག་ལ། གཙུག་ལག་ཁང་གི་མཐའ་སྐོར་དུ་མངོན་གསལ་དོད་པོའི་ཆབ་སྲིད་ཀྱི་སྦྱར་ཡིག་སྣ་ཚོགས་ཀྱིས་ཁེངས་ནས་ཡོད་པ་རེད། དེ་སྔ་སྨོན་ལམ་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་གདན་འཇག་སའི་ཉི་འོད་གཟིམ་ཆུང་སྟེང་བསྐྱལ་པའི་སྦྱར་ཡིག་ཐོག་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བྲིས་པའི་ཆབ་སྲིད་ཨང་དང་པོར་འཇོག་རྒྱུ་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་མུ་མཐུད་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད། འདི་ནི་གོ་བ་ཧ་ཅང་ལེན་དཀའ་བའི་བཙན་དབང་པའི་བཀའ་རྒྱ་ཞིག་ཡིན།

སྤྱི་ལོ་༡༩༦༤ལོའི་སྨོན་ལམ་ཆེན་མོ། སྨོན་ལམ་ཆེན་མོའི་ནང་གི་ས་གནས་གལ་ཆེ་ཤོས་ཤིག་ནི་གཙུག་ལག་ཁང་གི་ལྷོ་ངོས་སུ་ཡོད་པའི་གསུང་ཆོས་རྭ་བ་འདི་ཡིན་ཞིང༌། གསུང་ཆོས་རྭ་བར་མཚན་ཉིད་རྩོད་ནས་རྒྱུགས་སྤྲོད་གནང་བ་བརྒྱུད་ནང་ཆོས་སློབ་གཉེར་གྱི་ཆེས་མཐོའི་མཚན་རྟགས་བཞེས་ཀྱི་ཡོད། འདྲ་པར་འདིའི་ནང་གཡས་ནས་མཚན་ཉིད་རྩོད་བཞིན་ཡོད་པའི་ཆོས་རྭར་པར་ལེན་མཁན་ནི་དབུས་གཞུང་གི་གསར་འགྱུར་ཟིན་ཐོའི་གློག་བརྙན་བཟོ་སྐྲུན་ཁང་གི་བོད་ལ་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་བོད་པ་པར་ལེན་མཁན་ཞིག་ཡིན་པ་རེད།

སྤྱི་ལོ་༡༩༦༥ལོའི་ཟླ་༩ཚེས་༡ཉིན་ཕོ་བྲང་པོ་ཏཱ་ལའི་ཞབས་འོག་ལ་ཡོད་པའི་བཞུགས་ཁྲི་གླིང་ཀའི་ནང་གསར་དུ་སྐྲུན་པའི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དུ་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་འདི་སྐོང་ཚོགས་བྱས་ཤིང༌། མི་སྣ་འདི་རྣམས་ནི་ཚོགས་འདུར་ཞུགས་མཁན་གྱི་འཐུས་མི་ཡིན་པ་དང་། འདིའི་ནང་བླ་སྤྲུལ་དང་བུད་མེད། མཐོ་རིམ་མི་སྣ་སོགས་ཡོད་པ་རེད། དེའི་ནང་གི་བུད་མེད་འཐུས་མི་ཁོང་ནི་ཕ་ལྷ་གཟིམ་ཤག་གི་སྲས་མོ་ཕ་ལྷ་ངག་དབང་དཔལ་མོ་ཡིན་ཞིང་། ཁོང་སྐྱིད་སྦུག་གཟིམ་ཤག་གི་མནའ་མ་རེད། ཕ་ལྷའི་སྲས་མོ་ཁོང་གིས་ཧུར་བརྩོན་ཆེན་པོས་གུང་ཁྲན་ཚོགས་པར་ཉེ་པོ་བྱས་པའི་དབང་གིས་ངོ་ལོག་པའི་ཕ་ལྷ་གཟིམ་ཤག་ནང་ནས་ཡར་ཐོན་གྱི་གསར་བརྗེ་པ་གཅིག་པུ་འདི་ཁོང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཡང་ཁོང་གི་འཁྲིས་ལ་ཡོང་མཁན་གྱི་སྐྱེས་པ་ཉམས་དོད་པོ་འདི་གཙང་ཁུལ་གྱི་སྐུ་དྲག་ཕུན་རབ་རིན་ཆེན་རེད། ཁོང་གི་རྒྱབ་དེར་རྒྱ་ཆས་གྱོན་ནས་རྡོ་སྐས་འཛེགས་མཁན་གྱི་བགྲེས་སོང་ཁོང་ནི་གཙང་ཁུལ་གྱི་སྐུ་དྲག་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཡིན་པ་ཤེས་རྟོགས་བྱུང༌། ལོ་གཅིག་གི་རྗེས་ཁོང་ཚོ་ཚང་མ་ལྷ་འདྲེ་གདོན་བགེགས་ལ་རྩིས་ནས་ཁྲོམ་སྐོར་ལ་འཁྲིད་པ་དང་འཐབ་འཛིང་ཕོག་ཡོད་པ་རེད།

དངོས་གནས་བྱས་ན་ཚོགས་འདུ་འདིའི་ཐོག་བསྐོ་བཞག་བྱས་པའི་གཙོ་འཛིན་གཞོན་པ་མང་པོ་ཞིག་རྗེས་ལ་ཚང་མ་ལྷ་འདྲེ་གདོན་བགེགས་ཆགས་ཡོད། ཐེངས་འདིའི་ཚོགས་འདུ་དང་དུས་མཚུངས་སྐོང་ཚོགས་བྱས་པའི་བོད་ཀྱི་སྐབས་གཉིས་པའི་ཆབ་སྲིད་གྲོས་ཚོགས་ཐོག་གི་གཙོ་འཛིན་གཞོན་པ་འགའ་ཤས་ཀྱང་རྗེས་ལ་ལྷ་འདྲེ་གདོན་འགེགས་ཆགས་ཡོད་ལ། ཁོང་ཚོ་མང་ཆེ་བ་པར་དེབ་འདིའི་ནང་འཐབ་འཛིང་ཕོག་ཡུལ་གྱི་ལྷ་འདྲེ་གདོན་བགེགས་ཟེར་བའི་འདྲ་པར་འདི་ཚོའི་ནང་ཡོད་པ་རེད།

འདྲ་པར་འདིའི་རྒྱབ་ལྗོངས་ནི་ཕོ་བྲང་པོ་ཏཱ་ལ་ཡིན་ཞིང༌། ལྕང་མའི་འོག་བཟོ་ལྟ་མི་འདྲ་བའི་མོ་ཀྲ་ཁ་ཤས་བཀག་ནས་བཞག་འདུག། སྐབས་དེ་དུས་ཀྱི་ལྷ་ས་ནི་ལྟ་དུས་ཡངས་ཤིང་རྒྱ་ཆེ་ལ་འོད་མདངས་བཀྲ་བ། ཁ་ཁུ་སིམ་བུ་ཞིག་མཐོང་གི་ཡོད་པ་ཡིན་རུང་དོན་དངོས་ཐོག་སྐབས་དེ་དུས་དྲག་ཆར་རླུང་འཚུབ་སླེབས་ལ་ཉེ་བ་ཡིན་པ་རེད།

དགེ་འདུན་པའི་སེར་སྦྲེང་གི་མདུན་ངོས་སུ་ཕེབས་མཁན་གྱི་སྐུ་ཞབས་གཉིས་ནས་འཕྲེད་དར་སྦྱར་ཡིག་མཐོན་པོར་སྒྲེང་བཞིན་ཡོད་པ་འདིའི་སྟེང་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་རྟེན་འབྲེལ་ཞུ་ཞེས་འཁོད་པ་འདི་ནི་སྤྱི་ལོ་༡༩༦༥ལོའི་ཟླ་༩ཚེས་༩ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་གྱི་ཚོགས་ཆེན་ཐོག་ཡིན་པ་གསལ་པོ་རེད། ཡིན་ནའི་སྐབས་དེ་དུས་ཁོང་རྣམ་པ་ཡང་ཆབ་སྲིད་ཀྱི་འཁྲབ་སྟོན་ནང་འཁྲབ་བྱའི་མི་སྣ་ཞིག་གི་དགོས་མཁོ་ཡོད་པ་ཡིན་རུང་ལོ་གཅིག་མ་འགོར་བར་རིག་གནས་གསར་བརྗེ་ཆེན་པོའི་དམར་པོའི་འཇིགས་སྐུལ་གྱི་རླུང་འཚུབ་དྲག་པོ་འདི་སླེབས་སྐབས་བོད་ས་ཡོངས་ཀྱི་དགེ་འདུན་ཚོགས་ཁག་ཚང་མ་སྲན་ཕུང་ཐོར་བ་བཞིན་རྡུང་རྡེག་ཕོག་ཡོད།

རང་སྐྱོང་ཞེས་མིང་བཏགས་པའི་སྲིད་གཞུང་གསར་པ་འདི་དབུ་བརྙེས་པ་དང༌། དགེ་འདུན་པ་རྣམས་ནས་མེ་ཏོག་འཕྱར་ཏེ་དགའ་བསུ་ཞུ་ཡི་ཡོད། དོན་དངོས་ཐོག་ཁོང་རྣམ་པ་ཡང་ལག་པའི་ནང་གི་མེ་ཏོག་བཞིན་མཛེས་རྒྱན་གྱི་ནུས་པ་ཙམ་ལས་མེད་པ་རེད། ཡིན་ནའི་རིག་གནས་གསར་བརྗེའི་སྐབས་ལ་ནུས་པ་ཆུང་ཆུང་འདི་ཡང་མེད་པ་བཟོས་ཡོད། སྤྱི་ལོ་༡༩༧༦ལོར་དང་ཐོག་བོད་རང་སྐྱོང་ལྗོངས་ནང་ཡོད་པའི་དགོན་པ་༢༧༡༣ནས་དགོན་པ་བརྒྱད་མ་གཏོགས་ལྷག་མེད་པ་འདིའི་ཐོག་ནས་ཤེས་གསལ་ལ། ད་དུང་དགེ་འདུན་པ་ག་ཚོད་དགོན་པ་ལྷག་རོའི་ནང་བཞུགས་ཐུབ་ཡོད་དམ།

ཡར་ལངས་ཞིང་བྲན་ཞེས་འབོད་བཞིན་ཡོད་པའི་བོད་མི་འདི་རྣམས་ནས་ཀྱང་མེ་ཏོག་འཕྱར་ནས་རང་སྐྱོང་ལྗོངས་དབུས་བརྙེས་པར་རྟེན་འབྲེལ་བྱེད་ཀྱི་ཡོད། ཁོང་ཚོའི་བྱེད་སྟངས་དང་རྣམ་འགྱུར་ཚང་མ་བཏང་འཛིན་འོག་ཡོད་པའི་ཤིང་གིས་བཟོས་པའི་འདྲ་གཟུགས་དང་འཕྲུལ་ཆས་ནང་བཞིན་ཡིན་པ་རེད་འདུག

གུས་མོའི་པཱ་ལགས་ནས་འདྲ་པར་དང་སྤྱིན་ཤོག་འདི་བླུགས་པའི་ཡིག་སྐོགས་སྟེང་མེས་རྒྱལ་གྱི་མེ་ཏོག་ཅེས་ཡིག་འབྲུ་ཚིག་ཁ་ཤས་ཤིག་བྲིས་འདུག འདི་ནི་སྐབས་དེ་དུས་བེད་སྤྱོད་ཆེ་བའི་སྐད་ཆ་ཞིག་ཡིན་པ་མ་ཟད། ད་དུང་ཚིག་གཅིག་ཡོད་པ་འདི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཞེས་སྐད་ཆ་དེ་རིགས་གུས་མོ་ཆུང་དུས་ནས་རྣ་བར་འཇགས་ཡོད་པས་བློ་ལ་ཡང་ངེས་ཀྱི་འདུག པར་འདིའི་ནང་གི་བུ་མོ་སྙིང་རྗེ་པོ་འདི་ད་ལྟ་ལོ་ངོ་བཞི་བཅུ་ཞེ་གྲངས་ལ་སླེབས་པའི་བུད་མེད་དར་མ་ཞིག་ཆགས་ཡོད་ཀྱི་རེད།

སྤྱི་ལོ་༡༩༦༦ལོའི་ཟླ་༥ཚེས་༡༦ཉིན་མའོ་ཙེ་ཏུང་ནས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྤེལ་དགོས་པའི་སྐུལ་བརྡ་བཏང་ཡོད་པ་དང་ཟླ་༥ཚེས་༢༨ཉིན་དེ་ནས་བཟུང་གི་དུས་ཚོད་ནང་མི་གཅིག་གི་འོག་དང་མི་དམངས་དུང་ཕྱུར་མང་པོའི་གོང་ལ་ཡོད་པའི་ཆེས་མཐོའི་དབང་འཛིན་ཚན་པ་སྟེ་དབུས་ཀྱི་རིག་གནས་གསར་བརྗེའི་ཚོགས་ཆུང་ཟེར་བ་འདི་གསར་དུ་བཙུགས་ཤིང༌། དེར་བརྟེན་ཟླ་བ་ལྔ་པའི་ཟླ་མཇུག་ལ་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་ཨུ་ཡོན་ལྷན་ཁང་ནས་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་འགོ་ཁྲིད་ཚོགས་ཆུང་ཟེར་བ་ཞིག་ལམ་སེང་གསར་བཙུགས་བྱས་ཡོད་པ་རེད། ཟླ་བ་དྲུག་པའི་ཟླ་སྟོད་ལ་པེ་ཅིང་སློབ་གྲྭ་ཆེན་མོའི་དགེ་སློབ་ནས་ཡིག་ཆེན་ཚགས་པར་ཨང་དང་པོ་འདི་སྦྱར་བའི་རྗེས་ལྷ་སར་ལས་ཁུངས་ཁག་གིས་རིམ་པས་ངག་ཐོག་ནས་དགག་པ་རྒྱག་པ་དང་ཡིག་ཐོག་ནས་སུན་འབྱིན་བྱེད་པའི་ཡིག་ཆེན་ཚགས་པར་ཕོན་ཆེ་ཞིག་སྦྱར་ཡོད། རྒྱ་ནག་གུང་ཁྲན་ཚོགས་པའི་འགོ་ཁྲིད་འོག་བཅིངས་འགྲོལ་ཟེར་བ་བཏང་བའི་བོད་འདིས་པེ་ཅིང་ལ་ལད་ཟློས་བྱེད་རྐྱང་བྱེད་ཀྱི་ཡོད་པ་མངོན་གསལ་དོད་པོས་མཐོང་ཐུབ་ཅིང༌། དུས་ཚོད་ཐོག་ནས་ཁྱད་པར་ཕྱིན་པ་འདི་བསམ་ཤེས་ཐུབ་ཀྱི་རེད། དེ་ཡང་རི་རྒྱུད་འབྲེལ་ཞིང་ཆུ་རྒྱུན་མང་བ་དང་ས་ཐག་ལེ་དབར་སྟོང་ཕྲག་གི་ཁྱད་པར་འཛོལ་པའི་དབང་གིས་ཡིན་པ་རེད།

འདྲ་པར་འདི་གཉིས་ནི་སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༡༩ཉིན་པར་ལེན་བྱས་པ་ཞིག་ཡིན་པ་དང༌། ལྷ་སར་མི་དམངས་ལྔ་ཁྲི་འདུ་འཛོམས་ཐོག་ཁྲོམ་སྐོར་བྱས་ནས་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོར་རྟེན་འབྲེལ་བྱས་པ་དང་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོ་དངོས་སུ་འགོ་བཙུགས་ཡོད་པ་རེད།

སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༡༩ཉིན་རིག་གནས་གསར་བརྗེ་ཆེན་པོའི་རྟེན་འབྲེལ་གྱི་ཚོགས་ཆེན་ཐོག་མདུན་ངོས་སུ་ལངས་ནས་ཡོད་པ་ཚོ་ནི་བོད་ལྗོངས་དགེ་འོས་སློབ་གྲྭ་དང་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་ཡིན་པ་རེད། འདི་ནི་ལྷ་སའི་དམར་སྲུང་དམག་ཐོག་མ་འདི་ཡིན་ཞིང༌། ཐོག་མར་ཁྲོམ་གཞུང་ཐོག་སྐྱོད་ནས་རྙིང་པ་བཞི་ཟེར་བ་གཏོར་མཁན་ཡང་འདི་རྣམས་ཡིན་པ་རེད།

རིག་གནས་གསར་བརྗེ་ཆེན་པོའི་རྟེན་འབྲེལ་གྱི་ཚོགས་ཆེན་ཐོག་བོད་ལྗོངས་དགེ་འོས་སློབ་གྲྭའི་བོད་པའི་དམར་སྲུང་དམག་ཅིག་ནས་སྡིངས་ཆའི་སྟེང་རྒྱུགས་ཏེ་རྒྱ་ནག་གཞུང་གིས་བོད་ལ་མངག་གཏོང་བྱས་པའི་བོད་ཀྱི་འགོ་ཁྲིད་ཨང་དང་པོ་ཀྲང་གོའོ་ཧྭ་(སྐབས་དེ་དུས་བོད་ལྗོངས་དམག་ཁུལ་ཁང་གི་དམག་སྤྱི་དང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དང་པོ་འདི་ཡིན།)ལ་དམར་སྲུང་དམག་གི་དཔུང་རྟགས་བཏགས་ཀྱི་ཡོད། ཡིན་ནའི་དེ་ནི་པེ་ཅིང་གི་དམར་སྲུང་དམག་ནས་མའོ་ཙེ་ཏུང་ལ་དམར་སྲུང་དམག་གི་དཔུང་རྟགས་བཏགས་པ་འདིར་ལད་ཟློས་བྱས་པ་ཞིག་ཡིན་ན་ཡང་ཀྲང་གོའོ་ཧྭ་བོད་ཀྱི་མའོ་ཙེ་ཏུང་ཡིན་པས་ཁྱབ་ཀྱི་མེད། དུས་ཚོད་རིང་པོ་མ་སོང་བར་ཀྲང་བོད་ཀྱི་ཡུལ་གྱི་གོང་མ་དང་མ་རྩའི་རིང་ལུགས་ཀྱི་ལམ་དུ་འགྲོ་མཁན་དབང་འཛིན་པ་ཆེ་ཤོས་ལ་ངོས་འཛིན་བྱས་ཡོད་ལ། རང་ལུས་དུམ་བུར་བཏུབ་པར་མ་འཛེམ་ན། གོང་མ་རྟ་ཡི་སྟེང་ནས་འབེབ་པ་ཕོད་ཟེར་བའི་སློབ་ཕྲུག་དམར་སྲུང་དམག་གིས་གྱེན་ལོག་བྱས་ཡོད་པ་རེད།

ཆོད་སེམས་ཡི་གེ་བྲིས་ཡག་དེ་རིག་གནས་གསར་བརྗེའི་སྐབས་ཀྱི་དར་སྲོལ་ཞིག་ཡིན་པ་དང་ཆོད་སེམས་ཡི་གེ་ག་ཚོད་ཀྱིས་ཆེ་བ་ཡོད་ནའི་དེ་རྩིས་ཀྱིས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ནང་ཞུགས་པའི་བརྩེ་སེམས་འདི་དེ་བས་ཆེ་བ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

མའོ་ཀྲུའུ་ཞིས་མི་སྣ་མངག་གཏོང་གནང༌། གངས་རིས་མགོ་གཡུགས་ནས་དགའ་དགོད་བྱེད། འཇའ་མཚོན་སྤྲིན་གྱིས་ལམ་སྣེ་ཕྱེས། དར་དཔྱང་གསེར་པོ་ཞིག་གིས་པེ་ཅིང་དང་ལྷ་སའི་དབར་འབྲེལ་མཐུད་བྱས། ང་ཚོས་གསེར་སྒ་བརྒྱབ་ནས་ནོར་རྟ་བཞོན། ཁ་བཏགས་ལུས་ལ་འཁྱེར་ནས་པེ་ཅིང་ལ་བསྐྱོད་དེ་མའོ་ཀྲུའུ་ཞི་ལ་ཕུལ།

འདྲ་པར་འདིའི་ཐོག་གྲང་ལིའུ་ཀྲུ་ཟེར་བའི་རྒྱ་མི་འདིས་བོད་ཆས་སྤྲས་ནས་བོད་པ་ཡིན་ཁུལ་གྱིས་ལྷ་སའི་རིག་གནས་གསར་བརྗེ་ཆེན་པོའི་རྟེན་འབྲེལ་གྱི་ཚོགས་ཆེན་ཐོག་བོད་མི་དམངས་ཀྱི་འཐུས་མི་བྱས་ཏེ་སྐད་གསང་མཐོན་པོས་གླུ་གཞས་གཏོང་བཞིན་ཡོད། ཡིན་ནའི་གཞས་འདིའི་གདངས་ནི་དང་ཐོག་བོད་ཀྱི་དམངས་ཁྲོད་ལ་དར་བའི་གསར་བརྗེའི་གླུ་གཞས་ཞིག་ཡིན་པ་དང་ཚིག་རྩོམ་མཁན་ནི་བོད་པ་མ་རེད།

ཁུ་ཚུར་བསྒྲེངས་ནས་གཡུགས་སྟངས་བྱེད་པ་དེ་ནི་རྟག་ཏུ་ཆབ་སྲིད་ཀྱི་འབོད་ཚིག་ཀྱང་མཉམ་དུ་སྒྲོག་གི་ཡོད་པ་འདི་གསར་བརྗེའི་བྱ་སྤྱོད་ཀྱི་མཚོན་རྟགས་གྲས་ཤིག་དང་སྤྱི་ཚོགས་གསར་པ་ཟེར་བར་གོམ་པ་སྤོ་མཁན་གྱི་བོད་མིས་རྒྱུས་མངའ་ཡོད་པ་བཞིན་བྱེད་ཀྱི་ཡོད། བོད་མི་འདི་ནི་ཡར་ལངས་ཞིང་བྲན་ཟེར་བའི་འཐུས་མི་ཡིན་པ་གསལ་པོ་རེད་འདུག

དམག་ཆས་ཀྱི་བཟོ་ལྟའི་རྒྱ་ཆས་སྤྲས་ཡག་འདི་སྐབས་དེ་དུས་རྒྱ་ནག་རྒྱལ་ཡོངས་ཀྱི་དམར་སྲུང་དམག་ནང་དར་སྲོལ་ཞིག་ཆགས་ཡོད་པས་བོད་ཀྱི་དམར་སྲུང་དམག་ཀྱང་དེ་ལྟར་ཡིན་པ་མ་ཟད། བོད་པའི་བུ་མོ་ཚོས་སྐྲ་རིང་པོ་བཞག་པའི་གོམས་སྲོལ་འདི་དོར་དགོས་བྱུང་ནས་ཨམ་ཅོག་དང་མཉམ་པའི་སྐྲ་ཐུང་ཐུང་བཟོས་ཡོད་པ་འདི་ཡང་གསར་བརྗེ་ཅན་ལ་འགྱུར་བའི་མཚོན་རྟགས་ཤིག་ཡིན་པ་རེད།

སྐེ་དར་འདོགས་ཤིང་<<མའོ་ཀྲུའུ་ཞིའི་གསུང་བཏུས།>>འཕྱར་འཕྱར་བྱེད་མཁན་གྱི་ཕྲུ་གུ་ཚོ་ནི་ལྟ་དུས་ཚང་མ་སློབ་ཆུང་གི་སློབ་ཕྲུག་ཡིན་བཟོ་འདུག ཡིན་ནའི་དམར་སྲུང་དམག་གི་དཔུང་རྟགས་ཡོད་པ་འདིའི་སྟེང་ནས་དམར་སྲུང་དམག་གི་གྲུབ་ཆ་རྒྱ་བསྐྱེད་དུ་ཕྱིན་ཡོད་པ་གསལ་པོ་རེད་བཞག

སློབ་གྲོགས་ཚོས་སྐད་གསང་མཐོན་པོས་འབོད་ཚིག་སྒྲོག་པའི་སྐབས་དེར་གཡས་ཕྱོགས་ཀྱི་བུ་ཆུང་འདི་མགོ་བོ་སྒུར་སྒུར་བྱས་ནས་རྩེད་མོ་གང་རྩེ་ཡི་ཡོད་དམ།