ལྷ་སའི་དམར་སྲུང་དམག་གིས་ལས་འགུལ་ཐེངས་དང་པོ་སྤེལ་བ།

༄༅།། འདི་ནི་སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པའི་ཟླ་མཇུག་གི་ཉིན་མོ་གཅིག་རེད། ཡིན་ནའི་དུས་ཚོད་ངེས་གཏན་ག་དུས་ཡིན་མིན་སྐབས་དེ་དུས་ཀྱི་མི་སུས་ཀྱང་དྲན་གསོས་ཀྱི་མི་འདུག ཕལ་ཆེར་གནད་འགག་ཆེན་པོ་མིན་པའི་ཉིན་མོ་ཞིག་ཡིན་པར་བརྟེན་བློ་ལ་མ་ངེས་པ་ཡིན་སྲིད། ཡང་གཅིག་བྱས་ན་སྐབས་དེ་དུས་ཉིན་ལྟར་སྔར་རྒྱུན་དང་མི་འདྲ་བར་རྙིང་གཏོར་གསར་འཛུགས་ཀྱི་དོན་སྙིིང་ལྡན་པ་དང་རྙོག་འཛིང་གི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་ངང་སྤེལ་བཞིན་ཡོད་པས་སྐབས་དེའི་ཉིན་ག་གེ་མོ་ཞིག་གིས་དྲན་འཆར་དུ་རབ་རིབ་ལས་གསལ་པོ་བརྗོད་ཡག་མེད་པར་གྱུར་བ་ཡིན་གྱི་རེད།

ཡིན་ནའི་ཉིན་མོ་དེར་བྱུང་བའི་དོན་རྐྱེན་དེས་སྐབས་དེ་དུས་དང་ཐ་ན་དུས་ད་ལྟ་ཡང་མི་ཚོར་གཡོ་འགུལ་ཆེན་པོ་ཐེབས་པ་དང༌། དེ་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་ས་ཡོམ་ཆེན་པོ་ཞིག་རྒྱབ་པ་ལྟར་བྱུང་ཡོད། སྐབས་དེ་དུས་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཡིན་པ་བཅུ་གསུམ་(གསང་མིང་)ནས་དྲན་གསོས་གནང་སྟེ་གསུངས་དོན་ལ། ལྷ་སའི་དམར་སྲུང་དམག་གིས་གསར་བརྗེའི་ལས་འགུལ་ཐེངས་དང་པོ་འདི་གཙུག་ལག་ཁང་ལ་བསྐྱོད་དེ་རྙིང་པ་བཞི་ཟེར་བ་རྩ་གཏོར་བཏང་ཡག་འདི་ཡིན་པ་རེད་ཅེས་དང༌། ཡང་ཁོང་གི་ཨ་མ་ལགས་ཀྱིས་ཉིན་མོ་དེ་རེས་གཟའ་ལྷག་པ་ཡིན་པ་ཐག་ཆོད་པོའི་ངང་ཁ་གསབ་སྐྱོན་བྱུང༌། དེའི་སྐབས་ཀྱི་རེས་གཟའ་ལྷག་པའི་ཉིན་མོ་འདི་ནི་བོད་པའི་དད་ལྡན་རྒན་མོ་ཁོང་གི་ངོས་ནས་ཞུས་ན་དམིགས་བསལ་གྱི་ཉིན་མོ་ཞིག་ཆགས་ཡོད། གང་ཡིན་ཞུས་ན། ཉིན་མོ་དེར་བླ་ན་མེད་པའི་ནང་པའི་རྩ་ཆེའི་ལྷ་ཁང་དེར་འཛེམ་བག་སྤུ་ཙམ་མེད་པར་རྩིས་མེད་རྡོག་རོལ་བཏང་བ་དང་བརྗིད་ཉམས་ལྡན་པའི་ཆོས་ཕྱོགས་ཀྱི་རིག་དངོས་རྣམས་གང་བྱུང་གིས་གཏོར་བཤིག་གཏོང་བ་བཅས་ནི་རྒན་མོ་ཁོང་གི་མི་ཚེའི་ནང་རྩ་བ་ནས་འཕྲད་མི་མྱོང་བའི་ཆག་སྒོ་ཆེན་པོ་ཞིག་ཡིན་པར་བརྟེན་ཁོང་གི་ཡིད་དུ་མ་བརྗེད་པར་བརྟན་པོར་གནས་ཡོད་པ་རེད། གལ་ཏེ་ཉིན་མོ་འདི་ཟླ་བ་བརྒྱད་པའི་ཟླ་མཇུག་གི་རེས་གཟའ་ལྷག་པ་ཡིན་ན་ཚེས་ཉི་ཤུ་བཞི་ཡིན་པ་གཏན་འཁེལ་རེད།

ལོ་ངོ་ཉི་ཤུ་ཕྱིན་པའི་རྗེས་བོད་ཀྱི་གུང་ཁྲན་ཚོགས་པའི་སློབ་གྲྭའི་དུས་དེབ་འཕར་མ་ཞིག་གྲངས་ཚད་ངེས་ཅན་ཐོག་ནས་པར་བསྐྲུན་བྱས་ཏེ་ནང་ཁུལ་ལ་འགྲེམ་སྤེལ་བྱེད་པའི་ཁ་བྱང་དུ་<<བོད་ཀྱི་དོན་ཆེན་ཕྱོགས་བསྒྲིགས་(སྤྱི་ལོ་༡༩༤༩ལོ་ནས་༡༩༨༥ལོ་བར་)>>ཟེར་བ་ཞིག་ཡོད་པ་དེའི་ནང་གནད་ཆེན་གཡོལ་ནས་གནད་ཆུང་རགས་རིམ་ཙམ་ཞིག་འཁོད་ཡོད་པ་སྟེ། ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་བཞིའི་ཉིན་ལྷ་སའི་སློབ་གྲྭ་ཁ་ཤས་ཀྱི་དམར་སྲུང་དམག་གིས་ཁྲོམ་གཞུང་ཐོག་སྐྱོད་འགོ་ཚུགས་ནས་རྙིང་པ་བཞི་རྩ་གཏོར་ཤུགས་ཆེན་བཏང་ཡོད་པ་རེད་ཅེས་འཁོད་བཞག སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ནང་ཡོངས་བསྒྲགས་འགྲེམ་སྤེལ་བྱེད་པའི་ཚགས་པ་གཅིག་རང་ཡོད་པ་<<བོད་ལྗོངས་ཉིན་རེའི་ཚགས་པར།>>ནས་དོན་རྐྱེན་དེའི་སྐོར་ལ་སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༦རེས་གཟའ་པ་སངས་ཉིན་གྱི་པར་ངོས་དང་པོའི་སྟེང་<གྱེན་ལོག་བྱེད་པར་རྒྱུ་མཚན་ཡོད། གསར་བརྗེ་ཁྲི་ལོར་བརྟན་པ་ཤོག ལྷ་སའི་དམར་སྲུང་དམག་གིས་ལྕགས་ཀྱི་འཕྱག་མ་འཁྱེར་ཏེ་འཛམ་གླིང་རྙིང་པ་གཙང་འཕྱག་བྱས་པ་>ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་དེའི་ནང་རིག་གནས་གསར་བརྗེའི་སྐབས་ཀྱི་དཔེ་མཚོན་གྱི་རྗོད་ཚིག་བེད་སྤྱོད་ཀྱིས་ལྷ་སའི་དམར་སྲུང་དམག་གིས་ཟླ་༨ཚེས་༢༤ཉིན་སྤེལ་བའི་གསར་བརྗེའི་བྱ་སྤྱོད་དེ་ལྐོག་འགྱུར་ཅན་དང་བརྩེ་དུང་ཅན་ཞིག་ཏུ་བཀོད་འགྲེལ་བྱས་པ་ལས་དོན་དངོས་ཐོག་གང་འདྲ་བྱས་ཏེ་འཛམ་གླིང་རྙིང་པ་ཟེར་བ་དེ་གཙང་འཕྱག་བྱེད་སྟངས་བྱེད་ལུགས་ཞིབ་ཕྲ་མ་བཀོད་པ་དང༌། གསར་བརྗེའི་བྱ་སྤྱོད་ཟེར་བ་སྤེལ་སའི་དམིགས་ཡུལ་གཙོ་བོ་ལྷ་ལྡན་གཙུག་ལག་ཁང་འདི་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་ནས་བོད་ལྗོངས་ཡོངས་ཀྱི་བླ་ན་མེད་པའི་ལྷ་ཁང་ལ་ངོས་འཛིན་གནང་བའི་ལྷ་ཁང་དེ་གང་འདྲ་བྱས་ནས་རྩ་གཏོར་བཏང་ལུགས་དེ་བས་ཚིག་གཅིག་ཀྱང་བཀོད་མེད་པ་རེད།

fleft

ཉིན་དེར་ལྷ་སའི་ཁྲོམ་གཞུང་དུ་རྙིང་པ་བཞི་རྩ་གཏོར་གཏོང་བར་སྐྱོད་མཁན་ནི་བོད་ལྗོངས་དགེ་འོས་སློབ་གྲྭ་དང་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་རེད། སྤྱི་ལོ་༡༩༦༦ལོའི་ཟླ་བ་གསུམ་པར་གསར་དུ་དབུ་བརྙེས་པའི་བོད་ལྗོངས་དགེ་འོས་སློབ་གྲྭ་(དེ་སྔོན་ནི་སྤྱི་ལོ་༡༩༥༡ལོར་བཙུགས་པའི་བོད་ཡིག་སློབ་སྦྱོང་གི་ལས་བྱེད་སྦྱོང་རྡར་འཛིན་གྲ་ཡིན་པ་དེ་སྤྱི་ལོ་༡༩༨༥ལོར་བོད་ལྗོངས་སློབ་གྲྭ་ཆེན་མོར་མིང་བསྒྱུར་བྱས་ཡོད།)དང་སློབ་ཕྲུག་མང་ཆེ་བ་ནི་བོད་ཀྱི་ས་ཕྱོགས་ཁག་གི་ཞིང་འབྲོག་ཁུལ་ནས་ཡིན་ཞིང་། ཁོང་ཚོའི་ཤེས་བྱའི་གནས་ཚད་དམའ་པོ་ཡོད་པས་དེ་དུས་ཡིག་རྨོངས་སེལ་བའི་སྐབས་རེད་ལ། ད་དུང་འགའ་ཤས་ནི་གློ་བུར་དུ་དུས་འགྱུར་བྱུང་བའི་དབང་གིས་དགོན་པ་ནས་ཁ་བྲལ་བའི་གྲ་ལོག་ཁག་ཅིག་ཀྱང་འདིར་སློབ་སྦྱོང་བྱེད་བཅུག་ཡོད།

ལྷ་ས་སློབ་འབྲིང་ནི་སྤྱི་ལོ་༡༩༥༦ལོར་བཙུགས་པ་དང་སྐབས་ཤིག་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭའི་མཚན་འཛིན་དབུ་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་དང༌། ༧གོང་ས་མཆོག་གི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་ནས་སློབ་གྲྭའི་དབུ་འཛིན་གནང་ཡོད་ལ་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་གི་སློབ་གྲྭ་འབྲིང་བ་ཐོག་མ་དེ་ཡིན་པ་རེད། སློབ་གྲྭ་དེར་ཡོང་མཁན་གཙོ་བོ་ནི་སྐབས་དེ་དུས་ལྷ་སར་ཡོད་པའི་སློབ་ཆུང་གསུམ་གྱི་སློབ་ཕྲུག་ཤ་སྟག་རེད། སློབ་གྲྭ་དེར་སློབ་འབྲིང་དམའ་རིམ་འཛིན་གྲ་ནས་མཐོ་རིམ་འཛིན་གྲ་བར་ཡོད་ཅིང༌། དགེ་རྒན་གྱི་དཔུང་ཁག་ཡང་ཧ་ཅང་ཡག་པོ་ཡོད། བོད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་བོད་པ་ཕུད་(ཧ་ལམ་མང་ཆེ་བ་བོད་རྙིང་པའི་སྐབས་དགོན་སྡེ་ཁག་དང་སྒེར་གྱི་སློབ་གྲྭར་སྐྱོད་མྱོང་མཁན་གྱི་མཐོ་རིམ་མི་སྣ།) དེ་མིན་སློབ་ཚན་གཙོ་བོ་ཁྲིད་མཁན་གྱི་དགེ་རྒན་ཚང་མ་རྒྱ་ནག་ནང་མཐོ་རིམ་སློབ་གྲྭ་ཆེན་མོ་ཐོན་པའི་རྒྱ་མི་ཤ་སྟག་ཡིན་པ་རེད། འགའ་ཤས་ད་དུང་རྒྱ་ནག་ནང་གི་སློབ་གྲྭ་ཆེན་མོའི་དགེ་རྒན་ཡང་ཡིན་པ་དང༌། ཁོང་ཚོ་སྐྱེ་ཁུངས་ཡག་པོ་མེད་པ་དང་ཡང་ན་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་རྐྱེན་གྱིས་བོད་ནང་རྒྱང་ཕུད་བཏང་པ་རེད། ཡིན་ནའི་མི་མང་པོ་ཞིག་ནི་གུང་ཁྲན་ཚོགས་པ་རང་གི་དྲིལ་བསྒྲགས་འོག་ཕུགས་བསམ་རིང་ལུགས་ཀྱི་སྙིང་སྟོབས་བཅངས་ཏེ་རྒྱ་ནག་གི་ས་གནས་ཁག་ནས་བོད་དུ་ཡོང་བ་ཤ་སྟག་ཡིན་པས་དའོ་གྲང་སུང་ནི་དེ་ཚོའི་གྲས་ཀྱི་མི་ཞིག་རེད།

དའོ་གྲང་སུང་ནི་བོད་ནང་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་སྐབས་གནད་འགག་ཅན་གྱི་མི་སྣ་ཞིག་ཡིན་པ་རེད། རིག་གནས་གསར་བརྗེ་འགོ་ཚུགས་ཙམ་ལ་དམ་པས་གསུང་སྐུལ་གནང་ན་ཡ་ལན་ཞུ་མཁན་མང་ཟེར་བ་ལྟར་དུས་དེ་ནས་བཟུང་མཆོངས་ཐེངས་གཅིག་ལ་འཕོ་འགྱུར་ཚོད་དཔག་དཀའ་བའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་འཛེགས་ཏེ་དུས་ཡུན་ལོ་ཤས་བསྡད་ཡོད། ཁོང་ནི་རྙིང་པ་བཞི་རྩ་གཏོར་གཏོང་བར་སློབ་ཕྲུག་སྣེ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་ཡིན་ཞིང༌། དེ་ནས་དུས་ཡུན་རིང་པོ་མ་སོང་བར་ལྷ་སའི་ཤོག་ཁག་ཆེན་པོ་གཉིས་ཀྱི་ནང་ནས་གྱེན་ལོག་ཤོག་ཁག་(མིང་ཆ་ཚང་ལ་ལྷ་སའི་གསར་བརྗེའི་གྱེན་ལོག་སྤྱི་ཁྱབ་བཀོད་འདོམས་ཁང་ཟེར་བ་དེའི་ཁ་གཏད་ཤོག་ཁག་གི་མིང་མདོར་བསྡུས་ལ་མཉམ་འབྲེལ་ཤོག་ཁག་དང་ཡང་དེའི་མིང་ཆ་ཚང་ལ་འབྱོར་མེད་གྲལ་རིམ་མཉམ་འབྲེལ་ཚོགས་པའི་གསར་བརྗེའི་བཀོད་འདོམས་ཁང་ཟེར་གྱི་ཡོད།)གི་སྤྱི་ཁྱབ་བཀོད་འདོམས་པ་ཡིན་པས་དུས་སྐབས་འདི་བརྒྱུད་མྱོང་བའི་བོད་ནང་གི་བོད་མི་ཡིན་ནའང་འདྲ་ཡང་ན་རྒྱ་མི་ཡིན་ནའང་འདྲ་ཚང་མས་སྐད་གྲགས་ཡོད་པའི་སྤྱི་ཁྱབ་བཀོད་འདོམས་པ་དའོ་ཟེར་བ་ངོ་མ་ཤེས་མཁན་ཧ་ལམ་ཡོད་ཀྱི་མ་རེད། རྗེས་ལ་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པའི་གོ་གནས་ཟིན་ནས་བསྡད་མྱོང་ཡོད།(ད་ལྟའི་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པའི་གོ་གནས་དང་མཚུངས་ཀྱི་ཡོད།) ཡང་གོ་གནས་འདིའི་དབང་གིས་རིག་གནས་གསར་བརྗེ་མཇུག་སྒྲིལ་སྐབས་བཙོན་ཁང་ལའང་ཚུད་པ་རེད། ལོ་རབས་བརྒྱད་བཅུའི་དཀྱིལ་ཙམ་ནས་མཁས་དབང་གི་རྣམ་པའི་ཐོག་ནས་གནས་སྡོད་བྱས་ཡོད།

ཁོང་ནི་རྒྱ་ནག་ཅང་སུའུ་ཡང་ཀྲའོ་ནས་ཡིན་ཞིང༌། སྤྱི་ལོ་༡༩༦༠ལོར་ཧྭ་ཏུང་དགེ་འོས་སློབ་གྲྭ་ཐོན་ཏེ་ལོ་འདིར་རང་འགུལ་ངང་བོད་ལ་སྐྱོད་རྒྱུའི་རེ་སྐུལ་ཞུས་པ་བཞིན་ལྷ་ས་སློབ་འབྲིང་གི་རྒྱ་ཡིག་དགེ་རྒན་ལ་ལས་བགོས་བྱས་ཏེ་སློབ་ཕྲུག་ཚོའི་ཁྲོད་ཁོང་ལ་སྙན་གྲགས་ཡོད་པས་དེ་ཡང་ཁོང་གིས་ལྷ་སར་དམར་སྲུང་དམག་དང་གྱེན་ལོག་ཤོག་ཁག་བཙུགས་ཐུབ་པའི་མ་རྩ་འདི་ཆགས་ཡོད། སྤྱི་ལོ་༢༠༠༡ལོར་གུས་མོས་ཁོང་གི་སར་ཐེངས་གཉིས་སྐྱོད་པའི་སྐབས་དགུང་གྲངས་དྲུག་བཅུ་ལྷག་ཙམ་ལ་སོན་པའི་ཁོང་ནི་ད་དུང་ལྷ་སར་གནས་མུས་ཐོག་རྒས་ཡོལ་ཞུས་ཟིན་ཡོད་རུང་མུ་མཐུད་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་བསྐྱར་དུ་ལས་གནས་ཐོག་གདན་ཞུ་བྱས་ཏེ་སྲིད་གཞུང་གི་རྣམ་གྲངས་ཁག་ཅིག་གི་ཞིབ་འཇུག་འགན་འཁུར་འཁྱེར་བཞིན་འདུག ལོ་ངོ་སུམ་ཅུ་ཕྱིན་པའི་རྗེས་ལ་གཟུགས་སྟོབས་དེ་སྔ་ལྟར་མེད་ནའང་དའོ་གྲང་སུང་ཁོང་གི་ཆ་ལུགས་ནི་དེ་སྔོན་ནང་བཞིན་ཡོད་པ་སྟེ་ཞྭ་མོ་ཨོག་ཞྭ་དང་མིག་ཤེར་རྒྱབ་པ། དེ་བཞིན་ཀྲུང་ཧྲན་གྱོན་ཆས་དེ་རང་ཡིན་པ་རེད། ཁོང་གི་ཞི་ཞིང་དུལ་པའི་སྤྱོད་ཚུལ་དེས་དེ་དུས་རྫིག་ཉམས་ཇི་ལྟར་ཆེན་པོ་ཡོད་ལུགས་མི་མང་པོས་བརྗོད་པ་བཞིན་ཡིན་པ་དངོས་གནས་འཆར་སྣང་དུ་ཡོང་མི་ཐུབ། ང་ཚོ་ཕན་ཚུན་སྐད་ཆ་བཤད་འགོ་ཚུགས་པའི་སྐབས་ཁོང་ལ་ལྟ་དུས་ང་ཚོས་རྟག་ཏུ་མཐོང་རྒྱུ་ཡོད་པའི་རྒྱ་མི་ཤེས་ཡོན་ཅན་ཞིག་ལ་ལྡན་པའི་སྒམ་པོ་དང་ལྷིང་པོ། ཞི་དུལ་གྱི་རིགས་ཤིག་ཚོར་སྣང་བྱུང༌། འོན་ཀྱང་ག་ལེར་ག་ལེར་འགྱུར་བ་ཕྱིན་ཏེ་དེ་སྔ་ཁོང་གཞོན་ནུ་དང་དར་མའི་སྐབས་ཀྱི་སྤྱོད་ཚུལ་གཤིས་རྒྱུད་འགའ་ཚུར་མངོན་འགོ་ཚུགས་ཏེ་ཁོང་གི་སྐད་གདངས་ཡང་རིམ་བཞིན་དྲག་པོ་དང་རིམ་བཞིན་སྨྱོ་འཚབ་ཀྱི་ལྟ་སྟངས་ཤིག་མངོན་གྱི་ཡོད་པ་ནི་ཕལ་ཆེར་ང་ཚོའི་སྐད་ཆའི་བརྗོད་གཞི་དེ་བོད་ཀྱི་རིག་གནས་གསར་བརྗེར་ཐུག་པའི་དབང་གིས་ཡིན་ས་རེད། མ་གཞི་ཁོང་གིས་སྐབས་རེ་སྐད་ཆ་ཆུ་རྒྱུག་པ་བཞིན་རྫོགས་རྒྱུ་མེད་པར་བཤད་ཀྱིན་བཤད་ཀྱིན་གློ་བུར་དུ་གཉིད་ལས་སད་པ་ལྟར་སྐད་ཆ་བཤད་མཚམས་བཞག་པ་དང་སེམས་མནོང་གིས་གད་མོ་བགད་ཀྱི་འདུག ཡིན་ནའི་དེ་མ་ཉིད་དུ་ཁོང་ནས་ཁྲོ་སྡང་གི་དུས་སྐབས་ཤིག་དང་རྔམ་ཟིལ་གྱི་དུས་སྐབས་ཤིག་བྱུང་མྱོང་ཡོད་རུང་དེ་ནི་རྐྱེན་ངན་གོད་ཆགས་ཀྱི་ཁེངས་པའི་དེ་སྔའི་འགྱུར་ལྡོག་གི་གནས་ཚུལ་བྱུང་རིམ་ལ་ཕྱིར་བལྟས་བྱས་སོང༌།

དེའང་ལྷ་སར་དམར་སྲུང་དམག་ཐོན་པའི་སྐོར་ལ་ཁོང་གིས་ཚིག་ཐག་ཆོད་པོས་བརྗོད་དོན་ལ།

བོད་ཀྱི་ས་གནས་སུ་དམར་སྲུང་དམག་བཙུགས་པ་འདི་ནི་གསར་དུ་ཐོན་པའི་ལས་དོན་ཞིག་རེད། སྐབས་དེ་དུས་སློབ་ཕྲུག་ཚོས་གང་འདྲ་བྱེད་དགོས་མིན་ཕལ་ཆེར་ཤེས་ཀྱི་མེད་པས་དེ་དུས་གུས་པ་ནི་སློབ་འབྲིང་གི་(ལྷ་ས་སློབ་འབྲིང་གི་སྟབས་བདེའི་མིང་)དགེ་རྒན་གཞོན་སྐྱེས་ཤིག་ཡིན་པ་དང་དེའི་ཤུགས་རྐྱེན་ཡང་ཕྲན་བུ་བྱུང་ཡོད། དོན་དངོས་ཐོག་ང་རང་ནི་ལས་དོན་འདིའི་ཐོག་འགན་འཁུར་བྱེད་བཞིན་པ་ཡིན། གང་ལྟར་དམར་སྲུང་དམག་གི་སྒྲིག་འཛུགས་དེ་གང་མྱུར་བཙུགས་པ་རེད། ཡིན་ནའི་ཞིབ་ཕྲའི་དུས་ཚོད་ག་དུས་ཡིན་མིན་གསལ་པོ་ཞུ་ཐུབ་མ་སོང༌། ཕལ་ཆེར་བརྒྱད་གཅིག་བརྒྱད་(མའོ་ཙེ་ཏུང་གིས་ཐོག་མར་སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༡༨ཉིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་ཡང་སྟེང་ནས་རྒྱལ་ཡོངས་ས་གནས་ཁག་གི་སློབ་འབྲིང་གི་སློབ་ཕྲུག་གཙོ་བོར་གྱུར་པའི་དམར་སྲུང་དམག་ཁྲི་ཚོ་བརྒྱ་ཙམ་ལ་མཇལ་འཕྲད་བྱས་པ་དེར་ཟེར་གྱི་ཡོད།) རྗེས་ལ་བཙུགས་པ་རེད།

ཐོག་མར་དམར་སྲུང་དམག་ཚང་མ་སློབ་ཕྲུག་ཤ་སྟག་རེད། རྒྱུ་མཚན་ནི་རྒྱ་ནག་ལ་ཚང་མ་སློབ་འབྲིང་སློབ་ཕྲུག་ཡིན་པས་རེད། ལྷ་ས་སློབ་འབྲིང་གི་འགོ་ཁྲིད་མཁན་གུས་པ་རེད་ཅེས་བརྗོད་ན་ཆོག དགེ་འོས་སློབ་གྲྭའི་(བོད་ལྗོངས་དགེ་འོས་སློབ་གྲྭའི་མིང་མདོར་བསྡུས)འགོ་ཁྲིད་མཁན་ནི་མིང་འདོགས་ལ་རྨི་རྨི་ཟེར་མཁན་གྱི་བོད་པ་དགེ་རྒན་བུ་ཞིག་ཡོད། དེ་སྔོན་ངས་དགེ་འོས་སློབ་གྲྭར་སློབ་ཁྲིད་བྱེད་མྱོང་ཡོད་པར་བརྟེན་ཕན་ཚུན་རྒྱུས་མངའ་ཆེན་པོ་ཡོད་པས་ཁོང་ཚོས་ངའི་སྐད་ཆར་ཉན་འཇོག་བྱེད་ཀྱི་ཡོད། འོན་ཀྱང་རྗེས་སུ་གཞི་རྒྱ་ཆེན་པོ་ཆགས་པ་རེད། རྒྱུ་མཚན་ནི་དམར་སྲུང་དམག་དར་བཟོ་ཆེན་པོ་བྱུང་བའི་རྐྱེན་གྱིས་གང་སར་དམར་སྲུང་དམག་གིས་ཁེངས་ཡོད་པ་དང་མང་ཚོགས་ནང་མང་ཤོས་ཆགས་ཡོད་ལ། ལས་ཁུངས་ནང་ལ་ཡང་མི་ཉུང་བ་ཞིག་ཡོད། འདི་ནི་གཙོ་འཛིན་མའོ་ནས་བཀའ་བཏང་ཐེངས་གཅིག་ལ་རྒྱལ་ཡོངས་ཚང་མར་གཡོ་འགུལ་ཐེབས་ཡོད་པ་རེད་ཅེས་བརྗོད་བྱུང༌།

དམར་སྲུང་དམག་གིས་ལྷ་ལྡན་གཙུག་ལག་ཁང་ལ་རྙིང་གཏོར་བཞིའི་ལས་འགུལ་སྤེལ་བའི་གནད་དོན་འདི་ཚོར་བ་རྣོན་པོའི་བརྗོད་གཞི་ཞིག་ཡིན་པ་དང་གནད་དོན་གཞན་ཐོག་དྲན་ཤེས་ཧ་ཅང་གསལ་པོ་ཡོད་པའི་དའོ་གྲང་སུང་ནས་གནད་དོན་འདིའི་ཐོག་ལམ་ཙམ་མ་གཏོགས་ལན་འདེབས་བྱེད་ཀྱི་མི་འདུག

དེའང་ང་ཚོས་ཆེད་མངགས་དགོན་སྡེ་གཏོར་བཤིག་གཏོང་རྒྱུའི་ཆེད་སྐྱོད་མེད་པ་དང་ང་རང་སྒེར་གྱི་ངོས་ནས་ཀྱང་འདི་འདྲ་བྱེད་རྒྱུར་མོས་མཐུན་བྱེད་ཀྱི་མེད། རྒྱུ་མཚན་ནི་དངོས་པོ་འདི་རྣམས་རིག་དངོས་ཡིན་པས་སྲུང་སྐྱོབ་དགོས་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད། དགོན་སྡེའི་ནང་གཏོར་བཤིག་བཏང་བའི་བྱ་སྤྱོད་འདི་གཙོ་བོ་མང་ཚོགས་དཀྱུས་མ་དང་འབྲེལ་བ་ཡོད་པ་རེད། ཁོང་ཚོས་དམར་སྲུང་དམག་ནང་མཉམ་བསྲེས་བྱས་ནས་ནང་ལ་འཛུལ་ཡོད། དམར་སྲུང་དམག་མང་ཆེ་བས་སྐུ་ཕྱག་ཕུལ་མཁན་གྱི་མི་ཚོའི་གཟུགས་པོའི་སྟེང་སྦྱར་ཡིག་སྦྱར་ནས་ཁོང་ཚོའི་བྱ་སྤྱོད་འདི་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ཡིན་པ་བརྗོད་སྐབས་དུས་ཡུན་རིང་པོ་མ་སོང་བར་སྐུ་ཕྱག་ཕུལ་མཁན་ཚོ་མཐོང་རྒྱུ་མི་འདུག སྐབས་རེ་དགོན་སྡེའི་ནང་གཏོར་བཤིག་བཏང་བར་འགྲོ་མཁན་ཡངཡོད་པས་དེ་ཚོ་རྙིང་པ་བཞི་གཏོར་བར་འགྲོ་མཁན་ལ་རྩིས་ཀྱི་ཡོད། ཡིན་ནའི་དམར་སྲུང་དམག་གི་ངོས་ནས་བཤད་ན་དགོན་པ་གཏོར་བར་སྐྱོད་ཀྱང་གང་བྱུང་གིས་གཏོར་གྱི་མེད། སེ་རྭ་དགོན་པའི་ཉེ་འགྲམ་ལ་ཡོད་པའི་དགོན་པ་ཆུང་ཆུང་ཞིག་ལ་ང་ཚོས་གཏོར་བར་འགྲོ་སྐབས་ཚང་མར་རེ་རེ་བཞིན་ཐོ་བཀོད་བྱས་པ་ཡིན།

གཙུག་ལག་ཁང་ལ་སྐྱོད་པའི་སྐབས་དེ་དུས་དངོས་གནས་བྱས་ན་ནང་ལ་བསྡད་པའི་དུས་ཚོད་དེ་ཙམ་གྱི་རྒྱུན་རིང་པོ་མ་རེད། དྲིལ་བསྒྲགས་ལས་ཁུངས་ནས་མི་སྣ་མངག་གཏོང་བྱས་ཏེ་ང་ཚོར་རྒྱལ་ཁབ་ཀྱི་སྲིད་བློན་ནས་དེར་སྲུང་སྐྱོབ་བྱེད་དགོས་པའི་བཀའ་རྒྱ་བཏང་འདུག་ཟེར་བརྗོད་ཀྱི་འདུག་པས་ང་ཚོས་ལམ་སེང་ཕྱིར་འཐེན་བྱས་པ་ཡིན། འོན་ཀྱང་རྗེས་ལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་ནས་ཕལ་ཆེར་ཡང་བསྐྱར་འཛུལ་ཕྱིན་པ་ཡིན་ས་རེད། དོན་དངོས་ཐོག་ང་ཚོ་གཙུག་ལག་ཁང་ནང་འཛུལ་ནས་ལག་པ་དེ་ཙམ་འཕྱང་རྒྱུ་མ་བྱུང༌། མགྱོགས་པོ་ཕྱི་ལ་ཐོན་པ་ཡིན། རྒྱུ་མཚན་ནི་སྲིད་བློན་ཀྲའོ་ནས་གློག་འཕྲིན་ཞིག་བཏང་ཡོད་པའི་རྐྱེན་གྱིས་ཡིན་པ་རེད། སྐད་ཆ་དྲང་པོ་བཤད་ན། དམར་སྲུང་དམག་ཚོ་ཁ་ལ་ཉན་པོ་ཡོད། ཚང་མར་གསལ་པོ་བཤད་པ་ཡིན་ན་གང་ཡང་མེད། སྐབས་དེ་དུས་གཙུག་ལག་ཁང་ལ་གཏོར་བཤིག་ཕྲན་བུ་བཏང་ཞིང༌། ཡིན་ནའི་ཆ་ཚང་གཏོར་མེད་པས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་གཅིག་པུ་ལྷག་ཡོད་པ་རེད་ཅེས་བརྗོད་བྱུང༌།

ཀྲའོ་ཨེན་ལེ་ཡིས་བཏང་བའི་མཛུབ་སྟོན་འདི་ཞིབ་ཕྲ་མི་འདུག སྐད་ཆ་དྲིས་པ་བརྒྱུད་ཤེས་གསལ་ལ་གཙུག་ལག་ཁང་གཏོར་བཤིག་གཏོང་རྒྱུར་བཀག་འགོག་བྱ་རྒྱུའི་བཀའ་རྒྱ་ལས་དེ་མིན་དགོན་པ་གཞན་རྣམས་བཀག་འགོག་བྱ་དགོས་པའི་གྲས་སུ་ཚུད་མི་འདུག

བཅུ་གསུམ་(གསང་མིང་)ཁོང་ཧང་སངས་བའི་སྒོ་ནས་རང་ཉིད་འདྲ་པར་སྟེང་ནས་ངོ་ཤེས་སོང༌། འདྲ་པར་དེའི་ཐོག་ཚང་མ་མཉམ་དུ་བརྒྱབ་པའི་འདྲ་པར་སྟེང་སྟར་པ་དང་པོའི་གཡས་ཕྱོགས་གཟུགས་པོ་སྐམ་ཞིང་རིང་བ་དང་གོས་ཐུང་སྟེང་ལྷན་པ་ཆེན་པོ་གཉིས་བརྒྱབ་པའི་བུ་མོ་འདི་ཁོང་རེད་འདུག དེར་ལྟ་དུས་སྙིང་རྗེ་པོ་དང་ངོ་ཚ་སྨིན་མདོག་ཁ་པོ་འདུག་ལ་སློབ་ཕྲུག་གཞན་དང་མི་འདྲ་བར་དཔུང་པར་དམར་སྲུང་དམག་གི་དཔུང་རྟགས་མེད་པ་དང་ལག་པར་གདུང་དམར་པོ་འཁྱེར་མེད་པར་ཁོ་མོ་གཅིག་པུར་ལུས་པ་ལྟར་འདུག

བཅུ་གསུམ་(གསང་མིང་)གྱིས་བརྗོད་པར་དེའི་སྐབས་སྐྱེ་ཁུངས་ཡག་པོ་མེད་པའི་ཁྱིམ་ཚང་གྱི་ཕྲུ་གུ་ཚང་མ་དམར་སྲུང་དམག་ནང་ཞུགས་ཆོག་གི་མེད་པ་མ་ཟད། ད་དུང་གདུང་དམར་པོ་འཁྱེར་བའི་དབང་ཆ་ཡང་མེད་པ་རེད།

གདུང་དམར་པོ་ཟེར་བ་ནི་རྒྱུགས་པ་ཞིག་གི་སྟེང་ལྕགས་གདུང་རྩེ་རྣོ་པོ་མེད་པ་ཞིག་བསྒར་བ་དང༌། ད་དུང་སྤུ་དམར་པོ་ཏོག་ཙམ་དཀྲིས་ཏེ་གནའ་རབས་ཀྱི་མཚོན་ཆ་ནང་བཞིན་བཟོས་ཡོད། དེང་སང་བལྟས་པ་ཡིན་ན་རྩེད་ཆས་ལྟ་བུ་རེད། ཡིན་ནའི་སྐབས་དེ་དུས་བསད་རྨས་གཏོང་བའི་ནུས་པ་ལྡན་མེད་ཀྱང་དེའི་མཚོན་རྟགས་རང་བཞིན་ནི་བེད་སྤྱོད་ཀྱི་རང་བཞིན་ལས་ལྷག་པ་ཡོད་པ་བཤད་ཆོག དེ་སྔ་གུང་ཁྲན་ཚོགས་པའི་གྱར་སྡོད་དམག་མི་ཕྱོགས་གཅིག་ཏུ་བསྡུས་ཏེ་གསར་བརྗེའི་རྟེན་གཞིའི་ཁུལ་ཟེར་བའི་རྒྱ་ནག་གི་གྲོང་གསེབ་ལ་གདུང་དམར་པོ་འདི་བཞིན་གསར་སྐྱེས་ཀྱི་དམར་པོའི་སྲིད་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་མཛེས་རྒྱན་རང་བཞིན་གྱི་མཚོན་རྟགས་ཤིག་རེད། དེ་དང་སྐེ་དར་དམར་པོ། དཔུང་རྟགས་དམར་པོ་བཅས་ནི་དོན་སྙིང་མི་འདྲ་བའི་མཚོན་རྟགས་དང་གཅིག་པ་རེད། མཚོན་རྟགས་དེའི་རིགས་ཐོགས་རྒྱུ་ཡོད་ན་དམར་པོའི་རྗེས་ཤུལ་འཛིན་མཁན་ལ་འགྱུར་བའི་ཐོབ་ཐང་ཡོད་པ་རེད། དེར་བརྟེན་མི་གཅིག་གི་གྲལ་རིམ་འབྱུང་ཁུངས་ཟེར་བར་དམིགས་བསལ་གྱིས་ནན་བཤད་བྱེད་པའི་རིག་གནས་གསར་བརྗེའི་དུས་སྐབས་ལ་འཚར་ལོངས་བྱེད་བཞིན་པའི་ན་གཞོན་བྱིས་པ་ཚོར་མཚོན་ནས་བཤད་ན་གདུང་དམར་པོ་གཅིག་ཐོབ་དང་མི་འཐོབ་འདི་གསར་བརྗེའི་དཔུང་ཁག་ནང་ཚུད་དང་མ་ཚུད་ཀྱི་གནད་དོན་ཆེན་པོ་ཞིག་ཆགས་ཡོད།

དམར་སྲུང་དམག་ནང་ཞུགས་མི་ཆོག་པའི་དེ་སྔའི་གནས་ཚུལ་བརྗོད་སྐབས་དེ་དུས་བཅུ་གསུམ་(གསང་མིང་)གྱི་བསམ་པའི་ནང་ཁ་སྐྱེངས་པོ་དང་རང་ཉིད་གཉའ་དམའ་པོ་བྱུང་ཚུལ་གྱི་གནས་སྟངས་དེ་སེམས་ནང་ཡུན་རིང་འཚང་ནས་བསྡད་ཡོད་པ་བརྗོད་བྱུང༌། དེའི་སྐབས་ཁོང་ནི་ལྷ་ས་སློབ་འབྲིང་གི་དམའ་རིམ་དྲུག་དྲུག་འཛིན་གྲའི་(སྤྱི་ལོ་༡༩༦༦ལོར་དམའ་རིམ་སློབ་འབྲིང་ཐོན་མཁན་)སློབ་ཕྲུག་དང་ལོ་བཅུ་བདུན་ཟིན་གྱི་ཡོད་པ་རེད་འདུག རང་ཉིད་ཉེ་འཁོར་གྱི་སློབ་གྲོགས་མང་པོ་དམར་སྲུང་དམག་ནང་ཞུགས་པ་མཐོང་དུས་ཁོང་རང་གི་སྐྱེ་ཁུངས་ཚོང་པ་ཡིན་པའི་བསམ་བློའི་ཁུར་པོ་དེ་སྐྱུར་ཐབས་བྲལ་བས་དངོས་གནས་མགོ་ཡར་བཀྱགས་ཐུབ་ཡས་མེད་པ་རེད། ཁོང་གིས་དྲན་གསོས་པར་གཙུག་ལག་ཁང་གཏོར་བར་འགྲོ་བའི་སྔོན་གྱི་ཉིན་མོ་དེར་སློབ་གྲྭས་སྐུལ་སློང་གི་ཚོགས་ཆེན་ཚོགས་སོང༌། རྒྱ་ཡིག་དགེ་རྒན་དའོ་གྲང་སུང་གིས་ཚིག་ནན་ཞིང་དོ་སྣང་ཆེན་པོའི་ངང་ནས་ཚང་མར་བློ་སྒོ་འབྱེད་པའི་ངང་བརྗོད་དོན་ལ། ང་ཚོ་དམར་སྲུང་དམག་གི་དཔའ་བོ་ཆུང་ཆུང་ཚང་མ་ནི་ཡར་ལངས་ཞིང་བྲན་གྱི་བུ་ཕྲུག་རེད། ཡིན་ནའི་ང་ཚོས་ཁྱིམ་ཚང་སྐྱེ་ཁུངས་ཡག་པོ་མེད་པའི་སློབ་གྲོགས་ལ་མཐོང་ཆུང་བྱ་རྒྱུ་མེད། མི་གཅིག་གི་ཁྱིམ་ཚང་གི་སྐྱེ་ཁུངས་ནི་གདམ་ཀ་བྱ་ཐབས་མེད་པ་ཡིན་རུང༌། འགག་རྩ་ནི་ཁོ་པ་ཚོའི་ལངས་ཕྱོགས་དང་རྣམ་འགྱུར་ལ་ཐུགས་ཡོད། དེ་གདམ་ཀ་བྱེད་ཆོག་གི་རེད། བྱས་ཙང་སང་ཉིན་གྱི་ལས་འགུལ་ནི་སློབ་ཕྲུག་མི་རེ་ངོ་རེར་དཔྱད་སྡུར་བྱེད་པའི་གོ་སྐབས་ཤིག་ཡིན་པས་ཁྱོད་ནས་གསར་བརྗེའི་ཕྱོགས་སུ་ལངས་དང་ཡང་ན་གསར་བརྗེར་ངོ་རྒོལ་བྱེད་མཁན་གྱི་ཕྱོགས་སུ་ལངས་ཡོད་པ་དེ་སང་ཉིན་གྱི་བྱ་སྤྱོད་ལ་ལྟ་རྒྱུ་རེད་ཅེས་བརྗོད་སོང༌།

སྐབས་དེ་དུས་ལྷ་ས་སློབ་འབྲིང་ནང་སྐྱེ་ཁུངས་ཁྱིམ་ཚང་ཡག་པོ་མེད་པའི་སློབ་ཕྲུག་མང་པོ་ཡོད་ཅིང༌། འདི་ནི་སྐུ་དྲག་དང་གཞིས་ཀའི་བདག་པོ། ཚོང་པ་བཅས་ཁྱིམ་ཚང་གི་བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་ནི་སྔར་ནས་རྒྱུན་སྲོལ་ཞིག་ཆགས་ཡོད། ཡིན་ནའི་གཤམ་འོག་མང་ཚོགས་དབུལ་ཕོངས་ཚོ་འཚོ་ཐབས་སྐྱོ་པོ་ཡིན་པའི་དབང་གིས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུའི་ནུས་པ་མེད་པ་རེད། བོད་པ་ཚོས་ཕྲུ་གུ་དགོན་པར་བསྐྱལ་བ་དང་སྒེར་གྱི་སློབ་གྲྭར་བཏང་ཏེ་སྲོལ་རྒྱུན་གྱི་སློབ་གསོ་སྤྲོད་སྟངས་འདི་རྒྱུན་འཛིན་མི་ཡོང་བའི་ཆེད་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་ཟེར་བའི་དམིགས་ཡུལ་དང་མིང་གི་ཐོག་ནས་སྤྱི་ལོ་༡༩༥༩ལོའི་གོང་ལྷ་ས་སློབ་འབྲིང་ལ་སྐྱོད་མཁན་གྱི་སློབ་ཕྲུག་སྐྱེ་ཁུངས་གང་འདྲ་ཡིན་རུང༌། ཚང་མར་ཟླ་བ་རེར་གཞུང་ནས་དངུལ་རྡ་ཡང་སྒོར་སུམ་ཅུ་རེ་སྤྲད་ཀྱི་ཡོད། སྐབས་དེ་དུས་རྒྱ་ནག་ནང་གི་གནས་བབ་དང་འདྲ་བར་མི་འདི་གལ་ཏེ་ཁྱིམ་ཚང་གི་སྐྱེ་ཁུངས་ཡག་པོ་མེད་ན་ཏན་ཏན་ཕྱོགས་གཞན་ཞིག་ནང་བཅུག་རྒྱུ་རང་རེད་ལ། དེའི་དབང་གིས་ཁོང་ཚོའི་སློབ་ཕྲུག་གི་དུས་སྐབས་དེ་ནག་ཁུང་ལྟ་བུར་གྱུར་ཡོད། དཔེར་ན་སྐྱེ་ཁུངས་ཚོང་པའི་ཁྱིམ་ཚང་གཅིག་པ་ཡིན་པ་དང་རྨོ་བོ་ལགས་ཟིང་འཁྲུག་ནང་ཞུགས་(འདི་ནི་སྤྱི་ལོ་༡༩༥༩ལོའི་ཟླ་བ་གསུམ་པའི་ནང་ལྷ་སར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་དབང་སྒེར་ལངས་ཀྱི་ལས་འགུལ་ཞིག་སྤེལ་བ་དེར་རྒྱ་ནག་གཞུང་གིས་དམག་དཔུང་བཏང་ཏེ་དྲག་གནོན་བྱས་པ་འདི་ལ་གསར་བརྗེར་ངོ་རྒོལ་གྱི་ཟིང་འཁྲུག་ཞོད་འཇགས་བཏང་བ་ཟེར་གྱི་ཡོད། ཡང་དེར་ཟིང་འཁྲུག་ལྷིང་འཇགས་ཞེས་མིང་སྟབས་བདེ་འབོད་ཀྱི་ཡོད།)གནང་བའི་རྐྱེན་གྱིས་ལྟ་སྟངས་མི་འདྲ་བཟུང་སའི་དམའ་རིམ་སློབ་འབྲིང་གི་སློབ་ཕྲུག་ཚེ་རྡོར་གྱིས་སློབ་དེབ་ནང་བཀོད་པའི་གཡོས་ཧྥེ་ཡིས་འདྲ་གཟུགས་རི་མོའི་ཐོག་ཨ་རིའི་དགོད་བྲོའི་ཟློས་གར་མཁས་ཅན་ཀྲོའོ་སྦད་ལིན་(Charles Chaplin)གྱི་ཞྭ་མོ་བྲིས་པར་བརྟེན་སློབ་གྲོགས་ཀྱིས་འཛིན་གྲའི་དགེ་རྒན་ལ་རྩིས་སྤྲད་པ་རེད། འཛིན་གྲའི་དགེ་རྒན་འདི་ཡང་གྲལ་རིམ་ཡག་པོ་མེད་པའི་བོད་པའི་དགེ་རྒན་ཞིག་ཡིན་ན་ཡང་གསར་བརྗེའི་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པས་ཁོ་པས་གནད་དོན་འདི་རྩ་དོན་དང་ལངས་ཕྱོགས་ཐོག་ལ་བསྐྱལ་ནས་ཚེ་རྡོར་གྱིས་མི་རིགས་ཀྱི་དཔའ་བོ་གཡོས་ཧྥེེ་ལ་གྲལ་རིམ་གྱི་འཁོན་འཛིན་ཡོད་པར་ངོས་འཛིན་བྱས་ཏེ་ཁོང་ལ་ཕྱོགས་གཅིག་ནས་དགག་པ་རྒྱབ་པའི་ཚོགས་འདུ་ཚོགས་པ་དང་ཕྱོགས་གཞན་ཞིག་ནས་ངོས་ལེན་ཡི་གེ་བྲིས་བཅུག་པར་བརྟེན་ལོ་ངོ་བཅུ་གསུམ་ལས་སོན་མེད་པའི་ཚེ་རྡོར་སྡུག་བསྔལ་བཟོད་ཐབས་བྲལ་ནས་ཐ་ན་རང་ཤི་རྒྱབ་རྒྱུའི་བསམ་བློ་ཡང་འཁོར་རྒྱུ་བཟོས་ཡོད། དེ་ནི་སྤྱི་ལོ་༡༩༦༤ལོའི་ནང་སྐྱེ་ཁུངས་ཁོ་ནར་ལྟ་བའི་གྲིབ་ནག་དེ་ལོ་ན་ཆུང་བའི་སློབ་འབྲིང་སློབ་ཕྲུག་མང་པོའི་གཟུགས་པོའི་ཐོག་དཀྲིག་ཡོད་པ་རེད།

སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པ་བར་ལྷ་ས་སློབ་འབྲིང་ནི་རྒྱུན་དུ་སློབ་གྲྭར་གནས་སྡོད་ལམ་ལུགས་ལག་བསྟར་བྱས་ནས་སློབ་གྲྭར་ཁྱོན་འཛིན་གྲ་༡༢ཡོད་པ་དང༌།(མཐོ་རིམ་འཛིན་གྲ་གསུམ་དང་དམའ་རིམ་འཛིན་གྲ་དགུ་)ཁྱོན་སློབ་ཕྲུག་༣༦༠ཙམ་ཡོད། དེ་མིན་རྫོང་ཁག་ནས་བསྡུས་པའི་སྐྱེ་ཁུངས་དབུལ་ཕོངས་ཀྱི་སློབ་ཕྲུག་གསར་པ་༢༠༠ཙམ་ཚང་མ་སློབ་གྲྭར་སྡོད་བཅུག་ཡོད། སློབ་གྲྭར་རྒྱ་མིའི་སློབ་ཕྲུག་བརྒྱ་ཙམ་ཡོད་པ་དེ་དག་དགེ་རྒན་དང་ལས་བཟོ་༥༥ཡོད་པ་རྣམས་དང་མཉམ་དུ་ཟ་ཁང་གཅིག་ནང་ཁ་ལག་ཟ་རྒྱུའི་ཐོབ་ཐང་ཡོད་པ་དེ་བོད་པའི་སློབ་ཕྲུག་ལས་དམིགས་བསལ་ཆེ་བ་ཡོད་པ་རེད།

ཟླ་༨ཚེས་༢༤ཉིན་གནམ་གཤིས་དྭངས་ཤིང་ཉི་འོད་རྣམ་པར་འཕྲོ་བའི་ཞོགས་པ་སྔ་པོ་ནས་ཤིན་ཧྭ་གསར་འགྱུར་ལས་ཁུངས་ཀྱི་བོད་ནང་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་གསར་འགོད་པ་ཚོས་རྔ་དང་འཁར་རྔ་བརྡུངས་ནས་ལྷ་ས་སློབ་འབྲིང་དུ་ཡིག་ཆེན་ཚགས་པར་བསྐྱལ་བར་སླེབས་སོང་བས་འདི་ནི་སྐབས་དེ་དུས་དར་སྲོལ་ཆེ་ཤོས་ཀྱི་གསར་བརྗེའི་བྱ་སྤྱོད་ཁག་ཅིག་རེད། དེ་རྗེས་ས་ཁུལ་གྱི་མང་ཚོགས་ནས་གཙོ་བོ་བྱས་པའི་ལྷ་སའི་ལས་ཁུངས་ཁག་གི་ཧུར་བརྩོན་ཅན་ཚུད་པའི་མི་བརྒྱ་ལྷག་ཙམ་ཡང་རྗེས་ཟིན་པ་སླེབས་སོང༌། སྒྲ་ཤུགས་ཆེ་བའི་སློབ་གྲྭའི་རྒྱང་བསྒྲགས་ནང་རྒྱ་ཡིག་དགེ་རྒན་ཤས་ཧྥང་དབྱིས་ཀྱིས་སྐད་གསང་མཐོན་པོས་དམར་སྲུང་དམག་དཔའ་བོ་ཆུང་ཆུང་དང་གསར་བརྗེའི་དགེ་སློབ་ཚང་མ་ལུས་རྩལ་ཐང་ཆེན་ཐོག་རུ་སྟར་སྒྲིག་དགོས་པ་བརྗོད་སོང་བ་དང་དེ་ནས་རིག་གནས་གསར་བརྗེ་ཆེན་པོའི་ཚ་ཚ་འུར་འུར་དུ་འབར་བའི་མེ་ལྕེ་དྲག་པོ་དེ་བོད་ལྗོངས་ཀྱི་ལུང་ཁུག་ས་གནས་གང་སར་ཁྱབ་པའི་མནའ་སྐྱེལ་དམ་བཅའ་བཞག་པའི་འབོད་ཚིག་གི་སྐད་སྒྲ་དེའི་རྗེས་སློབ་གྲྭའི་དགེ་སློབ་ཡོངས་དང་ལས་ཁུངས་ཁག་གི་ཧུར་བརྩོན་ཅན་མཉམ་དུ་གྲལ་སྟར་སྒྲིག་པོའི་རུ་སྟར་སྒྲིག་ནས་གསར་བརྗེའི་གླུ་གཞས་བཏང་ཏེ་ལྷ་སའི་གྲོང་ཁྱེར་ནང་སྐྱོད་པ་རེད། ཚང་མས་བཤད་ཡག་ལ་སྐབས་དེ་དུས་ལྷ་ས་སློབ་འབྲིང་ནས་གཙུག་ལག་ཁང་བར་གྱི་ལམ་ཐག་ནི་ད་ལྟ་ལས་རྒྱང་ཐག་རིང་བ་མངོན་གྱི་ཡོད་པས་འདི་ཕལ་ཆེར་ད་ལྟ་ནང་བཞིན་ལམ་བར་ལ་ཚོང་ཁང་དང་ཁྲོམ་རྭ་འཁྲུག་པོ་དེ་ཚོ་མེད་པའི་དབང་གི་རེད། ལམ་བར་ལ་ལྕང་མ་ལྗང་ཐིང་ཐིང་ཡོད་པ་དང་བྱེ་རགས་ཀྱི་ཆུ་ནི་སེ་ར་དགོན་པའི་རྒྱབ་ཕྱོགས་ཀྱི་རི་མཐོ་པོའི་སྟེང་ནས་རྒྱུག་ཡོང་བ་དེས་གྲོང་ཁྱེར་བྱང་ངོས་ཀྱི་ས་རྒྱ་ཆེ་ལ་བཞའ་ཚན་ཡོད་པའི་ས་དང་ཞིང་ཁའི་རྣང་བཅད་དུས་ད་ལྟ་བསྐྱར་གསོ་བྱ་ཐབས་མེད་པ་རེད། རུ་སྟར་གྱི་མདུན་ལ་དཔུང་རྟགས་དམར་པོ་བཏགས་པ་དང་ལག་ཏུ་གདུང་འཁྱེར་ཏེ་བློ་སྟོབས་ཆེར་སྐྱེད་དང་དཔའ་ངར་ལྡན་པའི་ངང་སྐྱོད་མཁན་འདི་དག་ནི་དམར་སྲུང་དམག་དཔའ་བོ་ཆུང་ཆུང་ནང་ཞུགས་ཐུབ་པ་དེ་ཚོ་རེད། མཇུག་ཏུ་སྐྱོད་མཁན་ནི་གཞན་དང་མི་འདྲ་བར་ལ་ལས་དཔུང་པར་སློབ་གྲྭ་ནས་སྤྲད་པའི་རྒྱུགས་པ་འཁྱེར་བ་དང་ལ་ལར་ལག་ཏུ་གང་ཡང་འཁྱེར་རྒྱུ་མེད་པ་རེད། ཁོང་ཚོ་ཚང་མ་ནི་སྐྱེ་ཁུངས་དེ་ཙམ་ཡག་པོ་མེད་པའི་གསར་བརྗེའི་དགེ་སློབ་ཀྱི་ཁོངས་སུ་གཏོགས་པའི་སློབ་ཕྲུག་རེད།

འོན་ཀྱང་སྐྱེ་ཁུངས་ཡག་པོ་མེད་པའི་སློབ་ཕྲུག་ཁག་ཅིག་དམར་སྲུང་དམག་ནང་ཞུགས་ཐུབ་པ་བྱུང་བའི་རྒྱུ་མཚན་གང་ཡིན་ཞེ་ན། འདྲ་པར་འདིའི་ཐོག་སྟར་པ་དང་པོའི་དཀྱིལ་ལ་སྟོད་ཐུང་ཁ་དཀར་ཙམ་གྱོན་པའི་བུ་མོ་དེ་མཐོ་རིམ་དྲུག་དྲུག་འཛིན་གྲའི་(སྤྱི་ལོ་༡༩༦༦ལོར་མཐོ་རིམ་སློབ་འབྲིང་ཐོན་མཁན་)སློབ་ཕྲུག་རེད། ཁོང་གི་སྐྱེ་ཁུངས་སྐུ་དྲག་ཁྱིམ་ཚང་ནས་ཡིན་པས་སྐབས་དེ་དུས་ཀྱི་འགྲོ་སྟངས་བྱས་ན་དམར་སྲུང་དམག་གི་དཔུང་རྟགས་བཏགས་ཡག་མེད་པ་མ་ཟད་ལག་པར་གདུང་ཡང་འཁྱེར་རྒྱུ་མེད་པ་རེད། སྟར་པ་དང་པོའི་གཞོགས་གཡོན་ནས་རྩིས་པའི་ཨང་གསུམ་པའི་བུ་མོ་འདི་ཁོང་གི་གཅུང་མོ་རེད། ཁོང་ཡང་དམར་སྲུང་དམག་ཅིག་རེད་འདུག ཡང་དཔེར་ན་འདྲ་པར་འདིའི་སྟེང་དམར་སྲུང་དམག་བུ་མོ་དེ་གཉིས་ཀྱང་སྐྱེ་ཁུངས་ཚོང་པའི་ཁྱིམ་ཚང་ཡིན་པར་བརྟེན་དམར་སྲུང་དམག་ནང་ཞུགས་རྒྱུའི་ཐོབ་ཐང་མེད་པ་རེད། སྐབས་དེ་དུས་ཁོང་ཚོ་དང་འདྲ་བའི་མི་ཁག་ཅིག་ལ་ཆེད་མངགས་མིང་ལ་མངའ་བདག་གི་བུ་ཕྲུག་ཟེར་མིང་འབོད་བྱེད་ཀྱི་ཡོད། མངའ་བདག་ནི་མངའ་བདག་ཆེན་པོ་གསུམ་ལ་ཟེར་གྱི་ཡོད་པ་རེད་ལ་སྲིད་དབང་སྒེར་འཛིན་བྱ་ཡུལ་རིགས་ནག་པོ་ལྔ་ཟེར་བའི་(རྒྱ་ནག་ནང་ས་བདག་དང་ཞིང་པ་ཕྱུག་པོ། གསར་བརྗེར་ངོ་རྒོལ་པ། མི་ངན། གཡས་ཕྱོགས་པ་བཅས་དབྱེ་བ་ཕྱེ་ཡོད།)ཁོངས་སུ་གཏོགས་ཀྱི་ཡོད། བཤད་སྲོལ་ལ་རྙིང་གཏོར་བཞིའི་ལས་འགུལ་སྤེལ་བའི་སྐབས་མདུན་གྱི་རུ་སྟར་ཁྲོད་མངའ་བདག་གི་བུ་ཕྲུག་མི་ཉུང་བ་ཞིག་ཡོད་པའི་རྒྱུ་མཚན་ནི་བསམ་བློར་བསྒྱུར་བཀོད་གཏོང་བའི་ཆེད་མངའ་བདག་ཆེན་པོ་གསུམ་གྱི་རྗེས་ཤུལ་འཛིན་མཁན་ཚོས་ངེས་པར་དུ་བྱས་རྗེས་བཞག་ནས་ནག་ཉེས་དག་ཐབས་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད།

མཉམ་དུ་རྒྱབ་པའི་འདྲ་པར་འདིའི་ནང་སྟར་པ་མདུན་གྱི་གཞོགས་གཡོན་ནས་རྩིས་པའི་ཨང་དང་པོ་གཟུགས་པོ་ཕྱེད་ཙམ་ལས་མ་ཐེབས་པའི་མི་འདི་རྒྱ་ཡིག་དགེ་རྒན་ཤས་ཧྥང་དབྱིས་རེད། ཁོང་ནི་སློབ་གྲྭའི་གཞོན་ནུ་སྡེ་ཚོགས་ཀྱི་སྤྱི་ཁྱབ་འགོ་ཁྲིད་ཡིན་པ་དང་ལྷ་ས་སློབ་འབྲིང་དམར་སྲུང་དམག་ཐོག་མར་འཛུགས་མཁན་གྱི་གྲས་ཤིག་དང༌། རྗེས་སུ་གྱེན་ལོག་སྤྱི་ཁྱབ་ཁང་གི་འགོ་ཁྲིད་གྲས་ཤིག་ཀྱང་རེད། ལོ་རབས་བརྒྱད་བཅུའི་མཇུག་ལ་ཕ་ཡུལ་ཧྥུའུ་ཅན་ལ་ལས་སྤོས་བྱས་རྗེས་ཚེ་ཟིན་མི་འདུག བཤད་ཡག་ལ་དགེ་རྒན་ཤས་ཟེར་བ་དེས་ཐེངས་འདིར་གཙུག་ལག་ཁང་ལ་མ་སྐྱོད་གོང་ཁྱིམ་ཚང་སྐྱེ་ཁུངས་ཡག་པོ་མེད་པའི་སློབ་ཕྲུག་ཁག་ཅིག་ཆེད་མངགས་འདེམས་སྒྲུག་བྱས་ཡོད་པ་དང༌། མ་གཞི་བྱས་ན་དཔུང་རྟགས་དམར་པོ་བཏགས་མི་ཆོག་པ་དང་གདུང་འཁྱེར་མི་ཆོག་པའི་མངའ་བདག་གི་བུ་ཕྲུག་དེ་ཚོའི་ནང་ནས་ཡང་འགའ་ཤས་ཀྱི་རྣམ་འགྱུར་ཧུར་བརྩོན་ཆེན་པོ་ཡོད་པའི་རྐྱེན་གྱིས་དམར་སྲུང་དམག་ནང་ཞུགས་ཐུབ་ཡོད། དམར་སྲུང་དམག་ནང་ཞུགས་ཐུབ་མིན་གྱི་དངོས་ཡོད་གནས་ཚུལ་དངོས་གནས་དེ་འདྲ་རེད་དམ། དུས་ཡུན་ལོ་ངོ་བཞི་བཅུ་ལྷག་ཙམ་ལས་སོང་མེད་ན་ཡང་དེའི་ནང་དོགས་གཞི་ཡོད་པའི་གནད་དོན་མང་པོ་དུས་གཅིག་ཏུ་ཐོན་ཡོད། སྐབས་དེ་དུས་ཅིའི་ཕྱིར་དམར་སྲུང་དམག་མ་ཡིན་པ་དང་ཡང་ན་དམར་སྲུང་དམག་ནང་ཞུགས་རྒྱུར་ཧུར་བརྩོན་མ་བྱས་པ་གང་ཡིན་ནམ། གང་ལྟར་བཅུ་གསུམ་(གསང་མིང་)རང་ཉིད་ཀྱི་ངོས་ནས་ཀྱང་གསལ་པོ་བརྗོད་ཁག་པོ་རེད་འདུག

ངོ་ཤེས་པའི་ནང་ད་དུང་སྟར་པ་དང་པོའི་གཡོན་ངོས་ནས་རྩིས་ན་ལྔ་པ་དང་དྲུག་པ། བརྒྱད་པ་བཅས་བུ་མོ་གསུམ་པོ་ནི་རྒྱ་མི་རེད་ལ། དགེ་རྒན་གཅིག་དང་དེ་མིན་གཉིས་ནི་དམའ་རིམ་དྲུག་དྲུག་འཛིན་གྲའི་སློབ་ཕྲུག་རེད།

གསལ་བཤད་བྱེད་དགོས་པ་ཞིག་ལ་འདྲ་པར་འདི་ཉིན་མོ་དེ་རང་ལ་དགེ་སློབ་ཁག་ཅིག་མཉམ་དུ་རྒྱབ་པ་ཞིག་ཡིན་པ་རེད། དེ་མིན་གཞན་རྣམས་འདྲ་པར་འདི་རྒྱབ་སྐབས་མཉམ་དུ་མེད་པ་གང་ཡིན་ནམ། ཡང་ན་འདྲ་པར་འདི་གཙུག་ལག་ཁང་ལ་གཏོར་བཤིག་མ་བཏང་གོང་དུ་རྒྱབ་པ་ཞིག་མིན་ནམ། ཡང་ན་གཙུག་ལག་ཁང་ལ་གཏོར་བཤིག་བཏང་ཟིན་པའི་རྗེས་འདྲ་པར་འདི་རྒྱབ་པ་ཞིག་མིན་ནམ་གང་ལྟར་ད་ལྟ་བར་བཤད་སྟངས་ཚང་མ་གཅིག་པ་ཞིག་རེད་མི་འདུག ཡིན་ནའི་འདི་གལ་ཆེན་པོ་མ་རེད། གལ་འགངས་ཆེ་ཤོས་ནི་འདྲ་པར་དེས་སྐབས་དེ་དུས་ལས་འགུལ་འདིའི་ནང་ཞུགས་མཁན་ཚོར་བརྡབས་གཞུ་ཆེན་པོ་གང་འདྲ་ཞིག་བྱུང་མིན་དེ་ཡིན་པ་རེད། ཁོང་ཚོ་རང་ཉིད་དང་རང་ཉིད་ཀྱི་ངོ་ཤེས་པའི་མི་དང་མཉམ་དུ་འདྲ་པར་འདིའི་ནང་ཡོད་པ་མཐོང་དུས་ཡུད་ཙམ་རིང་ཧང་སངས་ཏེ་སྔོན་མའི་གནས་ཚུལ་མང་པོ་རིམ་པས་མིག་མདུན་འཁོར་བཞིན་ཡོད་པ་དེ་ནི་ཁོ་པ་ཚོ་གཞོན་ནུའི་དུས་སྐབས་ཀྱི་གནས་ཚུལ་འདི་ལ་ཕྱིར་གཏད་སློག་འདོད་མེད་པ་དེ་རེད། མི་ཞིག་གིས་རྙོག་འཛིང་གི་བསམ་བློ་ཡུན་རིང་བཏང་ཏེ་གཞི་ནས་ང་ཚོ་ནི་ལོ་རྒྱུས་ཀྱི་ཉེས་པ་ཡོད་པའི་མི་ཞིག་རེད་ཅེས་བརྗོད་བྱུང།

ལྷ་ལྡན་གཙུག་ལག་ཁང་གང་འདྲ་བྱས་ནས་གཏོར་བ་རེད་དམ།

སྐབས་དེ་དུས་དངོས་སུ་ལས་འགུལ་ནང་ཞུགས་པ་དང་མིག་གིས་དངོས་སུ་མཐོང་མྱོང་མཁན་མི་ཁ་ཤས་ལ་གུས་མོས་ལྷ་ས་ནས་བཅའ་འདྲི་ཞུ་ཐུབ་བྱུང༌། ཁོང་ཚོས་ཐེངས་འདིའི་གསར་བརྗེའི་ལས་འགུལ་ལ་གནས་ལུགས་གསལ་བཤད་གང་འདྲ་བྱས་ཡོད་དམ་ཞེ་ན་བཅུ་གསུམ་(གསང་མིང་)གྱིས་ང་ཚོ་གཙུག་ལག་ཁང་གི་གཟིམ་སྒོའི་འགྲམ་ལ་སླེབས་དུས་དད་ལྡན་པ་ཚོ་འདིར་སྐུ་ཕྱག་ཕུལ་གྱི་འདུག་པས་ཁོ་པ་ཚོའི་གཟུགས་པོའི་སྟེང་ཡིག་ཆེན་ཚགས་པར་འབྱར་སོང༌། གཙུག་ལག་ཁང་གི་གཟིམ་སྒོའི་ནང་ཕྱོགས་གཉིས་སུ་ཡོད་པའི་སྲུང་མའི་སྐུ་བརྙན་ཐོག་འབྱར་རྩི་བྱུགས་ཏེ་ཡིག་ཆེན་ཚགས་པར་སྦྱར་སོང་བ་མ་ཟད་སྨྱུ་གུ་དམར་པོས་ནོར་རྟགས་ཀྱང་ཆེན་པོ་ཞིག་རྒྱབ་སོང༌། དེ་རྗེས་གསུང་ཆོས་རྭ་བ་ལ་སྐྱོད་ནས་ཚོགས་འདུ་ཚུགས་པ་དང་དམ་བཅའ་བཞག་པ་རེད། ད་དུང་སློབ་གྲྭའི་དྲིལ་བསྒྲགས་རུ་ཁག་ནས་འཁྲབ་སྟོན་བྱས་པར་མཐའ་སྐོར་ལ་ལྟ་མཁན་མང་ཚོགས་མང་པོ་འདུག ས་ཁུལ་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་ཚོས་ཀྱང་གར་སྟེགས་སྟེང་སྐྱོད་ནས་གཏམ་བཤད་བྱས་ཏེ་ངེས་པར་དུ་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་ཚོར་སློབ་སྦྱོང་བྱེད་དགོས་པའི་རྣམ་འགྱུར་སྟོན་ཡོད། དེའི་ཉིན་མོ་སློབ་ཕྲུག་ཚོས་ལས་ཀ་བྱེད་པ་མང་ཤོས་ནི་མ་ཎི་འཁོར་ལོ་ཞིག་ཡོད་པ་འདི་གཏོར་བཤིག་བཏང་ནས་དེའི་ནང་གི་ཟུངས་དང་དཔེ་ཆ་ཚང་མ་བཏོན་ཏེ་མེར་བསྲེགས་བཏང་བ་རེད། ཡིན་ནའི་སྐུ་འདྲར་གཏོར་བཤིག་དེ་ཙམ་བཏང་མེད།

ལྷ་སའི་རྙིང་གཏོར་བཞི་ཡི་ལས་འགུལ་སྔ་ཤོས་སྤེལ་མཁན་ནི་ལྷ་ས་སློབ་འབྲིང་དང་དགེ་འོས་སློབ་གྲྭའི་དམར་སྲུང་དམག་ནས་མེ་ལྕེ་དང་པོ་འདི་སྤར་ཡོད་པ་ཁོང་གིས་ངོས་ལེན་བྱས་སོང༌། འོན་ཀྱང་དའོ་གྲང་སུང་གིས་བཤད་པ་བཞིན་ཁོང་གིས་གསལ་བཤད་བྱ་དོན་ལ། དེ་རྗེས་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་དེ་བས་ཛ་དྲག་ཆེན་པོའི་ངང་འཛུལ་སླེབས་སོང༌། ཁོང་གིས་བརྗོད་པར། དོན་དངོས་ཐོག་སློབ་ཕྲུག་དམར་སྲུང་དམག་ཚང་མའི་བསམ་བློ་ཧ་ཅང་གི་སྟབས་བདེ་པོ་ཡིན་པ་དང་ལྷག་བསམ་ཟོལ་མེད་ཀྱིས་གཙོ་འཛིན་མའོ་དང་དབུས་གུང་ཁྲན་ཚོགས་པར་བསམ་པ་རྣམ་དག་ཡོད་པ་ལས་སྤྱི་ཚོགས་ལ་རྒྱུས་མངའ་མེད་པ་རེད། དེ་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་ཚོ་འདྲ་ཡི་མེད། ཁོང་ཚོ་ཚང་མ་སྤྱི་ཚོགས་ཐོག་གི་མི་ཡིན་པ་དང༌། མི་འདྲ་མིན་སྣ་ཚོགས་པ་ཞིག་ཡོད་པས་སོ་སོའི་བསམ་བློའི་འདོད་ཚུལ་དང་སྐུལ་སློང་ཡང་གཅིག་པ་མིན། དེར་བརྟེན་དགོན་པ་གཏོར་བཤིག་བཏང་བ་དང་ཁྱིམ་ཚང་སྔོག་བཤེར་བྱས་པ། ལྷ་འདྲེ་གདོན་བགེགས་ཟེར་བ་ལ་འཐབ་འཛིང་བཏང་བའི་སྐབས་རྐུ་མ་རྒྱབ་མཁན་དང་འཕྲོག་བཅོམ་བྱེད་མཁན། རིག་དངོས་དང་གསེར་དངུལ་ནོར་བུའི་རིགས་བཅས་རྐུ་འཁྱེར་བྱས་པའི་གནས་ཚུལ་མང་པོ་བྱུང་ཡོད། སློབ་ཕྲུག་དམར་སྲུང་དམག་ཚོས་ལས་ཀ་དེ་འདྲ་བྱས་མེད་པ་རེད།

རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་ལས་ཁུངས་ཤིག་ནས་རྒས་ཡོལ་ཞུས་ཟིན་པའི་ཟླ་བ་(གསང་མིང་)ནི་ལྷ་ས་སློབ་འབྲིང་མཐོ་རིམ་དྲུག་དྲུག་འཛིན་གྲའི་སློབ་ཕྲུག་རེད། སྐབས་དེ་དུས་ཁོང་སློབ་ཕྲུག་དམར་སྲུང་དམག་གི་འགོ་ཁྲིད་ཅིག་རེད། གཙུག་ལག་ཁང་ལ་གཏོར་བཤིག་བཏང་བའི་བརྒྱུད་རིམ་དེ་རྒྱུས་མངའ་གསལ་པོ་ཡོད་པར་བརྟེན་ཁོང་གིས་དྲན་གསོས་བྱས་པ་འདི་རྣམས་ཅུང་ཞིབ་ཚགས་པ་ཡོད་པ་རེད།

གོང་གི་ཉིན་མོ་དེའི་དགོང་དྲོ་དམར་སྲུང་དམག་གི་དམག་སྤྱི་ཁང་ནས་ལྷ་ས་སློབ་འབྲིང་ལ་གོང་རིམ་གྱི་བསམ་འདུན་གཞིར་བཟུང་ཚོགས་འདུ་ཞིག་ཚོགས་སོང༌། གོང་རིམ་ཟེར་བ་ནི་རང་སྐྱོང་ལྗོངས་རེད། ཡིན་ནའི་མི་སུ་འདྲ་ཞིག་གིས་བཀའ་འདི་བཏང་ཡོད་མིན་ངས་གསལ་པོ་ཤེས་མ་བྱུང༌། བརྗོད་ཡག་ལ་ཉིན་གཉིས་པར་བར་སྐོར་ཁྲོམ་གཞུང་ཐོག་དྲིལ་བསྒྲགས་བྱེད་པར་སྐྱོད་དགོས་པ་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཚོ་ཡང་མཉམ་ཞུགས་བྱེད་ཀྱི་རེད་ཅེས་དང་ད་དུང་ལག་པ་བཀྱགས་མི་ཆོག་པ་དང་དངོས་པོ་གཏོར་བཤིག་གཏོང་མི་ཆོག་པ་བརྗོད་སོང༌། སྐབས་དེ་དུས་གཙུག་ལག་ཁང་གཏོར་བཤིག་གཏོང་དགོས་པ་བརྗོད་མེད་པའི་ཐོག་དྲིལ་བསྒྲགས་བྱ་རྒྱུ་ཁོ་ན་ཡིན་པ་བརྗོད་སོང༌། དེ་ཚོ་ཚང་མ་བཤད་དུས་ཡག་པོ་ཡོད། ཉིན་གཉིས་པའི་ཞོགས་པ་ནམ་མ་ལངས་གོང་ནས་གྲོང་མི་ཨུ་ཡོན་ལྷན་ཁང་གི་མི་མང་པོ་སླེབས་པ་དང༌། ཡང་གྲོང་ཁྱེར་ཁོངས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་གཞོན་ནུ་ཚོ་སློབ་གྲྭར་སླེབས་སོང་བས་ཕལ་ཆེར་མི་གྲངས་བརྒྱ་ལྷག་ཙམ་འདུག སྔོན་ལ་ཚོགས་འདུ་ཚོགས་པ་དང༌། མཉམ་རུབ་བྱས་ཏེ་རུ་སྟར་སྒྲིག་ནས་གཅིག་གྱུར་གྱིས་ལྷ་ས་སློབ་འབྲིང་ནས་ཐོན་སོང༌། སློབ་གྲྭའི་དགེ་སློབ་ཡོངས་དང་ད་དུང་སློབ་ཕྲུག་གསར་པ་བསྡོམས་པའི་ཁྱོན་མི་གྲངས་བདུན་བརྒྱ་ལྷག་ཙམ་ཡོད་པའི་ཐོག་གོང་གི་མི་དང་སློབ་ཕྲུག་བཅས་པ་ཚང་མ་བསྡོམས་ན་མི་གྲངས་སྟོང་ཕྲག་ཙམ་ཡོད་ས་རེད། ཡང་ན་དེ་ལས་མང་བ་ཡོད་ཀྱི་རེད། དྲན་གསོས་པར་དེའི་ཉིན་ཉི་མ་ཚ་པོ་ཡོད་པ་དང་ལམ་བར་ལ་སྐྱོད་སྐབས་འབོད་ཚིག་ཀྱང་སྒྲོགས་ཀྱི་འདུག

གཙུག་ལག་ཁང་གི་ལྷོ་ངོས་སུ་ཡོད་པའི་གསུང་ཆོས་རྭ་བར་འཁྲབ་སྟོན་བྱས་ཏེ་དྲིལ་བསྒྲགས་བྱས་པ་དང་དེ་རྗེས་ཚོགས་ཆེན་ཚོགས་སོང༌། དགེ་རྒན་ཤས་ནས་གཏམ་བཤད་མ་ཚར་གོང་གློ་བུར་དུ་ཟང་ཟིང་བྱུང་བ་དང་མགོ་བཀྱགས་ཏེ་ལྟ་སྐབས་གཙུག་ལག་ཁང་གི་ཐོག་སྟེང་ལ་མི་མང་པོ་ཡོད་པ་དེ་དག་ཕལ་ཆེར་གྲོང་མི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཡིན་ས་རེད། ངས་རྗེས་སུ་གོ་ཐོས་ལ་མི་འགའ་ཤས་ནི་གཤམ་འོག་རྫོང་ཁག་ནས་ཡོང་བའི་ཧུར་བརྩོན་ཅན་རེད་ཟེར་གྱི་འདུག ཡང་སྙིང་གནས་ཚུལ་གང་འདྲ་ཡིན་མིན་ཤེས་རྟོགས་མ་བྱུང་བས་གང་ལྟར་ཚང་མ་མང་ཚོགས་རེད་བཞག ལག་པར་འཇོར་དང་སྦྱར་མ་ལ་སོགས་པ་འཁྱེར་འདུག་པས་ག་ནས་འཛུལ་ཡོང་བ་ཡིན་པ་ཤེས་མ་བྱུང༌། ང་ཚོ་ནི་གསུང་ཆོས་རྭ་བའི་འོག་ལ་བསྡད་ཡོད། གསུང་ཆོས་གནང་སའི་རྒྱབ་ཕྱོགས་རྩིག་སྟེང་གི་ལྡེབས་རིས་ལ་གྲོང་མི་གཞོན་ནུ་ཁག་ཤས་ཀྱིས་འཇོར་ཞུས་ཏེ་ལྡེབས་རིས་ཆེན་པོ་ཞིག་བཀོག་སོང༌། ང་ཚོ་ཁ་ཤས་ཤིག་གིས་ད་དུང་ཁོ་པ་ཚོར་ཁྱེར་རང་ཚོས་ལྡེབས་རིས་བཀོག་ནས་གང་བྱེད་མཁན་ཡིན་ནམ་ཞེས་ལབས་ཀྱང་ཉན་འཇོག་བྱེད་མཁན་མི་འདུག སྐད་ཆ་བཤད་པའི་སྐབས་དེར་ཡང་ཐོག་སྟེང་ནས་མི་ཚོས་རྒྱ་ཕིབས་བཀོག་ནས་གཤམ་འོག་ལ་དབྱུགས་བཞིན་འདུག སྐབས་དེ་མ་ཐག་གཤམ་དུ་ཟང་ཟིང་ཆགས་པ་དང་ཅིག་ཅར་ཚང་མ་ཁ་ཐོར་ཕྱིན་སོང༌། ང་ཚོས་ཀྱང་བཀོད་འདོམས་བྱེད་ཐབས་མེད་པར་མི་ཚང་མ་གཙུག་ལག་ཁང་གི་ཕྱོགས་སུ་རྒྱུགས་འགྲོ་ཡི་འདུག་པས་ང་རང་ཡང་དེའི་རྗེས་སུ་རྒྱུགས་ཕྱིན་པ་ཡིན།

གཙུག་ལག་ཁང་ནང་འཛུལ་པའི་རྗེས་གང་སར་མིས་ཁེངས་ནས་ཡོད་པ་དང་མི་འདྲ་མིན་སྣ་ཚོགས་འདུག འགའ་ཞིག་ནི་བར་སྐོར་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཡིན་པ་དང་དེ་ཚོ་ནི་གཞོན་སྐྱེས་རེད་འདུག ཧུར་བརྩོན་ཅན་མི་ཉུང་བ་ཞིག་གིས་འཇོན་མདོག་རྒོད་པོ་ཡོད་པ་དང༌། དེའི་ནང་ད་དུང་མི་ཉུང་བ་ཞིག་ནི་རྒྱ་མི་རེད་འདུག

ངས་ཐོག་ཁའི་རྒྱ་ཕིབས་ཡོད་སར་རྒྱུགས་ཕྱིན་པ་ཡིན། ང་ཚོའི་སློབ་གྲོགས་གཅིག་ཚུར་ཡོང་ཏེ་ང་ལ་བརྗོད་པར། ད་ལྟ་གནས་ཚུལ་ཡག་པོ་རང་མི་འདུག མི་འགའ་ཤས་ནས་ཆེད་མངགས་གསེར་དངུལ་ནོར་བུའི་རིགས་འཁྱེར་འགྲོ་ཡི་འདུག ངས་དང་ཐོག་བསམ་བློ་འཁོར་བ་ནི་དངོས་རྫས་དེ་དག་རྒྱལ་ཁབ་ཀྱི་ཡིན་པ་དང༌། ཡང་རིག་དངོས་ཡིན་མིན་སྐོར་ལ་སྐབས་དེར་བསམ་བློ་དེ་འདྲ་འཁོར་མ་བྱུང༌། ཡིན་ནའི་གང་ལྟར་བསམ་བློའི་ནང་འདི་ནི་རྒྱལ་ཁབ་ཀྱི་དངོས་རྫས་ཡིན་པ་བསམ་ནས་ངས་ལམ་སེང་བཀོད་སྒྲིག་བྱས་ཏེ་ཐོག་ཁ་ནས་གཤམ་འོག་བར་ལ་ང་ཚོའི་སློབ་གྲོགས་སོ་ལྟ་བྱེད་པར་བཞག་སྟེ་ཁོ་པ་ཚོས་ལྟ་སྲུང་ཡག་པོ་བྱས་ནས་མི་གང་བྱུང་ནང་དུ་འཛུལ་མི་ཆོག་པ་དང་སུས་ཀྱང་ཅ་དངོས་འཁྱེར་མི་ཆོག་པའི་རེ་བ་བཏོན་པ་རེད། ངས་མཐོང་བར་མང་ཚོགས་བགྲེས་སོང་ཞིག་གིས་ལག་པར་སྐུ་འདྲའི་དབུ་རྒྱན་ཞིག་འཁྱེར་ཏེ་འགྲོ་གྲབས་བྱེད་ཀྱི་འདུག དབུ་རྒྱན་དེ་ནི་ལྷད་མེད་ཀྱི་གསེར་དང་རིན་ཆེན་རྡོ་རིགས་ཀྱིས་བཟོས་པ་ཞིག་རེད་བཞག ངས་ཁོང་ལ་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་དམ་ཞེས་དྲི་སྐབས་ཁོ་པ་དངངས་འཚབ་ཀྱིས་འདི་རྙིང་པ་བཞི་ཡིན་ཙང་ངས་དབྱུག་རྩིས་ཡོད་ཟེར་བརྗོད་བྱུང༌། ངས་ཁོང་ལ་ཁྱེད་རང་གིས་ས་འདིའི་སྒང་ལ་མར་བཞག་པ་ལས་དབྱུག་ཆོག་གི་མ་རེད་ཅེས་ལབ་པ་ཡིན། ཁོང་གིས་ས་ལ་མ་བཞག་ཐབས་མེད་བྱུང་ནས་ཕྱིན་སོང༌། ལྷ་ལྡན་གཙུག་ལག་ཁང་གི་ལྷ་ཁང་གཙོ་བོ་འདིའི་འགྲམ་དུ་སྒྲོལ་མ་ལྷ་ཁང་(རྗེ་བཙུན་སྒྲོལ་མའི་ལྷ་ཁང་)ཞིག་ཡོད་པས་སྐབས་དེ་དུས་ང་ཚོའི་སློབ་གྲོགས་ཤིག་གིས་ང་ལ་བཤད་པར་སྒྲོལ་མ་ལྷ་ཁང་གི་སྒོ་འགྲམ་དུ་མི་བརྒྱ་ཙམ་འདུ་འཛོམས་བྱས་འདུག་པ་དེའི་ནང་རྒྱ་མི་དང་བོད་པ་ཡང་འདུག ཁོ་པ་ཚོས་སྐུ་གཉེར་སྐུ་ཞབས་ལ་ལྷ་ཁང་སྒོ་ཕྱེ་དགོས་པ་བརྗོད་ནས་སྐུ་གཉེར་གྱིས་དེ་ལྟར་མ་བྱས་ཙང་ཁོང་ཚོས་སྐུ་ཞབས་དེར་འཇིགས་སྣང་སྐུལ་བར་བརྟེན་སྐུ་གཉེར་ལགས་ཅུང་ཟད་ཞེད་ནས་ལྡེ་མིག་སྟོན་ཏེ་གཟིམ་སྒོ་ཕྱེ་གྲབས་བྱེད་པའི་སྐབས་ང་ཚོའི་སློབ་གྲོགས་ཀྱིས་བཀག་ཏེ་དེའི་ནང་སྐུ་འདྲ་མང་པོ་ཡོད་པ་དང་གསེར་དངུལ་ནོར་རྫས་མང་པོ་ཡོད་པས་སྒོ་ཕྱེ་ན་འགྲིག་གི་མ་རེད་བརྗོད་པར་མཐའ་མཇུག་བོད་པ་ཁག་ཅིག་ཡོད་པ་དེ་ཚོས་ཀྱང་ཁོང་ཚོ་དང་ཁ་རྩོད་རྒྱབ་པར་ང་ཚོའི་སློབ་གྲོགས་ཀྱིས་ང་ནི་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་ཡིན་འདིའི་ནང་གི་ཅ་དངོས་ནི་ཧ་ཅང་རྩ་ཆེན་པོ་རེད་ལ་རྒྱལ་ཁབ་ཀྱི་རྒྱུ་ནོར་ཀྱང་ཡིན་པས་ཁྱེད་རང་ཚོ་གང་བྱུང་གིས་འཛུལ་ན་འགྲིག་གི་མ་རེད་ཟེར་བཤད་པ་དང་ཁོང་གིས་ད་དུང་དེ་ཚོའི་དཀྱིལ་ལ་ཡོད་པའི་རྒྱ་མིར་བརྗོད་དོན་ལ། ཁྱེད་ཚོ་རྒྱ་མི་ཚོས་ཤེས་ཀྱི་མ་རེད། འདིའི་ནང་དུ་ཡོད་པ་ཚང་མ་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་རེད་ཅེས་བཤད་ཙང་རྒྱ་མི་ཚོ་ཕྱིར་ལོག་བྱས་སོང་བ་དང་མཇུག་ལ་བོད་པ་བཅུ་གྲངས་ཡོད་པ་དེ་དག་གིས་གནས་ཚུལ་འདི་ཡག་པོ་མེད་པ་མཐོང་ཏེ་ཁོང་ཚོ་ཡང་ཕྱིར་ལོག་བྱས་སོང། དེར་བརྟེན་ཉིན་དེར་སྒྲོལ་མ་ལྷ་ཁང་གཏོར་བཤིག་བཏང་མ་ཐུབ་པར་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད། ཡིན་ནའི་རྗེས་སུ་གང་ལྟར་གཏོར་བཤིག་བཏང་བ་གོ་ཐོས་བྱུང༌།

སྐབས་དེ་དུས་ཇོ་བོ་ལྷ་ཁང་ལ་གཏོར་བཤིག་གཏོང་བར་འཛུལ་ཐུབ་མེད། གང་ཡིན་ཞེ་ན་ཇོ་བོ་རིན་པོ་ཆེའི་ལྷ་ཁང་གི་ལྕགས་ཕྲའི་སྒོ་ལྕགས་རྒྱབ་ཡོད་པ་དང་སྐུ་གཉེར་ཚོས་ལྡེ་མིག་མ་སྤྲད་པར་བརྟེན་ནང་ལ་གཏོར་སྐྱོན་བཏང་ཐུབ་མེད། རྗེས་ལ་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་གིས་ཇོ་བོ་རིན་པོ་ཆེར་འཇོར་ཞུས་པ་རེད་ཟེར་མི་འགའ་ཞིག་གིས་ཟེར་གྱི་འདུག དེའི་ཉིན་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཧ་ལམ་ཚང་མ་གཙུག་ལག་ཁང་ནང་སྐྱོད་ཡོད་པ་ཡིན་རུང་དངོས་གནས་འཇོར་བཞུས་ཡོད་མེད་ངས་ཤེས་མ་བྱུང༌། སྐབས་དེ་དུས་ཀྱང་དེ་འདྲ་བཤད་མཁན་མི་འདུག གཞན་རྣམས་དངོས་གནས་གཏོར་བཤིག་བཏང་བ་རེད་ལ། འདྲ་པར་འདིའི་ཐོག་ཡོད་པ་དང་གཅིག་པ་རེད། ལྟ་དུས་གང་སར་དབྱུགས་འདུག

དོན་དངོས་ཐོག་རྗེས་ལ་དགོན་པའི་སྐུ་ཞབས་ཤིག་གིས་སྐད་ཆ་དུམ་བུ་གཅིག་གསུངས་བྱུང་བར། ཁོང་གི་སྐད་ཆ་འདི་ཁྱེད་ཀྱི་སེམས་ལ་འཇོག་དགོས། ཁོ་པ་ཚོས་བཤད་དོན་ལ་དེའི་ཉིན་མོ་གཏོར་བཤིག་བཏང་བ་ནི་ཕྱི་ཚུལ་ཙམ་རེད། ཕྱི་ཚུལ་ལ་གཏོར་བཤིག་བཏང་ཏེ་ཅ་དངོས་ཁག་ཅིག་སྒོ་རྭའི་ནང་དབྱུགས་ནས་དེའི་ཉིན་གྱི་ལས་ཀ་ཚར་བ་རེད། འདྲ་པར་སྟེང་ཡོད་པའི་གང་བྱུང་མང་བྱུང་གི་རྣམ་པ་འདི་ཡུན་རིང་རང་སོར་བཞག་ནས་མི་སུ་འདྲ་ཞིག་གིས་ཀྱང་བདག་པོ་རྒྱབ་མཁན་མིན་འདུག་ལ། མི་སུས་ཀྱང་ལག་པ་འཆང་ནུས་མཁན་མི་འདུག འོན་ཀྱང་རྗེས་སུ་རིམ་པས་གཙང་བཤེར་བྱེད་རྒྱུ་འགོ་ཚུགས་ཡོད་པས་མཐར་གཙང་བཤེར་བྱེད་པར་ཟླ་བ་གསུམ་ཙམ་འགོར་སོང༌། ལྷ་ཁང་ནང་གི་ནོར་བུའི་རིགས་དངོས་ཡོད་ཚད་ཚང་མ་འཁྱེར་ཕྱིན་སོང་བ་དང་སྔོན་ལ་གསེར་དངུལ་ནོར་བུའི་རིགས་རྫས་དབོར་བ་དང་དེ་རྗེས་ཟངས་རིགས་དང་ལྕགས་རིགས་རྣམས་འཁྱེར་སོང༌། འཇིམ་བཟོའི་སྐུ་བརྙན་ཁག་མི་དགོས་པར་དབྱུགས་སོང༌།

སྐབས་དེ་དུས་ལས་ཁུངས་ཤིག་གི་མིང་ལ་སྡུག་ཚལ་ལས་ཁུངས་ཟེར་བ་རྒྱ་སྐད་ཐོག་ཕན་མེད་ཀྱི་དངོས་ཟོག་བསྡུ་ཉོ་བབས་ཚུགས་ཟེར་གྱི་ཡོད་པ་རེད། དེ་ནི་ཕྱིར་ཚོང་ལས་ཁུངས་ཀྱི་ཁོངས་གཏོགས་ཡིན་པ་དང་ཆེད་མངགས་དགོན་སྡེ་ཁག་ནང་གི་དངོས་པོ་བསྡུ་ལེན་བྱེད་ཀྱི་ཡོད། ཕན་མེད་རེད་ཟེར་བ་དང་ཟོག་ཧྲུག་ཟེར་བ་ཚང་མ་དོན་དངོས་ཐོག་དངོས་པོ་ཡག་པོ་ཤ་སྟག་རེད། ལྷ་ལྡན་གཙུག་ལག་ཁང་ལ་ཆ་མཚོན་ན་ཇོ་བོ་རིན་པོ་ཆེར་ལག་པ་འཆང་མེད་པ་མ་གཏོགས་དེ་མིན་དངོས་པོ་ཡོངས་རྫོགས་ཟླ་བ་གསུམ་གྱི་རིང་ཧ་ལམ་སྟོང་པ་བཟོས་སོང་ཞེས་གསུངས་བྱུང༌། དེར་བརྟེན་ཉིན་མོ་དེར་གཏོར་བཤིག་བཏང་བ་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཡིན་པ་ལས་རྗེས་ལ་དངོས་སུ་རྩ་མེད་བཟོས་ཡོད་ལ། དེར་རྒྱལ་ཁབ་ཀྱི་ལས་ཀ་བྱེད་མཁན་མངག་གཏོང་བྱས་ནས་ཡོད་ཚད་ཐམས་ཅད་གཙང་བཤེར་བྱས་པ་རེད།

སྐད་གྲགས་ཡོད་པའི་བོད་ཀྱི་རིག་དངོས་བསྡུ་ཉར་བྱེད་མཁན་གཡས་ཤིང་ཧྲེང་ནི་བོད་ལ་འཚོ་བ་བསྐྱལ་ཏེ་ལོ་བཞི་བཅུ་ལྷག་ཙམ་ཕྱིན་པའི་ཟི་ཁྲོན་གྱི་མི་ཞིག་རེད། ཁོ་པ་ལྷ་ས་སློབ་འབྲིང་ལ་སློབ་སྦྱོང་བྱེད་མྱོང་ཡོད་པས་རྙིང་པ་བཞི་རྩ་གཏོར་བྱེད་སྐབས་སློབ་གྲྭ་ཐོན་ནས་རི་མོའི་ལག་རྩལ་ཤེས་ཀྱི་ཡོད་པར་བརྟེན་དེ་སྔ་དམར་སྲུང་དམག་གིས་རྙིང་པ་བཞི་རྩ་གཏོར་བྱས་པའི་གྲུབ་འབྲས་འགྲེམ་སྟོན་གཞུང་ལས་ཁང་གི་ལས་ཀ་བྱེད་མཁན་ཡང་ཡིན་པ་མ་ཟད། གཞུང་ལས་ཁང་འདི་ཡང་གཙུག་ལག་ཁང་ལ་བཙུགས་ཡོད་པ་རེད། གཤམ་ལ་གུས་མོ་དང་ཁོ་པའི་དབར་སྐད་ཆ་བཤད་པའི་དུམ་བུ་ཁག་ཡོད།

འོད། རིག་གནས་གསར་བརྗེའི་སྐབས་གཙུག་ལག་ཁང་ལ་དམར་སྲུང་དམག་གིས་གཏོར་བཤིག་བཏང་བ་དེ་གནས་ཚུལ་གང་འདྲས་ཟེར་རེད་དམ།

གཡས། ངས་གསལ་པོ་དྲན་པར་གྲོང་མི་ཨུ་ཡོན་ལྷན་ཁང་གིས་གཙུག་ལག་ཁང་གཏོར་བཤིག་བཏང་བ་རེད།

འོད། ལྷ་ས་སློབ་འབྲིང་གི་སློབ་ཕྲུག་འདུག་གམ།

གཡས། ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཀྱང་མཉམ་ཞུགས་བྱས་ཡོད། གང་ལྟར་ངས་གསལ་པོ་དྲན་པར་གྲོང་མི་ཨུ་ཡོན་ལྷན་ཁང་གི་མི་ཚོས་འཇོར་འཁྱེར་ཏེ་ལྡེབས་རིས་བཀོག་སོང༌།

འོད། ལྡེབས་རིས་རེད་དམ།

གཡས། རེད། ལྡེབས་རིས་རེད། གཙུག་ལག་ཁང་ནང་གི་སྐོར་ལམ་གྱི་མཐའ་སྐོར་ལ་རེད། སྦྱར་མ་འཁྱེར་ཏེ་ས་སྔོག་པ་ལྟར་བསྔོགས་ཀྱི་འདུག སྒྱུ་རྩལ་དེ་དག་འདག་པ་ནང་བཞིན་ཆ་བཞག་ནས་བསྔོགས་བཞིན་འདུག སྔོག་མཁན་དེ་ཚོ་གྲོང་མི་རེད་ལ། ཁོ་པ་ཚོ་ནི་བར་སྐོར་ལམ་རྒྱུད་ཀྱི་གྲོང་མི་རེད། སྐབས་དེ་དུས་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོ་ནས་རང་ཉིད་ཀྱི་ཁོངས་སུ་གཏོགས་པའི་རྙིང་པ་བཞི་ཟེར་བ་ལ་འགན་འཁུར་བྱེད་དགོས་ཀྱི་ཡོད། གཙུག་ལག་ཁང་ནི་བར་སྐོར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཡིན་པར་བརྟེན་འགན་འཁུར་བྱེད་དགོས་ཀྱི་ཡོད་པ་རེད། དགོན་སྡེ་ལྷ་ཁང་གཏོར་བཤིག་བཏང་བ་འདི་ནི་ངའི་བསམ་པར་སྒྲིག་འཛུགས་ཤིག་གི་བྱ་སྤྱོད་ཡིན་པས་གྲོང་མི་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་གཏོར་བཤིག་བཏང་བ་དེ་གོང་རིམ་གྱི་བཀའ་ངེས་གཏན་ཡོད་པ་ཞིག་རེད།

འོད། དཔེ་ཆ་བཞག་ན་གཙུག་ལག་ཁང་གཏོར་བཤིག་བཏང་བ་འདི་རེད་དམ།

གཡས། དོན་དངོས་ཐོག་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཤིག་གི་ཐོག་ནས་ངས་ཚོད་དཔག་བྱས་ན་བར་སྐོར་མངག་གཏོང་ཁང་ངམ་བར་སྐོར་ཨུ་ཡོན་ལྷན་ཁང༌། ཁྲེན་ཀོན་ཆུས་ལྟ་བུ་དེ་ཚོ་(གྲོང་ཁྱེར་ཁོངས་ཀྱི་ས་གནས་ཁག་རེད།) གང་ལྟར་ནའང་ཚང་མར་གོང་རིམ་ཞིག་གིས་བཀའ་བཏང་ཡོད་པ་རེད། ཡུན་རིང་མ་སོང་བར་སྲིད་གཞུང་གི་ལས་ཁུངས་མང་པོ་ཞིག་སྲིད་གཞུང་གི་ནུས་པ་མེད་པར་འགྱུར་ཡོད་པ་ཡིན་རུང་སྐབས་དེ་དུས་གོ་ཆོད་ཐུབ་ཀྱི་ཡོད་པ་རེད།

གཙུག་ལག་ཁང་ལ་གཏོར་བཤིག་བཏང་སྐབས་ཀྱི་འདྲ་པར་འདི་ཚོའི་ཐོག་དངོས་གནས་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་མང་པོ་ཡོད་པ་དང༌། འདྲ་པར་འདིའི་ཐོག་གི་ ལག་པར་ལྕགས་ཟོར་འཁྱེར་ཏེ་ལྷ་ཁང་ཐོག་གི་གསེར་ཟངས་རྒྱ་ཕིབས་བཀོག་བཞིན་པའི་དམར་སྲུང་དམག་བུ་མོ་འདིའི་གདོང་གི་གཞོགས་ཕྱོགས་གཅིག་ལས་མཐོང་རྒྱུ་མེད་པ་དང་རྒྱ་ཆས་སྤྲས་པ་ཡིན་ནའི་ཟང་ཟིང་གི་སྐྲ་མགོ་རྒྱབ་ཏུ་ལྷས་མོ་དམ་པ་(དེ་ནི་སྤྱིར་བཏང་བོད་མི་ཚོའི་སྐྲའི་བཟོ་སྟངས་རེད།)དང་ཁོ་མོའི་ངོ་གདོང་གི་གཞོགས་ཅུང་ཟད་ཅིག་ནས་གད་མོ་ཕྲན་བུ་དགོད་བཞིན་ཡོད་པའི་ཟུར་ཞིག་མཐོང་གི་འདུག་ལ། ཁོ་མོས་གུག་ཙམ་སྡོད་སྟངས་ནས་ཁོ་མོ་ནི་བོད་མི་ཞིག་ཡིན་པ་རྩ་བའི་ཆ་ནས་ངོ་རྟགས་ཆོད་ཀྱི་འདུག སྐབས་དེ་དུས་མཉམ་ཞུགས་བྱེད་མཁན་གྱི་མི་ཚོའི་ནང་ནས་འགའ་ཤས་ཀྱིས་མི་འདི་རེད་ཟེར་བ་དང་འགའ་ཤས་ཀྱིས་མི་ཕ་གི་རེད་ཟེར་བ་ཡིན་ནའི་རྗེས་ལ་ར་སྤྲོད་གསལ་པོ་བྱུང་སོང༌། དོན་དམ་མི་སུ་འདྲ་ཞིག་ཡིན་རུང༌། དུས་ད་ལྟ་ལོ་ན་ལྔ་བཅུ་ཡོལ་ཟིན་པའི་ཁོ་མོས་ལོ་ངོ་བཞི་བཅུའི་གོང་རོལ་དུ་གཙུག་ལག་ཁང་དུ་བྱུང་བའི་གནས་ཚུལ་དེར་ཕྱིར་དྲན་བྱེད་དུས་ཡིད་དུ་སྔུག་བསྔལ་ཞིག་ཡོང་གི་ཡོད་དམ་མེད། ཡང་ན་བློ་འགྱོད་ཅིག་ཡོད་སྲིད་དམ་མི་སྲིད་ཕར་བལྟས་ན་ལོ་ན་གཞོན་པའི་ཁོ་མོ་ཉིད་སེམས་ཤུགས་ཆེ་མདོག་ཡོད་པ་འདི་ལྟ་བུ་འོ་ན་སེམས་ཤུགས་དེ་གང་ཞིག་ཡིན་ནམ། དེས་སྐུལ་འདེད་གཏོང་བཞིན་པ་ནི་འཛེམ་ཟོན་ཡེ་ནས་མེད་པར་དུས་ད་ལྟ་བོད་མི་ཚོ་ཧ་ལས་ཧང་སངས་སུ་བཅུག་པའི་བྱ་སྤྱོད་འདི་འདྲ་བྱས་ཡོད། འོ་ན་ཁོ་མོའི་ཡིད་དུ་བོད་མི་རིགས་ཀྱི་ཆོས་ཕྱོགས་ཀྱི་སྙིང་སྟོབས་དང་རྒྱལ་རབས་ལོ་རྒྱུས་ཀྱི་དོན་སྙིང༌། དེ་བཞིན་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་བཅས་སྙིང་བཅུད་གཅིག་ཏུ་བསྒྲིལ་པའི་དགོན་པའི་འཛུགས་སྐྲུན་དེ་དག་རྙིང་པ་བཞི་ཟེར་བའི་ཟོག་རོའི་རྩེད་ཆས་ཕུང་པོ་གཅིག་ལྟ་བུར་རྩིས་ཀྱི་ཡོད་པ་རེད་དམ། དེ་འདྲ་སོང་ཙང་སེམས་ཐག་གཙང་བཅད་དང་ཤུགས་དྲག་ཆེན་པོའི་སྒོ་ནས་མེད་པ་བཟོས་ཏེ་འཛམ་གླིང་གསར་རྐྱང་ཞིག་སླད་འཛམ་གླིང་རྙིང་པ་གཏོར་རྡུལ་གྱི་ཐོག་འཛུགས་གཉེར་བྱེད་ཐུབ་པ་ཞིག་ཡིན་ནམ། སྐབས་དེ་དུས་ཀྱི་ཧུར་བརྩོན་ཅན་མང་པོ་ད་ཆ་ཉིན་ལྟར་ཞོགས་པ་གཙུག་ལག་ཁང་དང་རྩེ་ཕོ་བྲང་ལ་ཞབས་སྐོར་དུ་སྐྱོད་མཁན་གྱི་མི་ཚོགས་ནང་མེད་ན་ཁོང་ཚོས་ཉིན་ལྟར་ཉི་མ་ཤར་འགོ་ཚུགས་དུས་རང་ཁྱིམ་དུ་ཁ་ཁུ་སིམ་སིམ་ངང་ཡོན་ཆབ་ཀྱི་ཏིང་ཕྱིས་རྒྱབ་བཞིན་ཡོད། ཁོ་མོ་ཡང་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་ལྟར་ནང་ཞུགས་སྲིད་དང་མི་སྲིད། དེ་བཞིན་གཙུག་ལག་ཁང་གཏོར་བཤིག་བཏང་མཁན་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་དང་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཙམ་མ་ཡིན་པར་ངས་འདྲི་རྩད་བྱས་པ་བརྒྱུད་ཤེས་གསལ་ལ་དེའི་ཉིན་སློབ་ཕྲུག་དང་མང་ཚོགས་ཕུད་ད་དུང་མིང་ཐོབ་དམིགས་བསལ་གྱི་མི་སྣ་ཁག་ཅིག་འདུག་པ་ནི་སློབ་གསོ་ཆེན་པོ་གསུམ་ཟེར་བའི་ལས་དོན་རུ་ཁག་རེད་འདུག

སློབ་གསོ་ཆེན་པོ་གསུམ་གྱི་ལས་དོན་རུ་ཁག་ཟེར་བ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་མིང་ཚིག་ཅིག་རེད། དེར་སྟབས་བདེའི་འགྲེལ་བཤད་ཅིག་མ་རྒྱབ་ན་སྒྲིག་འཛུགས་དེ་གང་འདྲ་ཞིག་ཡིན་མིན་སུས་ཀྱང་ཤེས་ཀྱི་མ་རེད།

སྤྱི་ལོ་༡༩༦༣ལོའི་ཟླ་བ་དགུ་པར་དབུས་གཞུང་(ཀྲུང་དབྱང་)གི་འབོད་སྐུལ་ལ་དང་ལེན་ཞུ་ཆེད་བོད་ལ་གྲལ་རིམ་སློབ་གསོ་གཙོ་བོ་བྱེད་པ་དང་དེའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་གྱི་སློབ་གསོ་བཅས་སློབ་གསོ་ཆེན་པོ་གསུམ་(བསྡུས་ན་སློབ་གསོ་གསུམ་)གྱི་ལས་འགུལ་ཞིག་སྤེལ་བ་རེད། དེའི་ནང་དམིགས་བསལ་གྱི་འགན་འཁྲི་ཡོད་པའི་དམག་མི་མང་པོ་ཞིག་དང་ལས་བྱེད་པ། དེ་བཞིན་སློབ་གྲྭ་ཐོན་ཙམ་གྱི་སློབ་ཕྲུག་ཀྱང་ཡོད། ཡང་དེའི་ནང་རྒྱ་མི་ཡོད་ལ་བོད་པ་ཡང་ཡོད་པ་དེ་དག་རིམ་པས་རྒྱ་ཆེར་ཁྱབ་པ་བཞིན་ས་གནས་གང་སར་མངག་གཏོང་བྱས་པ་དང་ཐ་ན་ཞིང་ཁུལ་དང་འབྲོག་ཁུལ་བཅས་ལ་ཡང་དུས་ཡུན་ལོ་ཁ་ཤས་བསྡད་པ་རེད། རྒྱ་ནག་གུང་ཁྲན་གཞུང་གི་སྐད་ཆའི་བཤད་སྟངས་བྱས་ན་གྲལ་རིམ་སློབ་གསོ་རྒྱབ་པ་བརྒྱུད་ཞིང་འབྲོག་ཁུལ་ལ་གྲལ་རིམ་འཐབ་རྩོད་ཀྱི་ཁེབས་གཅོད་འདི་ཁ་ཕྱེས་བ་རེད་ཟེར་གྱི་ཡོད། དོན་དངོས་ཐོག་འདི་ནི་རང་ཕྱོགས་དང་མི་མཐུན་པ་དེ་དབྱེ་བ་འབྱེད་པ་དང་ཡང་རང་ཕྱོགས་དང་མི་མཐུན་པ་འདི་གཙང་སེལ་བྱས་པའི་ལས་འགུལ་ཞིག་ཡིན་པ་རེད།

རྒྱ་ནག་ནང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་གཙོ་བོར་བྱེད་པའི་ལས་འགུལ་དེ་རིག་གནས་གསར་བརྗེ་འགོ་མ་ཚུགས་གོང་མཇུག་སྒྲིལ་བ་རེད། འོན་ཀྱང་དེ་སྔ་ནས་གོམ་སྟབས་གཅིག་གི་འགོར་བ་ཡོད་པའི་བོད་དེར་ད་དུང་ཡང་མུ་མཐུད་སློབ་གསོ་གསུམ་སྤེལ་བཞིན་ཡོད། བོད་ཀྱི་ས་གནས་ཡོངས་ལ་ཁྱབ་པའི་ལས་དོན་རུ་ཁག་གིས་སློབ་གསོ་གསུམ་གྱི་ལས་འགུལ་སྤེལ་བ་དང་དུས་མཚུངས་རྙིང་པ་བཞི་ཟེར་བ་རྩ་གཏོར་ཆེན་པོའི་ལས་འགུལ་ཡང་མཉམ་དུ་སྤེལ་གྱི་ཡོད་དམ་མེད་ཞེ་ན། དོན་དངོས་ཐོག་དེ་སྔ་རིག་གནས་གསར་བརྗེའི་ལས་འགུལ་མ་སྤེལ་གོང་བོད་ཀྱི་ས་ཆ་མི་ཉུང་བ་ཞིག་ལ་དགོན་པ་གཏོར་བ་དང་དགེ་འདུན་པར་རྡུང་རྡེག་བཏང་བའི་གནས་ཚུལ་ཐོན་ཡོད་པས་དེ་ནི་སློབ་གསོ་གསུམ་གྱི་ལས་དོན་རུ་ཁག་དང་འབྲེལ་བ་མེད་པ་ཞིག་ཡིན་པ་བརྗོད་ན་ག་ལ་འགྲིག སློབ་གསོ་གསུམ་གྱི་ལས་འགུལ་ནང་གྲལ་རིམ་འཐབ་རྩོད་གཞི་རྒྱ་ཆེ་རུ་བཏང་བའི་གནད་དོན་ལྷག་ཡོད་པ་དང་དེས་གུང་ཁྲན་ཚོགས་པའི་མི་རིགས་སྲིད་ཇུས་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་གཏོར་བཤིག་ཕྱིན་ཡོད་པ་རྗེས་ལ་གུང་ཁྲན་ཚོགས་པའི་ཕྱོགས་ནས་ངོས་ལེན་བྱས་ཡོད། དགུང་ལོ་ལྔ་བཅུ་ལྷག་ཙམ་ལ་ཕེབས་པའི་བོད་མི་ཤེས་ཡོན་ཅན་ཞིག་གིས་བརྗོད་དོན། སློབ་གསོ་གསུམ་ཟེར་བ་འདི་ནི་དོན་དངོས་ཐོག་རིག་གནས་གསར་བརྗེ་ཆེན་པོ་འགོ་བཙུགས་པ་རང་རེད་ཅེས་བརྗོད་ཀྱི་འདུག

དེ་འདྲ་ཡིན་ན་གཙུག་ལག་ཁང་ལ་ཡང་སློབ་གསོ་གསུམ་གྱི་ལས་འགུལ་སྤེལ་ཡོད་དམ། ཡང་ན་དེའི་ཉིན་གཙུག་ལག་ཁང་ལ་གཏོར་བཤིག་གཏོང་སྐབས་སློབ་གསོ་གསུམ་གྱི་ལས་དོན་རུ་ཁག་ཀྱང་ས་གནས་དེ་རང་ལ་ཡོད་པ་ཡིན་ནམ་ཞེ་ན། ད་ག་རང་ཁོ་པ་ཚོ་ནི་ས་གནས་དེ་རང་ལ་ཡོད་པ་ཙམ་དུ་མ་ཟད། ད་དུང་སློབ་ཕྲུག་དང་གྲོང་མི་ཚོ་གཙུག་ལག་ཁང་ནང་མ་འཛུལ་གོང་ནས་དགོན་པའི་ནང་བཅའ་སྡོད་བྱེད་མུས་ཐོག་དམག་མིའི་མོ་ཀྲའི་ནང་ཆོས་རྫས་དང་ཆོས་ཕྱོགས་ཀྱི་ཡོ་ཆས། གནའ་བོའི་དཔེ་ཆ། སྐུ་ཐང་སོགས་བླུགས་ནས་དགོན་པའི་ཕྱིར་དབོར་འདྲེན་བྱས་ཡོད། ཡིན་ནའི་ས་གནས་གང་དུ་དབོར་འདྲེན་བྱས་ཡོད་མིན་སུས་ཀྱང་ཤེས་ཀྱི་མེད་པ་རེད། མི་འགའ་ཤས་ཀྱིས་གསལ་པོ་དྲན་པར་སློབ་གསོ་གསུམ་སྤེལ་མཁན་གྱི་ལས་དོན་རུ་ཁག་གི་འགོ་ཁྲིད་ཡིན་པ་མིང་ལ་ལིའི་ཧྥང་ཟེར་བ་དེ་རྗེས་སུ་ཁྲེན་ཀོན་ཆུས་(ལྷ་ས་གྲོང་ཁྱེར་ཁོངས་ཀྱི་གྲོང་སྡེ་ལས་ཁུངས་)ཀྱི་གུང་ཁྲན་ཚོགས་པའི་དྲུང་ཆེ་བྱས་ཡོད། དེ་སྔ་ཇོ་ཁང་ནང་ཇོ་བོ་ཤཱཀྱ་ཐུབ་པའི་སྐུ་བརྙན་མདུན་གསེར་སྦྱངས་བརྡུངས་མ་རང་གིས་བཟོས་པའི་མཆོད་ཀོང་(བོད་སྐད་ལ་ཀློང་རྡོལ་གསེར་ཀོང་)འདི་ཁོ་པ་རང་གིས་སྒེར་སྤྱོད་བྱས་པ་རེད། དེ་མིན་འདྲ་པར་སྟེང་གསར་བརྗེའི་མང་ཚོགས་ནས་ལག་པར་འཛིན་པའི་ཡིག་ཆེན་ཚགས་པར་འདིའི་འགོ་བརྗོད་དུ་སྤྲོ་སེམས་འཁོལ་བའི་ངང་ནས་གསར་བཙུགས་ཁྲོམ་གཞུང་གསར་དུ་བཙུགས་ཐུབ་པར་རྟེན་འབྲེལ་ཞུ་ཟེར་བའི་ཐོག་སློབ་གསོ་གསུམ་གྱི་རུ་ཁག་གཉིས་པའི་གསར་བརྗེའི་ཚོགས་མི་ཡོངས་ནས་ཞེས་མིང་བཀོད་པ་འདིའི་ཐོག་ནས་སློབ་གསོ་གསུམ་གྱི་ལས་དོན་རུ་ཁག་དེ་སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པའི་ཟླ་མཇུག་བར་དུའང་ད་དུང་བསྡད་ཡོད་པ་དང་སྔར་བཞིན་གསར་བཙུགས་ཁྲོམ་གཞུང་ཟེར་མིང་བཏགས་པའི་བར་སྐོར་ཁྲོམ་གཞུང་དུ་འཁྲུག་པོ་ཡོད་པ་དེ་གསལ་པོར་མངོན་ཐུབ་ཀྱི་ཡོད། དེར་བརྟེན་དམར་སྲུང་དམག་ནང་ཞུགས་མྱོང་བའི་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཅིག་གིས་རང་ལ་མ་ཉེས་ཁ་གཡོགས་བྱུང་བ་ལྟ་བུའི་ཐོག་ནས་བརྗོད་དོན་ལ།

རིག་གནས་གསར་བརྗེའི་གོང་ཙམ་ལ་སློབ་གྲྭར་སླེབས་པའི་སློབ་མ་གསར་པའི་འཛིན་གྲ་ཕུད་དེ་མིན་སློབ་འབྲིང་གི་སློབ་མ་ཡོངས་རྫོགས་སྤྱི་ལོ་༡༩༦༩ལོར་གྲོང་གསེབ་ལ་གཞོན་ནུ་ཤེས་ཡོན་ཅན་བྱེད་པར་བཏང་བ་རེད། (ཐོ་འགོད་ནང་གསལ་བར་གཞིགས་ན། སྤྱི་ལོ་༡༩༦༩ལོའི་ཟླ་༩ཚེས་༢༧ཉིན་ལྷ་ས་སློབ་འབྲིང་ནས་གཞོན་ནུ་ཤེས་ཡོན་ཅན་མི་གྲངས་༡༣༢ཐོག་མར་གྲོང་གསེབ་ལ་ཁྱིམ་གཞིས་འཛུགས་པར་བཏང་བ་རེད།) ང་ཚོ་ནི་བོད་ཀྱི་གཞོན་ནུ་ཤེས་ཡོན་ཅན་སྔ་ཤོས་དེ་ཡིན་པས་སྐབས་དེ་དུས་ལྷ་སའི་མང་ཚོགས་ཚང་མས་བརྗོད་དོན་ལ་འདི་ནི་ལས་རྒྱུ་འབྲས་འཁོར་བ་རེད་ཅེས་དང༌། གཙུག་ལག་ཁང་གཏོར་བཤིག་བཏང་བར་འགྲོ་མཁན་སྔ་ཤོས་དེ་ང་ཚོ་ཡིན་པར་བརྟེན་ད་ལྟ་གསར་བརྗེ་དེ་རང་གི་མགོ་ལ་སླེབས་པ་རེད་སྡུག་གྱོང་རེད་ཅེས་ཟེར་གྱི་ཡོད། སློབ་གྲྭའི་དམའ་རིམ་འཛིན་གྲའི་སློབ་མ་ཚོའི་ཡིད་དུ་སློབ་འབྲིང་གི་སློབ་ཕྲུག་རྙིང་པ་ཚོས་ང་ཚོ་ཡང་མཉམ་དུ་ཞོར་འདྲུད་བྱས་ཏེ་མགོ་བོ་བཀྱགས་རྒྱུ་མེད་པ་བཟོས་བྱུང་ཞེས་འཁང་ར་བྱས་ཏེ་བཤད་ཀྱི་ཡོད། དོན་དངོས་ཐོག་ང་ཚོ་ཚང་མ་ནི་ཉེས་ཚབ་འཁུར་མཁན་ཡིན་པར་བརྟེན་མི་གཞན་གྱི་མདུན་དུ་མེ་མདའ་བཀག་མཁན་ལྟར་རྩིས་ཏེ་བེད་སྤྱོད་བྱས་ཡོད་པ་རེད། ང་ཚོ་ནི་ལོ་ན་བཅོ་བརྒྱད་བཅུ་དགུའི་ན་གཞོན་ཡིན་པས་ག་རེ་ཤེས་ཀྱི་རེད་དམ། གནས་ཚུལ་འདིའི་ཐོག་ནས་བཤད་ན་ང་ཚོ་ནི་གཞན་གྱི་དོན་དུ་བློས་གཏོང་དངོས་རྫས་ལྟ་བུ་ཆགས་པ་རེད།

དེ་སྔ་བར་སྐོར་ཁྲོམ་གཞུང་ཨུ་ཡོན་ལྷན་ཁང་གི་འགན་འཛིན་བྱེད་མྱོང་བའི་བཅུ་བཞི་(གསང་མིང་)ཡིས་འདྲ་པར་དེ་དག་མཐོང་སྐབས་བསམ་བློ་གཏོང་རིན་ཡོད་པའི་རྣམ་འགྱུར་གྱི་ཐོག་ནས་སྔོན་ལ་ཁོ་མོས་ད་ག་རང་གཙུག་ལག་ཁང་གཏོར་བཤིག་བཏང་བ་རེད་ཟེར་ཁས་ལེན་ནས་བརྗོད་ཀྱི་འདུག འོན་ཀྱང་ལམ་སེང་ཡང་བརྗོད་དོན་ལ་དེ་ནི་སློབ་གྲྭའི་ནང་གི་ཕྲུ་གུ་ཚོས་བྱས་པ་རེད། ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཚོ་རེད། ཡིན་ནའི་ཁོང་ཚོ་ནི་ཕྲུ་གུ་ཆུང་ཆུང་རེད་ཅེས་དང༌། ཡང་གུས་མོས་ཁོང་ལ་སྐད་ཆ་དྲིས་པར་གྲོང་མི་ཡོད་པ་མ་རེད་དམ། གོ་ཐོས་ལ་གྲོང་མི་མང་པོ་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་པ་རེད་ཟེར་གྱི་འདུག་ཟེར་དྲིས་སྐབས་ཁོང་གིས་ལམ་སེང་མིག་ཙུམ་ཙམ་བྱས་ཏེ་ཕལ་ཆེར་ཡོད་ཀྱི་རེད། ངས་ཤེས་མ་བྱུང་ལ་ང་ནི་ནང་དུ་འཛུལ་མེད། ཡིན་ནའི་སློབ་གྲྭའི་དམར་སྲུང་དམག་གིས་གཙུག་ལག་ཁང་ནང་འཛུལ་ཏེ་གཏོར་བཤིག་བཏང་བ་ངས་ཤེས་བྱུང༌། རྗེས་སུ་ཕལ་ཆེར་གྲོང་མི་ཡང་ཕྱིན་ཏེ་གཏོར་བཤིག་ཕྲན་བུ་བཏང་ཡོད་པ་འདྲ། ཡིན་ནའི་སྐབས་དེ་དུས་སློབ་ཕྲུག་གི་མ་གཏོགས་དེ་འདྲ་བྱེད་ཕོད་ཀྱི་མ་རེད། མི་གཞན་གྱིས་དེ་འདྲ་ག་ནས་བྱེད་ཕོད། དེ་འདྲ་ཡིན་ན་ཁྱེད་རང་སྐབས་དེ་དུས་ཡོད་པས་ཟེར་དྲིས་སྐབས་ཁོང་གིས་སྐབས་དེ་དུས་གཙུག་ལག་ཁང་གཏོར་བཤིག་གཏོང་བཞིན་ཡོད་པ་ང་ཚོས་གོས་ཐོས་བྱུང་བས་ཚང་མ་རྒྱུག་ཕྱིན་ནས་བལྟས་པ་མ་གཏོགས་ནང་དུ་འཛུལ་མེད། ནང་ལོག་ལ་གཏོར་བཤིག་གང་འདྲ་བཏང་མིན་ཤེས་མ་བྱུང༌། རྗེས་སུ་ང་ཚོ་ཡང་གསུང་ཆོས་རྭ་བར་ཕྱིན་ནས་བལྟས་པ་ཡིན། དེའི་སྐབས་མི་མང་པོ་ཡོང་ནས་དམར་སྲུང་དམག་གིས་དགོན་པ་གཏོར་བའི་གནས་སྟངས་ལ་ལྟ་བཞིན་འདུག ཕྱོགས་མཐའ་འདྲ་མིན་ནས་ཡོང་བ་ཚང་མ་འདུག མ་གཞི་བྱས་ན་མི་འགའ་རེ་བར་སྐོར་ཁྲོམ་གཞུང་ལ་སྐྱོད་མཁན་ཡིན་པ་དང་འགའ་རེ་བར་སྐོར་ལ་སྐོར་ར་བསག་བཞིན་པའི་སྐབས་ཡིན་པས་གནས་ཚུལ་དེ་འདྲ་བྱུང་བ་ཤེས་ཏེ་ཚང་མས་མཐའ་སྐོར་ནས་ལྟ་བཞིན་འདུག སྐབས་དེ་དུས་ད་དུང་བར་སྐོར་ལ་སྐོར་ར་བསག་མཁན་འདུག་གམ་ཞེས་དྲིས་སྐབས་ཁོང་གིས་འདུག་ཅེས་ལན་འདེབས་བྱས་བྱུང༌། དམར་སྲུང་དམག་ནི་གློ་བུར་དུ་ཡོང་བ་རེད། དམར་སྲུང་དམག་ག་དུས་ཡོང་གི་ཡོད་པ་སུས་ཀྱང་ཤེས་ཀྱི་མེད་པར་བརྟེན་བར་སྐོར་ལ་སྐོར་ར་བསག་མཁན་དང་སྐུ་ཕྱག་ཕུལ་མཁན་ཚང་མ་འདུག ཡིན་ནའི་དར་ཆ་དམར་པོ་ཆུང་ཆུང་འཁྱེར་བ་དང་འབོད་ཚིག་སྒྲོག་མཁན་དེ་དག་ནི་སྒྲིག་འཛུགས་བྱས་པ་རེད་ལ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པ་རེད་ཅེས་ཁོ་མོས་འདྲ་པར་ལ་མཛུབ་མོ་བཙུགས་བཞིན་བཤད་བྱུང༌། ཁྱེད་རང་ཚོས་གནས་ཚུལ་འདི་འདྲ་ཞིག་མཐོང་དུས་སེམས་ནང་ལ་བསམ་ཚུལ་གང་འདྲ་ཞིག་བྱུང་སོང་ངམ་ཟེར་ཁོང་ལ་སྐད་ཆ་དྲིས་པས་ཁོང་གིས་ངང་ཙམ་བྱས་ནས་གང་འདྲ་ཟེར་ལབ་དགོས་རས་སེམས་ནང་བསམ་ཞིང་འདི་འདྲ་བྱས་ཏེ་གཏོར་བ་རེད། ཡིན་ནའི་སེམས་ནང་གང་བསམ་པ་དེ་བཤད་ཕོད་ཀྱི་མ་རེད། དེ་མིན་ན་ཞྭ་མོ་གཡོག་གི་རེད། མི་སུ་ལ་ཡང་བློ་ཁོག་འདི་ཡོད་པ་མ་རེད་ཟེར་བཤད་བྱུང༌། ཡིན་ནའི་ཁོང་གིས་སེམས་འགུལ་ཐེབས་པའི་ངང་བརྗོད་དོན་ལ། གལ་སྲིད་གཙོ་འཛིན་མོའོ་ཡིས་དམག་སྤྱི་ཁང་ལ་མེ་སྒྱོགས་རྒྱོབས་དགོས་ཟེར་བའི་ཡིག་ཆེན་ཚགས་པར་དེ་བཏོན་མེད་པ་དང་འདི་དང་འདི་འདྲ་བྱེད་དགོས་པའི་སྐུལ་སློང་གི་སྐད་ཆ་བཤད་མེད་ན་སློབ་ཕྲུག་དེ་དག་གིས་ལས་ཀ་དེ་འདྲ་བྱེད་ཕོད་ཀྱི་རེད་དམ། གང་ལགས་ཤེ་ན། དེའི་སྔོན་ལ་ཁོང་ཚོས་དགོན་པ་གཅིག་ཀྱང་གཏོར་བར་འགྲོ་མྱོང་མེད།(སྐད་ཆ་དུམ་བུ་འདིའི་ནང་ནང་དོན་ལྡན་པའི་སྐད་ཆ་ཚིག་འགའ་ཤས་ནི་སྒྲིག་འཛུགས་དང་དོན་དངོས༌། ཞྭ་མོ་གཡོག་པ། དམག་སྤྱི་ཁང་ལ་མེ་སྒྱོགས་རྒྱོབས་ཟེར་བ་བཅས་ཁོང་གིས་རྒྱ་སྐད་ཚིག་སྒྲ་དག་ཅིང་ཚད་ལྡན་གྱིས་བཤད་བྱུང༌།)

ཞོགས་པ་ཕོ་བྲང་པོ་ཏཱ་ལར་རྩེ་སྐོར་དུ་སྐྱོད་མཁན་གྱི་རྒན་འཁོགས་ཚོ་དུས་ཚོད་ཀྱི་ཕུག་ལམ་ནང་བསྐྱར་དུ་སྐྱོད་པ་ནང་བཞིན་འདུག

ཆུང་དུས་ནས་རབ་ཏུ་བྱུང་བ་དང་སྤྱི་ལོ་༡༩༥༩ལོ་ནས་རིག་གནས་གསར་བརྗེ་བར་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམངས་སྲིད་ལས་བྱེད་དང་དམར་སྲུང་དམག ཡུལ་དམག གྱེན་ལོག་ཤོག་ཁག་བཅས་བྱེད་མྱོང་བ་དང་རིག་གནས་གསར་བརྗེའི་རྗེས་ལ་ཡང་བསྐྱར་ནང་ཆོས་ལ་དད་པ་བྱེད་མཁན་བྱམས་པ་རིན་ཆེན་ནི་ཧུར་བརྩོན་ཅན་ཟེར་བའི་གྲས་ཤིག་རེད། ཁོང་གིས་སྐབས་དེ་དུས་དངོས་གནས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཟེར་བའི་གུང་ཁྲན་རིང་ལུགས་ཀྱི་དྲིལ་བསྒྲགས་དེ་ཆོས་ལུགས་གཞན་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་དང་ལེན་བྱས་པ་དང་བཀའ་ལ་ཉན་པ། བྱ་སྤྱོད་སྤེལ་བ་བཅས་བྱས་པར་བརྟེན་ཁོང་གིས་དེ་སྔའི་གནས་ཚུལ་དྲན་གསོ་བྱེད་པའི་ནང་འགལ་ཟླ་དང་བསམ་བློ་གཏོང་དཀའ་བ་མང་པོ་འདུག དེའི་ཐོག་ནས་མི་སེར་དཀྱུས་མ་ཞིག་གི་བསམ་བློ་ངོ་མ་དང་མྱོང་ཚོར་ཞིག་འབུར་དུ་མངོན་ཐུབ་ཀྱི་འདུག

དེའང་དུས་ཡུན་རིང་པོ་མ་སོང་བར་ང་ཚོ་བསྐྱར་དུ་ཚོགས་འདུ་ཞིག་ནང་ཞུགས་པ་ཡིན། ཚོགས་འདུའི་ཐོག་རྒྱལ་ཁ་ལམ་དོན་གཅོད་ཁང་(དེའི་ཁོངས་བར་སྐོར་དང་ཁྲོམ་གཟིགས་ཁང་བཅས་ཨུ་ཡོན་ལྷན་ཁང་བཞི་ཡོད་)གི་དྲུང་ཆེ་ཀྲང་ནས་བརྗོད་པར་ལྷ་སའི་དར་ཤིང་བཙུགས་ནས་མཚོན་རྟགས་བཟུང་བའི་ཟུར་བཞི་དང་ཕྱོགས་བཞི་(ལྷ་སའི་ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་ཡོད་པའི་པོ་ཏཱ་ལ་དང་གཙུག་ལག་ཁང་ཕྱི་ནང་རིགས་གསུམ་དགོན་པོ། བསྟན་རྒྱས་གླིང༌། ད་དུང་མིང་གཅིག་དྲན་མ་སོང་ཟེ་བཤད།) དེ་དག་ཚང་མ་ནི་རྙིང་པ་བཞིའི་གྲས་རེད། ད་དུང་ བཤད་པར་ཟུར་བཞི་དང་ཕྱོགས་བཞི་དེ་དག་གྲོང་མི་ཨུ་ཡོན་ལྷན་ཁང་གང་གི་ཁོངས་སུ་གཏོགས་ཀྱི་ཡོད་པ་ཡིན་ནའི་གྲོང་མི་ཨུ་ཡོན་ལྷན་ཁང་གང་ལ་གཏོགས་པ་དེས་གཏོར་དགོས་ཀྱི་ཡོད།

ང་ཚོ་ཁྲོམ་གཟིགས་ཁང་གི་ལས་འགན་ནི་ཀཀྞི་སྒོ་བཞི་གཏོར་རྒྱུ་དེ་རེད། ཀཀྞི་སྒོ་བཞི་ནི་བར་སྐོར་བྱང་ངོས་སྣང་རྩེ་ཤག་དང་མ་ཎི་ལྷ་ཁང་གི་ཉེ་འགྲམ་དུ་མཆོད་རྟེན་དཀར་པོ་ཕྱོགས་བཞིར་སྒོ་བཞི་ཡོད་པ་དེར་ཕལ་ཆེར་ལོ་ངོ་ལྔ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་རེད། མི་ 70 མང་པོས་བཤད་ཡག་ལ་དེ་ནི་ཚོང་དཔོན་ནོར་བུ་བཟང་པོས་བཞེངས་གནང་བ་རེད་ཟེར། དེར་བརྟེན་མཆོད་རྟེན་འདིའི་ནང་ཁོང་གི་སྐུ་གདུང་ཡོད་པ་བརྗོད་ཀྱི་ཡོད།

སྐབས་དེ་དུས་ང་ནི་ཡུལ་དམག་གི་ལས་བྱེད་ཆུང་གྲས་ཤིག་ཡིན་པས་བཅུ་དཔོན་ལྟ་བུ་རེད། ང་ཚོའི་འགོ་པ་ནི་རྐང་བཙུགས་རེད། ཁོ་པ་ད་ལྟ་ཡང་བསྡད་ཡོད་པས་ཁྲོམ་གཟིགས་ཁང་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་རེད། ཁོ་པས་ང་ཚོ་ཁྲིད་ནས་ཀཀྞི་སྒོ་བཞིའི་འགྲམ་ལ་སླེབས་སྐབས་ང་དང་བསོད་ནམས་ཟེར་མཁན་གྱི་གཞོན་པ་ཞིག་ཡོད་པ་(ཁོང་ད་ལྟ་འདས་གྲོངས་ལ་སོང་བཞག)ང་གཉིས་མཆོད་རྟེན་སྟེང་དུ་འཛེགས་པ་ཡིན། གང་ལྟར་འགོ་ཁྲིད་ཀྱིས་ང་ཚོར་ག་རེ་བྱེད་དུ་བཅུག་ནའི་ང་ཚོས་དེ་ལྟར་བྱེད་དགོས་ཀྱི་ཡོད་པས་བྱས་ཙང་ང་ཚོས་མཆོད་རྟེན་སྒང་དུ་འཛེགས་པ་ཡིན། མཆོད་རྟེན་གྱི་རྩེ་ལ་ཉི་མ་དང་ཟླ་བའི་རྒྱན་སྤྲས་ཡོད་པ་དེར་ང་དང་བསོད་ནམས་ཀྱིས་འཇོར་བརྒྱབ་ན་ཡང་བཀོག་ཐུབ་མ་བྱུང༌། དེ་བརྟན་པོ་ཞེ་དྲག་བརྒྱབ་འདུག ཡང་བསྐྱར་ཐག་པ་བརྒྱབ་ནས་ཤུགས་ཆེན་པོས་འཐེན་རྗེས་གཞི་ནས་སློག་ཐུབ་བྱུང་བས་དེའི་ནང་གི་ནོར་བུའི་རིགས་རྫས་གཟི་མིག་དགུ་པ་དང་གཡུ། བྱུ་རུ། རྫུལ་བཅས་དོན་སོང༌། ད་དུང་གསེར་དངུལ་ཡང་འདུག ངས་དེ་དག་ཁ་བཏགས་ཀྱིས་བཏུམས་པ་མ་ཟད། ད་དུང་རོགས་པར་འཁྱེར་རྒྱུ་ཡོག་མ་རེད་ཟེ་ལབས་པ་ཡིན། དེ་རྗེས་ཁ་བཏགས་ཀྱིས་སྒྲིལ་པ་འདི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ནོར་ནོར་ལ་སྤྲད་པ་ཡིན་ན་ཡང་སེམས་ནང་དེ་ཙམ་སྐྱིད་པོ་མ་བྱུང༌། གང་འདྲ་ཡིན་རུང་གུས་པ་ནི་དེ་སྔོན་དགེ་འདུན་པ་ཞིག་ཡིན་པས་ད་ཆ་ལས་ཀ་འདི་འདྲ་ཞིག་བྱེད་དགོས་དུས་འདི་ནི་སྡིག་པ་བསག་པ་རང་རེད། ཡིན་ནའི་གསར་བརྗེ་མ་བྱས་པ་ཡིན་ན་མི་འགྲིག་པར་བརྟེན་ངས་སེམས་ནང་ནས་སྨོན་ལམ་འདི་འདྲ་ཞིག་རྒྱབ་ཡོད་པ་སྟེ་ང་ཚེ་རྗེས་མ་ཁྱིམ་ཚང་ཕྱུག་པོ་ཞིག་ལ་སྐྱེས་ནས་མཆོད་རྟེན་འདི་དང་གཅིག་པ་གཅིག་རྐྱང་ཞིག་བཞེངས་ཐུབ་པ་ཤོག་ཅེས་སྨོན་ལམ་རྒྱབ་པ་ཡིན། དེའི་སྐབས་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཡོང་ཏེ་རྔ་དང་འཁར་རྔ་བརྡུངས་ཤིང་འབོད་ཚིག་མང་པོ་སྒྲོགས་ནས་བརྗོད་དོན་ལ་ཤུགས་ཆེན་པོས་རྙིང་པ་བཞི་གཏོར་དགོས། ཡིན་ནའི་ང་ཚོས་མཆོད་རྟེན་འདི་གཏོར་མ་ཚར་གོང་ལ་ཁྲེན་ཀོན་ཆུས་(ལྷ་ས་གྲོང་ཁྱེར་ཁོངས་ཀྱི་གྲོང་སྡེ་ལས་ཁུངས་) འཛུགས་སྐྲུན་རུ་ཁག་གི་འགོ་ཁྲིད་སླེབས་པར་བརྟེན་ཁོ་པས་མཆོད་རྟེན་འདི་ཁྲོམ་གཟིགས་ཁང་གི་ཁོངས་གཏོགས་མ་ཡིན་པས་མཆོད་རྟེན་གཏོར་རྒྱུའི་ལས་འགན་འདི་ཁོ་པ་ཚོས་རྩིས་ལེན་བྱས་པ་དང༌། ད་དུང་ཚོང་དཔོན་ནོར་བུ་བཟང་པོའི་སྐུ་གདུང་སྐམ་ནས་ཆུང་ཆུང་ཆགས་པ་འདི་ཡང་ཁྲོམ་སྐོར་ལ་འཁྱེར་ནས་མང་ཚོགས་ཀྱི་མདུན་དུ་སྟོན་པ་དང་དེ་རྗེས་གང་དུ་དབྱུགས་པ་ཡིན་མིན་ཤེས་མ་བྱུང༌། མཆོད་རྟེན་ནང་གི་ནོར་བུའི་རིགས་ཚང་མ་ཡང་ཁོ་པ་ཚོས་འཁྱེར་སོང་བས་མི་སྒེར་གྱི་ཉར་བ་ཡིན་ནམ་ཡང་ན་གོང་རིམ་ལ་སྤྲད་ཡོད་དམ་གང་ལྟར་རྩ་བ་ནས་མཐོང་རྒྱུ་ཡོད་པ་མ་རེད། འདིའི་ཉིན་མོར་གཙུག་ལག་ཁང་ཡང་གཏོར་བ་རེད། གཙོ་བོ་བར་སྐོར་ཨུ་ཡོན་ལྷན་ཁང་གིས་བྱས་པ་རེད། གཙུག་ལག་ཁང་ནི་བར་སྐོར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཡིན་པར་བརྟེན་གཏོར་བ་རེད།

རྨེ་རུ་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་བཅུ་གཅིག་(གསང་མིང་)གིས་ཕྱིར་དྲན་བྱས་ནས་བརྗོད་དོན།

ཉིན་ཞིག་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ང་ཚོར་བརྡ་ཐོ་བཏང་སྟེ་ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་མི་ཚང་མ་ཟབ་སྤྲོས་གྱོན་ཏེ་ཚོགས་འདུར་ཡོང་དགོས་པ་དང་དེ་མཚུངས་རྐོ་མ་དང་འཇོར། སླེ་པོ་སོགས་འཁྱེར་ཡོང་དགོས་པ་མ་ཟད། ད་དུང་ཁྱིམ་ཚང་ནས་མི་གཅིག་ཀྱང་ཆད་ཆོག་གི་མ་རེད་ལ། དགོངས་པ་ཡང་ཞུ་ཆོག་གི་མེད། གལ་ཏེ་སུ་འདྲ་ཞིག་མི་ཡོང་བ་ཡིན་ན་མི་དེའི་ཐེམ་ཐོ་དང་འབྲུ་རིགས་ལག་འཁྱེར་མེད་པ་བཟོ་རྒྱུ་ཡིན་ཟེར་བརྗོད་བཞག དེ་འདྲ་སོང་ཙང་ཚང་མས་སྔ་པོ་ནས་ཕྱིན་པ་ཡིན་རུང་ག་རེ་བྱེད་དགོས་མིན་ཤེས་ཀྱི་མེད། གྲོང་མི་ཨུ་ཡོན་ལྷན་ཁང་ནས་ཁྱིམ་ཚང་རེ་རེ་བཞིན་མི་གྲངས་ཞིབ་བཤེར་བྱས་པ་དང་མི་ཚང་ཚང་མ་སླེབས་ཡོད་མེད་བལྟས་རྗེས་གཞི་ནས་ཚོགས་འདུ་སྐོང་ཚོགས་བྱས་ཏེ་རྙིང་པ་བཞི་གཏོར་དགོས་པའི་གསལ་བསྒྲགས་བྱས་སོང༌། དེ་རྗེས་མི་ཚང་མ་རུ་སྟར་སྒྲིག་བཅུག་ནས་ཐོན་པ་རེད།

འོ་ན་གང་དུ་ཕྱིན་པ་ཡིན་ནམ་ཞེ་ན། ད་བྱེད་དུས་མི་ཁག་ཅིག་ཚེ་དཔག་ལྷ་ཁང་ལ་ཁྲིད་པ་དང་ཁག་ཅིག་རྒྱུད་སྨད་གྲ་ཚང་ལ་ཁྲིད་པ། ཡང་ཁག་ཅིག་ཞི་ཁྲོ་ལྷ་ཁང་ལ་ཁྲིད་བཞག ཚེ་དཔག་ལྷ་ཁང་ནི་ར་མོ་ཆེ་གཙུག་ལག་ཁང་གི་འགྲམ་དུ་ཡོད། ཞི་ཁྲོ་ལྷ་ཁང་ནི་རྒྱ་འབུམ་སྒང་གི་ཉེ་འགྲམ་དུ་ལྷ་ཁང་ཆུང་ཆུང་ཞིག་རེད། རྒྱུད་སྨད་ནི་རྒྱུད་སྨད་གྲ་ཚང་ཡིན་ཞིང༌། ད་དུང་རྨེ་རུ་དགོན་པ་ཡང་ཡོད་པ་རེད། དེ་དག་ཚང་མ་ནི་རྨེ་རུ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རེད། ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་དང་ཧུར་བརྩོན་ཅན་ཚོས་མདུན་ལ་སྐྱོད་ནས་ལྷ་ཁང་གཉིས་དང་རྒྱུད་སྨད་གྲ་ཚང་སོགས་ཚང་མ་གཏོར་བཤིག་བཏང་སོང༌། ང་ཚོ་མི་ཁག་ཅིག་གིས་གཏོར་བཤིག་བཏང་བའི་སྐུ་འདྲ་སླེ་པོའི་ནང་བླུགས་ཏེ་རྒྱ་ལམ་དང་ཁྲོམ་གཞུང་སྟེང་དབྱུག་པར་བཏང་བྱུང༌། དེ་བཞིན་ཕྱག་དཔེ་ཡང་ཤོག་ལྷེ་རེ་རེ་བཞིན་རྒྱ་ལམ་སྟེང་ཐོར་ནས་འདུག་པ་དང༌། དེ་རྣམས་ནི་གྲོང་མི་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པ་རེད། ང་རང་ཡང་སླེ་པོ་རྒྱབ་ལ་འཁུར་ནས་སྐུ་འདྲ་དབྱུག་མཁན་གྱི་གྲས་སུ་ཡོད་པས་མ་ཕྱིན་ན་མི་འགྲིག་པར་ཁ་རྡུང་ཕོག་པ་མ་ཟད། ཉེས་ཆད་ནན་པོ་གཏོང་གི་རེད། དེ་ནི་ཐེམ་ཐོ་དང་འབྲུ་རིགས་ལག་འཁྱེར་སྤ་སེ་བཅས་མེད་པ་བཟོ་ཡི་ཡོད་པར་བརྟེན་མི་གཅིག་གིས་ཀྱང་མ་ཕྱིན་པ་བྱེད་མི་ནུས་པར་ཚང་མ་འགྲོ་དགོས་བྱུང་བ་རེད། མི་མང་ཆེ་བ་འཇིགས་སྣང་འོག་བསྐྱོད་ནས་བྱ་བ་དེ་རིགས་མི་བྱེད་ཀ་མེད་བྱུང་ཡོད་ལ། ཧུར་བརྩོན་ཅན་གྱི་མི་དེ་ཚོ་ཕུད་གཞན་མི་གཅིག་གིས་ཀྱང་བྱ་བ་དེ་རིགས་བྱེད་འདོད་ཡོད་པ་མ་རེད།

གྲོང་མི་ཨུ་ཡོན་ལྷན་ཁང་གཉིས་པའི་(རྒྱ་འབུམ་སྒང་ཨུ་ཡོན་ལྷན་ཁང་)ལས་འགན་ནི་ར་མོ་ཆེ་གཙུག་ལག་ཁང་གཏོར་རྒྱུ་དེ་རེད། ར་མོ་ཆེ་གཙུག་ལག་ཁང་ནང་གི་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་དེ་བལ་བཟའ་ཁྲི་བཙུན་གྱིས་དེ་སྔ་གདན་འདྲེན་ཞུས་གནང་བ་ཞིག་དང༌། དེ་ནི་གསེར་ཟངས་ཀྱི་སྐུ་བརྙན་ཡིན་པ་ལས་གཏོར་ཚར་རྗེས་རྒྱ་ལམ་སྟེང་དབྱུག་བདེ་བའི་འཇིམ་བཟོའི་སྐུ་བརྙན་ནང་བཞིན་མིན་པར་བརྟེན་ཇོ་བོའི་སྐུ་བརྙན་དེ་སྟོད་སྨད་གཉིས་གཤགས་ནས་ཁ་ཕྲལ་ཏེ་ལྷ་སའི་མཛོད་ཁང་ཞིག་ནང་བཞག་ཡོད། རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་བསམ་ཡུལ་ལས་འདས་པར་པེ་ཅིང་ནས་ར་མོ་ཆེ་ཇོ་བོའི་སྐུ་སྟོད་དེ་རྙེད་པ་རེད། པན་ཆེན་རིན་པོ་ཆེ་མཆོག་(པན་ཆེན་སྐུ་འཕྲེང་བཅུ་པ་མཆོག་ནས་)ཆེད་མངགས་མི་སྣ་མངག་གཏོང་གནང་ཏེ་ལྷ་སར་གདན་འདྲེན་ཞུས་གནང་བ་དང་སྐུ་སྨད་དེ་དང་བསྐྱར་དུ་སྒྲིག་ཐུབ་པ་བྱུང་ནས་ཡང་བསྐྱར་ར་མོ་ཆེའི་གཙུག་ལག་ཁང་ལ་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད་ཟེ་བཤད་ཀྱི་འདུག

དེ་ལྟར་བལྟས་པ་ཡིན་ན་རྙིང་པ་བཞི་གཏོར་བའི་ཟང་ཟིང་ནང་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོས་ལག་ལེན་མཐར་ཕྱིན་པ་བཏང་བ་དང་སྒྲིག་འཛུགས་བྱས་པ། ལག་བསྟར་བྱེད་པ་བཅས་ཀྱི་འཁྲབ་སྟོན་པ་ཞིག་བྱས་པ་རེད། ཡིན་ནའི་གལ་སྲིད་གོང་རིམ་དང་ཐ་ན་རིམ་པ་གོང་མ་དེའི་སྒང་ནས་བཀའ་བཏང་བ་དང་བཀོད་སྒྲིག་མ་བྱས་ན་གྲོང་མི་ཨུ་ཡོན་ལྷན་ཁང་གིས་རང་འཚམ་གྱིས་འདོད་ཚུལ་འདི་འདྲ་བྱེད་ནུས་ཀྱི་རེད་དམ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ཅིག་གིས་ཨུ་ཡོན་ལྷན་ཁང་གིས་དེ་འདྲ་བྱས་པ་ནི་ཁྲེང་ཀོན་ཆུས་ཀྱི་འགོ་ཁྲིད་ནས་བཀོད་སྒྲིག་བྱས་པ་རེད། ཁྲེང་ཀོན་ཆུས་ཀྱི་སྒང་ལ་ལྷ་ས་གྲོང་ཁྱེར་ཡོད་པ་དང༌། ལྷ་ས་གྲོང་ཁྱེར་གྱི་སྒང་ལ་རང་སྐྱོང་ལྗོངས་ཡོད་པ་རེད་ཟེ་བཤད་པ་ལྟར་ཡིན་པ་རེད། སློབ་གྲྭའི་ངོས་ནས་ནུས་པ་ཆེན་པོ་ཐོན་ཡོད་པ་དེ་ཡང་བརྗོད་མི་དགོས་པ་རེད། དེ་སྔ་མའོ་ཙེ་ཏུང་གིས་དགའ་པོ་བྱེད་པའི་དམར་སྲུང་དམག་ནི་ཏག་ཏག་སློབ་གྲྭ་འབྲིང་བ་དང་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་ཕྲུག་དམར་སྲུང་དམག་ཡིན་པར་བརྟེན་དེར་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡོད་པ་རེད། གང་ལྟར་ནའང་གྱེན་ལོག་བྱས་པར་རྒྱུ་མཚན་ཡོད་ཟེར་བ་དེ་རེད། དེ་མིན་མི་མང་པོས་ད་དུང་ཁ་གསབ་བྱས་ཏེ་བརྗོད་དོན། གཙུག་ལག་ཁང་གཏོར་བའི་ལས་འགུལ་ནང་སྔ་ཤོས་ནི་སློབ་ཕྲུག་གི་དམར་སྲུང་དམག་དང་གྲོང་མིའི་ནང་ནས་ཧུར་བརྩོན་ཅན་ཚོས་འདིའི་ནང་ཧུར་བརྩོན་ཆེན་པོས་མཉམ་ཞུགས་བྱས་ཡོད། རྗེས་སུ་དགོན་པའི་ནང་གི་གྲ་བཙུན་རྣམས་ལ་རྟག་ཏུ་བཙན་ཤེད་ཀྱིས་དགོན་པ་བཤིག་བཅུག་གི་ཡོད་པ་དང༌། དེ་དག་ནི་ཁྱེད་རང་ཚོས་བཟོས་པའི་ལྷ་འདྲེ་གདོན་བགེགས་ཡིན་པས་ཁྱེད་རང་ཚོ་རང་ཉིད་ཕྱིན་ཏེ་གཏོར་དགོས་ཟེར་གྱི་ཡོད། སྤྱིར་བཏང་མི་མང་ཆེ་བས་ཁ་ནས་བཤད་མ་ནུས་ཀྱང་སེམས་ནང་རང་གིས་བྱེད་འདོད་མེད་པ་དང༌། ཡིན་ནའི་ལས་ཀ་སྐུལ་བ་འདི་མ་བྱས་པ་ཡིན་ན་འགྲིག་གི་མ་རེད་ལ། གལ་ཏེ་མ་བྱས་ན་རྡུང་རྡེག་ཕོག་རྒྱུ་དང་ཐ་ན་བཙོན་བཅུག་ཀྱང་བྱེད་ཀྱི་ཡོད་པར་བརྟེན་དེ་ལྟ་བུའི་གནས་སྟངས་འདི་དངོས་གནས་ཧ་ཅང་གི་འཇིགས་སྣང་ཆེན་པོ་ཡོད་པ་རེད།

སྤྱི་ལོ་༢༠༠༣ལོའི་ལོ་སྟོད་ལ་རྒན་རབས་ཤིག་གིས་ངོ་སྤྲོད་གནང་བ་བརྒྱུད་གུས་མོས་བགྲེས་སོང་བྱམས་པ་རིན་ཆེན་ཁོང་འཚོལ་ཐུབ་པ་བྱུང་ལ། ཁོང་གིས་བཤད་པའི་ལོ་རྒྱུས་ཀྱང་ཉན་ཐུབ་བྱུང༌།

ངེས་པར་དུ་གཏན་འཁེལ་བ་ཞིག་ནི་དབང་ཆ་ཆེན་པོ་ལག་ཏུ་འཛིན་ཏེ་སྲོལ་ངན་ཐོག་མར་གཏོད་མཁན་དང་ཡང་ན་ཐག་རིང་ས་ནས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཡང་སྟེང་ནས་རྒྱལ་ཡོངས་མི་དམངས་ལ་ལག་པ་གཡུག་གཡུག་བྱས་ཏེ་འཚམས་འདྲི་བྱ་ཁུལ་བྱ་མཁན་མའོ་ཙེ་ཏུང་དང༌། ཡང་ན་ཐག་ཉེ་ས་ནས་བོད་ཀྱི་དམག་སྲིད་ཀྱི་འགོ་ཁྲིད་ཨང་དང་པོ་ཀྲང་གོ་ཧྭའམ་ཡང་ན་ཁྲེང་ཀོན་ཆུས་ཀྱི་དྲུང་ཆེ་ག་གེ་མོ་ཞིག དེ་བཞིན་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ག་གེ་མོ་སོགས་དེ་དག་ཡིན་པ་ངེས་གཏན་རེད། འོན་ཀྱང་ང་ཚོས་གཅིག་མཚུངས་གཏན་འཁེལ་བྱེད་ཐུབ་པ་ཞིག་ནི་གང་ལྟར་རང་རྟོགས་ཡིན་དང་མིན། གང་ལྟར་ལོངས་མཆོངས་ཀྱིས་རྗེས་འབྲངས་བྱས་ཡོད་དང་མེད། གང་ལྟར་མི་བྱེད་ཀ་མེད་ཐུག་ཡོད་དང་མེད་བཅས་ཡིན་མིན་ལ་མ་ལྟོས་པར་མ་གཞི་ལས་འགུལ་དེར་ཞུགས་མཁན་དེ་ཚོ་མཐར་གཏུགས་ན་ཚང་མ་མུན་ཐོམ་ཡིན་པ་དང་ངན་སྐུལ་ཕོག་པ། བེད་སྤྱོད་བྱེད་ཡུལ་གྱི་ལག་ཆ་ཞིག་ཡིན་པ་རེད། ཡིན་ནའང་དེ་ཚོའི་ནང་ས་གནས་འདི་གའི་མི་མང་པོ་ཡོད་པ་དང་མི་དེ་ཚོའི་ནང་སློབ་ཕྲུག་དམར་སྲུང་དམག་ཡོད་ལ་ཡང་གྲོང་མི་དམར་སྲུང་དམག་དང་བཟོ་པའི་དམར་སྲུང་དམག ཞིང་པའི་དམར་སྲུང་དམག འབྲོག་པའི་དམར་སྲུང་དམག་སོགས་ཡོད་པ་མ་ཟད། ད་དུང་མང་ཚོགས་དཀྱུས་མའམ་སྤྱི་བཏང་གི་མང་ཚོགས་བཅས་ཡོད་པ་ནི་དོགས་པ་བྱེད་མི་དགོས་པ་ཞིག་དང་དེ་སྔ་བྱུང་མྱོང་བའི་གནས་ཚུལ་དངོས་ཤིག་རེད།

འདི་འདྲ་བྱུང་དགོས་དོན་གང་ཡིན་ནམ། འདིའི་ནང་མི་ག་ཚོད་ཙམ་ཞིག་བསམ་བློ་གསར་པའི་སྐུལ་སློང་འོག་མཛེས་སྡུག་གི་ཁེངས་པའི་ངང་ཁས་ལེན་བྱས་པའི་ཆེས་ཕུགས་བསམ་རིང་ལུགས་ཀྱི་རྣམ་པ་ལྡན་པའི་ཐོག་ནས་འཛམ་གླིང་གསར་པ་ཞིག་འཛུགས་སྐྲུན་བྱེད་རྒྱུར་རེ་བ་བྱེད་པའི་བསྒྱུར་བཅོས་ནང་ཞུགས་པ་ཞིག་ཡིན་ནམ། ཡང་ན་མི་ག་ཚོད་ཙམ་ལ་དབང་སྡེམ་དབང་བསྒྱུར་གྱིས་བཟོས་པའི་དམར་པོའི་འཇིགས་སྐུལ་གྱི་རྣམ་པའི་བཙན་དེད་འོག་འདོད་བློ་ཡེ་ནས་མེད་པའི་སྒོ་ནས་ཡོངས་རྫོགས་ཤུགས་དྲག་ཆེ་ལ་ཡང་མཐའ་དག་མགོ་རྟིང་བསློག་པའི་རླབས་རྒྱུན་ནང་ཚུད་པ་ཞིག་ཡིན་ནམ། གོང་གི་གནས་ཚུལ་དེ་གཉིས་པོ་མཐར་གཏུགས་ན་གཅིག་མིན་ན་གཅིག་ཡིན་པ་དང་ཡང་ན་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་ཡིན་ནམ།

འདྲ་པར་འདིར་ཞིབ་ཚགས་ངང་ཉམས་ཞིབ་བྱེད་དགོས་ངེས་ཡོད་པ་རེད། མི་ཚོར་བག་ཆགས་གཏིང་ཟབ་ཅིག་བྱུང་བ་ནི་གཙུག་ལག་ཁང་གི་ཐོག་ཁའི་སྟེང་དུ་བོད་ཀྱི་ནང་ཆོས་དང་འབྲེལ་བ་རྩ་བ་ནས་མེད་པའི་རིགས་ཐ་དད་ཅིག་ཡང་ན་ཆོས་ཐ་དད་ཅིག་གི་མཚོན་རྟགས་ཏེ་མའོ་ཙེ་ཏུང་གི་འདྲ་པར་དང་སྐར་ལྔའི་དར་དམར་བཅས་ཀྱིས་དེ་སྔོན་དེར་ཡོད་པའི་རི་དྭགས་ཕོ་མོ་དང་ཆོས་འཁོར་བཅས་ནང་ཆོས་ཀྱི་མཚོན་རྟགས་ཡོད་པ་འདིའི་ཚབ་བྱས་པ་དེས་ལོ་ངོ་སྟོང་ཕྲག་རིང་བོད་ཀྱི་ས་གཞི་ཆེན་པོ་འདིའི་ཐོག་བྱུང་མྱོང་རྩ་བ་ནས་མེད་པའི་གོ་དོན་གཏིང་ཟབ་མཚོན་པའི་སྣང་ཚུལ་ཞིག་མངོན་གྱི་ཡོད། དེ་དག་ཚང་མ་ལས་དངོས་གནས་བྱས་ན་ས་ཆ་འདིའི་བདག་པོར་འགྱུར་པའི་བུ་ཕྲུག་ཡིན་པ་དང་བོད་ཆས་ཕུད་ཅིང་ཕྲེང་བ་དང་མ་ཎི་དབྱུགས་ཏེ་སྟབས་བདེའི་དམག་ཆས་ལ་བརྗེ་པོ་བརྒྱབས་ནས་དཔུང་པར་དམར་སྲུང་དམག་གི་དཔུང་རྟགས་བཏགས་པ། ལག་ཏུ་གདུང་དམར་པོ་འཁྱེར་བའི་བོད་པ་གཞོན་སྐྱེས་དེ་ཚོས་མི་རབས་ནས་མི་རབས་བར་ཤུགས་དྲག་གི་ཆོས་ལུགས་ཀྱི་བརྩེ་བའི་རིགས་ཤིག་ལ་བརྟེན་ནས་ལག་བསྟར་བྱེད་ཀྱི་ཡོད། ཁོ་པ་ཚོས་མའོ་ཙེ་ཏུང་གི་འདྲ་པར་དེ་སྔར་གྱི་ལྷ་ཁང་གི་སྟེང་དུ་བསྐྱལ་པ་འདི་ཁོང་ཚོའི་བསམ་བློའི་ནང་མའོ་ནི་དངོས་གནས་དབང་གྲགས་འགྲན་ཟླ་བྲལ་བའི་ལྷ་གསར་པ་ཞིག་ཏུ་མཚོན་གྱི་ཡོད་དང་མེད། དེར་བརྟེན་འདྲ་པར་གྱི་ཐོག་གཙུག་ལག་ཁང་གི་གཟིམ་སྒོའི་མདུན་གྲངས་ལས་འདས་པའི་མི་ཚོགས་འདུ་འཛོམས་བྱས་ནས་ཡོད་པ་འདི་རྣམས་ཀྱིས་དུས་གཅིག་ཏུ་ཚང་མས་ཕྱོགས་གཅིག་ལ་ཡར་བལྟས་ནས་ཡོད་ཅིང༌། ཡིན་ནའི་དེ་སྔ་ས་ཆ་དེ་རང་ལ་འདུ་འཛོམས་བྱ་མཁན་ནི་ནང་ཆོས་ལ་དད་པ་རྩེ་གཅིག་ཏུ་བྱེད་མཁན་གྱི་གྲངས་ལས་འདས་པའི་དད་ལྡན་པ་ཚོས་སྐུ་ཕྱག་ཕུལ་བའི་རྣམ་པ་དེ་ཡིན་པ་རེད། ལོ་ངོ་བཞི་བཅུ་ལྷག་ཙམ་ཕྱིན་པའི་དེ་རིང་གི་དུས་ཚོད་དེར་ཡང་དད་ལྡན་པ་མང་པོ་ས་གནས་དེར་འཛོམས་ནས་སྔ་རྒྱུན་ལྟར་སྐུ་ཕྱག་ཕུལ་བཞིན་ཡོད། དེར་འདྲ་བའི་ཆ་ཇི་ཙམ་ཡོད་པ་དང་ཡང་ཡོངས་སུ་མི་འདྲ་བའི་ཆ་ཇི་ཙམ་ཞིག་ཡོད་དམ། དེས་ན་ཕོ་མོ་ཚང་མས་དབྱེ་བ་མེད་པར་ཚོན་མདོག་གཅིག་གྱུར་གྱི་རྒྱ་ནག་རྒྱལ་ཡོངས་ལ་དུས་ཀྱི་དར་བཟོའི་རྒྱ་ནག་གི་དམག་མིའི་སྒྲིག་ཆས་སྟབས་བདེ་འདི་གྱོན་པའི་མི་ཚོགས་ནང་ནས་ངོ་གདོང་གསལ་པོ་མཐོང་ཐུབ་པའི་སྐྱེས་པ་དེས་གྱོན་ཆས་དང་དེ་བཞིན་གཅིག་གྱུར་གྱི་སྐྲའི་བཟོ་བལྟ་བཟོ་སྟངས་ནས་ཁོ་པ་བོད་པ་ཡིན་དང་རྒྱ་མི་ཡིན་ངོ་ཤེས་ཀྱི་མི་འདུག ཡིན་ནའི་དབྱེ་བ་ཕྱེས་དགོས་དོན་མེད་པ་རེད། གང་ལགས་ཤེ་ན། དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་འདིའི་ནང་བོད་པ་མི་ཉུང་བ་ཞིག་དང་རྒྱ་ནག་གི་ས་གནས་ཁག་གི་རྒྱ་མི་དང་དེ་བཞིན་དེ་མིན་གྱི་མི་རིགས་གཞན་དང་འདྲ་བར་ཚང་མར་འདྲ་མཚུངས་ཀྱི་དད་པ་བྱེད་ཡུལ་གཅིག་རང་ཡོད་ཅིང༌། ཁོང་ཚོས་རྣམ་དག་གི་སེམས་སུ་ཐུན་མོང་གི་ལྷ་ཞིག་ཡོད་པ་ནི་མའོ་ཙེ་ཏུང་ཡིན་ཟེ་གྲགས་ཀྱི་ཡོད་པ་རེད།

འདི་རྒྱུ་མཚན་གང་ཡིན་ནམ། འདི་འདྲ་བྱུང་དགོས་དོན་གང་ཡིན། གློ་བུར་དུ་འཕོ་འགྱུར་ཆེན་པོ་ཞིག་ཕྱིན་པའི་དབང་གིས་གནམ་ས་བླ་འོག་ཏུ་གྱུར་པ་དང་གསར་རྙིང་བརྗེ་པོ་ཐེབས་པ། ལྷ་གསར་པས་ལྷ་རྙིང་པའི་ཚབ་བྱས་ཏེ་བོད་མིར་མཚོན་ནས་བཤད་ན། རང་ཉིད་ཀྱི་སྐྱབས་གནས་དོར་བ་དེ་ནི་ཁོང་ཚོ་རང་ཉིད་ཀྱི་རེ་བ་ཡིན་མི་སྲིད་ཅིང༌། དེ་སྤྱི་ལོ་༡༩༥༠ལོ་དང་ལྷག་པར་དུ་སྤྱི་ལོ་༡༩༥༩ལོ་ནས་བཟུང་དངོས་ཡོད་གནས་ཚུལ་ཐོག་ནས་ཕྱི་ནས་ཡོང་བའི་ལྷ་གསར་པ་རྒྱུད་དེའི་ནུས་སྟོབས་ཆེ་བས་རང་ས་གནས་ཀྱི་གནའ་བོའི་ལྷ་རྙིང་པ་གཏོར་ཕམ་གཏོང་རྒྱུ་རང་ཡིན་པ་ར་འཕྲོད་བྱུང་། ཁོང་ཚོ་ཧ་ལས་ཧོན་ཐོར་བ་དང་སྙིང་འགུལ་ཞིང་བླ་འདར་ནས་མིག་གི་མདུན་ཐོན་པའི་གནས་ཚུལ་དེ་དག་ལ་ལྟ་ཆོག མཐར་རིག་གནས་གསར་བརྗེའི་སྐབས་གཞི་ནས་དོན་དངོས་དེ་ཁས་ལེན་བྱས་ཡོད་པ་རེད་ཅེས་བརྗོད་ན་ཆོག དེར་བརྟེན་གཙུག་ལག་ཁང་གཏོར་བ་དང་ལྷ་བརྗེས་པོ་བརྒྱབས་པའི་གནས་ཚུལ་ཐོན་པ་ཞིག་རེད།

རྒྱ་ནག་ནས་བོད་ལ་ཡོང་མཁན་གྱི་དམར་སྲུང་དམག

ས་གནས་ཀྱི་དམར་སྲུང་དམག་ཡོད་པ་ཕུད་རྒྱ་ནག་ནས་བོད་ལ་ཡོང་མཁན་གྱི་དམར་སྲུང་དམག་ཡོད་དམ་མེད། ཡང་ན་རྒྱ་ནག་ནས་བོད་ལ་ཡོང་མཁན་གྱི་དམར་སྲུང་དམག་ནས་ལྷ་སའི་རྙིང་པ་བཞི་གཏོར་བའི་ལས་འགུལ་ནང་ནུས་པ་ཆེ་ཆུང་གང་འདྲ་བཏོན་ཡོད་དམ། ཐོག་མར་ཞུ་རྒྱུར། དའོ་གྲང་སུང་གིས་བརྗོད་པ་བཞིན་ལྷ་སའི་དམར་སྲུང་དམག་བཙུགས་པ་དེ་རྒྱ་ནག་ནས་ཡོང་བའི་དམར་སྲུང་དམག་དང་འབྲེལ་བ་དེ་ཙམ་མེད། རྒྱ་ནག་ནས་ཡོང་བའི་དམར་སྲུང་དམག་ནང་གི་པེ་ཅིང་ནས་ཡོང་བའི་མི་དེ་ཚོའི་ཤུགས་རྐྱེན་ཅུང་ཆེ་ཙམ་ཐེབས་ཡོད། ཡིན་ནའི་ས་གནས་ཀྱི་དམར་སྲུང་དམག་བཙུགས་པ་དང་ཁོང་ཚོའི་དབར་འབྲེལ་བ་དེ་ཙམ་མེད།

སྐབས་དེ་དུས་པེ་ཅིང་ནས་ཡོང་བའི་དམར་སྲུང་དམག་ཟླ་བ་ཚེ་རིང་ནས་བརྗོད་དོན་ལ་རྒྱ་ནག་ནས་ཡོང་མཁན་གྱི་དམར་སྲུང་དམག་ནས་གཙོ་བོ་སྐུལ་སློང་གི་ནུས་པ་ཐོན་ཡོད། ང་ཚོ་ཡོང་དགོས་པའི་དམིགས་ཡུལ་ཡང་སྐུལ་སློང་བྱེད་རྒྱུ་དེ་རེད། ཡིན་ནའི་ཞིབ་ཕྲའི་སྒྲིག་འཛུགས་བཙུགས་རྒྱུ་ལ་སོགས་པ་ང་ཚོ་དང་འབྲེལ་བ་མེད་ཅེས་དང༌། འོན་ཀྱང་ཁོང་གིས་ཐོག་མར་སྐུལ་སློང་བྱས་པ་དེས་དངོས་གནས་ནུས་པ་ཆེན་པོ་ཐོན་ཡོད་པར་ངོས་འཛིན་བྱ་ཡི་འདུག

དུས་ད་ལྟའི་ཕོ་བྲང་པོ་ཏཱ་ལ་ནི་སྔར་བཞིན་དག་པའི་ཞིང་ཁམས་ཀྱི་རྣམ་པ་ཡོད་པ་ལྟ་བུ་ཡིན་རུང་དུས་ཀྱི་འགྱུར་བས་དེར་རྨ་ཁས་ཁེངས་ནས་ཡོད། ཕོ་བྲང་འདིར་སྐྱབས་བཅོལ་ནས་མི་ཚེའི་ལོ་ཟླ་བསྐྱལ་ཟིན་པའི་བོད་མིའི་ངོས་ནས་ཞུས་ན། ཐོག་མ་ཉིད་ནས་ཡོད་བཞིན་པའི་འཚོ་བའི་རྣམ་པ་དེར་འགྱུར་བ་ཤིན་ཏུ་ཆེན་པོ་ཕྱིན་ཡོད།

གོང་དུ་བརྗོད་པ་བཞིན་ཟླ་བ་ཚེ་རིང་དང་ཁོང་ལས་ལོ་རིམ་གཅིག་གིས་དམའ་བ་ཡོད་པའི་ངག་དབང་ཚེ་རིང་ནི་སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པའི་ཚེས་ཤར་ལ་བོད་དུ་ཕྱིར་ལོག་བྱས་ཤིང༌། ཁོང་གཉིས་ཀ་ཆིང་ཧྭ་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་ཐོན་འཇལ་ཆས་ཚན་པའི་སློབ་མ་རེད། རིག་གནས་གསར་བརྗེ་ཆེན་པོ་འདི་རང་ཉིད་ཀྱི་ཕ་ཡུལ་དུ་སྐུལ་སྤེལ་བྱེད་ཆེད་པེ་ཅིང་ནས་རི་ལིར་བསྡད་དེ་ཀན་སུའུ་ཞིང་ཆེན་གྱི་ལིའུ་ཡོན་ (སྐབས་དེ་དུས་མདོ་དབུས་གཞུང་ལམ་མཐུད་མཚམས་ཀྱི་བོད་དང་རྒྱ་ནག་བར་གྱི་གལ་ཆེའི་བབས་ཚུགས་ཤིག་འཁེལ་གྱི་ཡོད་པ་མ་ཟད། ས་ཆ་དེར་བོད་ཀྱི་དོན་གཅོད་ལས་ཁུངས་ཤིག་ཀྱང་བཙུགས་ཡོད།) ལ་སླེབས་པ་དང་ལིའུ་ཡོན་ནས་ཡང་མོ་ཀྲར་བསྡད་དེ་ལྷ་སར་སླེབས་ཡོད། སྐབས་དེ་དུས་ཁོང་གཉིས་བོད་རང་སྐྱོང་ལྗོངས་ཀྱི་མགྲོན་ཁང་ཨང་གཉིས་པར་བསྡད་ཀྱི་ཡོད་པ་རེད་འདུག བསྡུས་མིང་ལ་མགྲོན་ཁང་གཉིས་པ་ཟེར་བའི་ས་ཆ་དེ་ནི་དེ་སྔོན་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་མཆོག་གི་ཡབ་གཞིས་བཞུགས་གནས་ཡབ་གཞིས་སྟག་འཚེར་ཞེས་འབོད་ཀྱི་ཡོད་ཅིང༌། དེ་རིག་གནས་གསར་བརྗེའི་སྐབས་ཆེད་མངགས་རྒྱ་ནག་གི་ས་ཆ་ཁག་ནས་ལྷ་སར་འབྲེལ་གཏུག་བྱེད་པར་ཡོང་མཁན་གྱི་དམར་སྲུང་དམག་སྡོད་སའི་སྣེ་ལེན་ཁང་ཞིག་ཆགས་ཡོད། རྗེས་སུ་ཤོག་ཁག་གཉིས་ཐོན་པའི་སྐབས་གྱེན་ལོག་ཤོག་ཁག་གི་སྤྱི་ཁྱབ་ལས་ཁུངས་གཙོ་བོ་གནས་ཡུལ་ཡིན་པ་རེད།

ཟླ་བ་ཚེ་རིང་གིས་བརྗོད་དོན་ལ། ཐོག་མར་བོད་ལ་ཡོང་མཁན་དམར་སྲུང་དམག་ཕལ་ཆེ་བ་བོད་པ་ཡིན་པ་དང་དེ་ཡང་མང་ཆེ་བ་རྒྱ་ནག་ནང་དང་པེ་ཅིང་ལ་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་མ་དང་བོད་ལྗོངས་མི་རིགས་སློབ་གྲྭ་(ཧྲན་ཤིའི་ཞིང་ཆེན་ཁོངས་ཀྱི་ཞན་ཡང་གྲོང་ཁྱེར་ལ་ཡོད་པའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་) ནས་ཡོང་མཁན་མང་ཤོས་ཡིན་པ་རེད།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ (པེ་ཅིང་དུ་ཡོད་པའི་དབུས་མི་རིགས་སློབ་གྲྭ་ཆེན་མོ་) ནས་ཡོང་མཁན་ཡང་མི་ཉུང་བ་ཞིག་ཡོད། དང་ཐོག་རྒྱ་མི་ཡོང་མཁན་མང་པོ་མེད། རྗེས་སུ་མང་པོ་སླེབས་ཡོད་ན་ཡང་ཁོང་ཚོ་བོད་ནང་སྡོད་པའི་དུས་ཡུན་རིང་པོ་མ་རེད། ང་ཚོ་ཡོད་པའི་སྐབས་ཕལ་ཆེར་མི་གྲངས་བརྒྱ་ཉིས་བརྒྱ་ཙམ་ཡོད། ཡིན་ནའི་བར་མི་ཆད་པར་ཡོང་མཁན་དེ་ཚོ་ཉིན་ཤས་བསྡད་པའི་རྗེས་ལོག་འགྲོ་མཁན་ཡང་མང་པོ་ཡོད་པས་དེ་དག་ཚང་མ་རྩིས་ན་ཡང་ངས་ཚོད་དཔག་བྱས་ན་མི་གྲངས་སྟོང་ཕྲག་སླེབས་མེད་པ་རེད་ཅེས་བརྗོད་བྱུང༌། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེང་དུས་བོད་ཀྱི་ཞིབ་འཇུག་ཁང་གི་འགན་འཛིན་ངག་དབང་ཚེ་རིང་གིས་དྲན་གསོས་བྱས་ཏེ་ལྷ་སར་གསར་བརྗེ་བྱེད་པར་ཡོང་མཁན་གྱི་རྒྱ་ནག་སློབ་གྲྭ་ཁག་ཅིག་གི་དམར་སྲུང་དམག་གི་གནས་ཚུལ་ཕྱོགས་བསྡུས་ཀྱིས་གུས་མོར་ངོ་སྤྲོད་བྱ་དོན་ལ། པེ་ཅིང་གི་སློབ་འབྲིང་བརྒྱད་བཅུ་དང་ཆིང་ཧྭ་གཙུག་ལག་སློབ་གྲྭ་ཆེན་མོ། པེ་ཅིང་ས་གཤིས་སློབ་གྲྭ་ཆེན་མོ། པེ་ཅིང་མཁའ་འགྲུལ་སློབ་གྲྭ་ཆེན་མོ། པེ་ཅིང་གསོ་རིག་སློབ་གྲྭ་ཆེན་མོ་ཨང་གཉིས་པ། པེ་ཅིང་གཙུག་ལག་སློབ་གྲྭ། པེ་ཅིང་ཚན་རིག་སློབ་གྲྭ་ཆེན་མོ། པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོ། པེ་ཅིང་བཟོ་ལས་སློབ་གྲྭ་ཆེན་མོ། ཧ་འར་པིང་དམག་ཆས་སློབ་གྲྭ་ཆེན་མོ། ནང་སོག་འགྲིམ་འགྲུལ་སློབ་གྲྭ་བཅས་ནས་སླེབས་ཡོད་པ་རེད། སློབ་ཕྲུག་ཧ་ལམ་མང་ཆེ་བ་རྒྱ་མི་ཡིན་པ་དང༌། དེའི་ནང་ནས་མི་མང་ཉུང་ནི་གོང་ལ་ཟླ་བ་ཚེ་རིང་གིས་བརྗོད་པ་དང་ཧ་ལམ་གཅིག་པ་རེད་འདུག

གཞི་རྒྱ་ཆེ་བའི་བོད་བཟོའི་ཁང་པ་འདི་ལོ་ངོ་དྲུག་བཅུ་ལྷག་ཙམ་ལས་ཕྱིན་མེད་པའི་དུས་ཡུན་ཐུང་ངུ་འདིའི་ནང་མིང་འབོད་ཚུལ་མི་འདྲ་བ་བྱུང་བ་གཤམ་གསལ། ཡབ་གཞིས་སྟག་འཚེར་དང་མགྲོན་ཁང་ཨང་གཉིས་པ། གྱེན་ལོག་གི་སྤྱི་ཁབ་ཁང་བཅས་ཡིན་པ་དང༌། ཡང་ད་ཆ་ནི་བོད་ལྗོངས་ཁང་ཆེན་གྱི་ལས་བཟོའི་ཉལ་ཁང་ཆགས་ཡོད་པ་རེད།

ཁོང་གཉིས་སློབ་སྦྱོང་བྱེད་སའི་ཆིང་ཧྭ་གཙུག་ལག་སློབ་གྲྭ་ནི་རྒྱ་ནག་རྒྱལ་ཡོངས་ནང་གི་དམར་སྲུང་དམག་གི་འབྱུང་གནས་གཙོ་བོ་དེ་ཡིན་པ་མ་ཟད། སྐབས་ཤིག་རིང་སྐད་གྲགས་བྱུང་བའི་དམར་སྲུང་དམག་གི་སྤྱི་ཁྱབ་ཁོད་ཏ་ཧྥུའུ་ཟེར་བ་ཞིག་བྱུང་མྱོང་ཡོད། ཁྱད་མཚར་བ་ཞིག་ལ་ཁོ་པ་རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་རྒྱ་ནག་གི་དཔོན་རིགས་མང་པོ་བཙོན་བཅུག་བྱེད་སའི་བྱིན་གྲེང་བཙོན་ཁང་ལ་བཅུག་པ་རེད། ད་ལྟ་ཧྲེན་ཀྲེན་ལ་ཚོང་རྒྱབ་བཞིན་ཡོད་པའི་ཁོད་ཏ་ཧྥུའུ་ཡིས་ཁོང་གཉིས་ངོ་ཤེས་པ་མ་ཟད། བག་ཆགས་ཡང་གཏིང་ཟབ་བྱུང་འདུག སྤྱི་ལོ་༢༠༠༣ལོར་ཁོད་ཏ་ཧྥུའུ་དང་པེ་ཅིང་གི་ཤེས་ཡོན་ཅན་ཁག་ཅིག་མཉམ་འཛོམས་བྱེད་སྐབས་དེའི་ནང་དུ་ཡོད་པའི་ཝང་ལིད་ཞུང་ལ་བརྗོད་པར་ཟླ་བ་ཚེ་རིང་ནི་ལྷ་སར་ལོག་སྟེ་རིག་གནས་གསར་བརྗེ་སྐུལ་སློང་བྱེད་པར་ཕྱིན་པ་རེད། སྐབས་དེ་དུས་ཁོང་དང་མཉམ་དུ་ཆིང་ཧྭ་གཙུག་ལག་སློབ་གྲྭའི་རྒྱ་རིགས་སློབ་ཕྲུག་ཁ་ཤས་ཡོད་པ་རེད། རྗེས་སུ་ཟླ་བ་ཚེ་རིང་ལྷ་ས་ནས་པེ་ཅིང་ལ་ཕྱིར་ལོག་ཡོང་དུས་ད་དུང་ཁོང་ལ་མེ་མདའ་ཐུང་མདའ་ལྔ་བཞི་རྟགས་ཅན་བྱས་པ་ཞིག་སྤྲད་བྱུང་ཞེས་ཟེར། འོན་ཀྱང་གུས་མོས་བཅར་འདྲི་གླེང་མོལ་ཞུ་སྐབས་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཟླ་བ་ཚེ་རིང་ནས་བརྗོད་མ་བྱུང༌། ཡིན་ནའི་ངག་དབང་ཚེ་རིང་གིས་བརྗོད་པར། ཁོང་གཉིས་ནི་གྱེན་ལོག་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་ཁྲིད་དའོ་གྲང་སུང་དང་ཁོད་ཏ་ཧྥུའུ་བར་གྱི་འབྲེལ་མཐུད་བྱེད་མཁན་ཡིན་པ་དང་དེའི་ཐོག་ནས་དབུས་ཀྱི་རིག་གནས་གསར་བརྗེའི་ཚོགས་ཆུང་དང་འབྲེལ་བ་བྱ་བའི་ཐབས་ལམ་ཞིག་ཡིན་པ་རེད།

བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དམར་སྲུང་དམག་མིང་ལ་ཡན་ཀྲན་ཀྲུང་ཟེར་བ་ཕ་ཡུལ་ཧའེ་ནན་དང་ཁ་ཆེ་ཡིན་པ་ཁོང་ལ་གུས་མོས་སྐད་ཆ་དྲིས་མྱོང་ཡོད། ཁོང་རྒས་ཡོལ་མ་བྱས་གོང་ <<བོད་ལྗོངས་རིག་གནས་>> དུས་དེབ་ཁང་གི་རྩོམ་སྒྲིག་འགན་འཛིན་རེད། ཁོང་གིས་སྐབས་དེ་དུས་བརྒྱུད་མྱོང་བའི་གནས་ཚུལ་ཁག་ངོ་སྤྲོད་བྱས་པར།

ང་བོད་ལ་ཐོག་མར་ཡོང་སྐབས་སྤྱི་ལོ་༡༩༦༦ལོའི་ཟླ་བ་བཅུ་པ་རེད། སྐབས་དེ་དུས་ང་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་ཡིན་ལ་ལོ་ངོ་ཉི་ཤུ་རྩ་གཉིས་ལ་སླེབས་ཀྱི་ཡོད། དངོས་གནས་བྱས་ན་ང་ཚོ་བོད་ལ་སྐྱོད་མཁན་གྱི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དམར་སྲུང་དམག་ཐོག་མ་དེ་རེད། མི་ཉུང་ཉུང་མ་ཡིན་པར་བརྒྱ་ཕྲག་ཁ་ཤས་ཡོད། རྒྱ་མི་གཅིག་པུ་ཕལ་ཆེར་ཉིས་བརྒྱ་ཙམ་ཡོད་ལ། བོད་པ་ཡང་མང་པོ་ཡོད། ཡིན་ནའི་མི་ཇི་ཙམ་ཞིག་ཡོད་པ་དྲན་གྱི་མི་འདུག ང་ཚོ་ནི་ལིའུ་ཡོན་ནས་དོ་སྐྱེལ་མོ་ཀྲར་བསྡད་དེ་བོད་ནང་འཛུལ་བ་ཡིན། ང་ཚོ་ལྷ་སར་སླེབས་དུས་པེ་ཅིང་གི་དམར་སྲུང་དམག་སྔ་ས་ནས་ལྷ་སར་སླེབས་ཚར་འདུག་པ་མ་ཟད། སློབ་གྲྭ་ཡང་མི་འདྲ་བ་ཁག་མང་པོ་ནས་འདུག པེ་ཅིང་ནས་ཡོང་བའི་དམར་སྲུང་དམག་ནང་བོད་པ་མི་ཉུང་བ་ཞིག་འདུག

ང་ཚོ་ཐོག་མར་སླེབས་དུས་ཀུན་བདེ་གླིང་དགོན་པའི་ནང་བསྡད་པ་ཡིན། དེ་ནས་དུས་ཡུན་རིང་པོ་མ་སོང་བར་མགྲོན་ཁང་གཉིས་པའི་ནང་སྤོས་པ་རེད། མགྲོན་ཁང་གཉིས་པ་ནི་དེ་སྔ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡབ་གཞིས་སྐུ་འཁོར་རྣམ་པ་བཞུགས་ས་ཡིན་པ་རེད། སྐབས་དེ་དུས་དམར་སྲུང་དམག་ལ་སྣེ་ལེན་བྱེད་སའི་བབས་ཚུགས་ཆགས་ཡོད། དེའི་ནང་པེ་ཅིང་ནས་ཡོང་བའི་དམར་སྲུང་དམག་དང་ང་ཚོའི་གྲས་ཀ་ཚང་མ་ཚུད་ཡོད། ང་ཚོའི་བྱེད་སྒོ་གཙོ་བོ་ནི་ཡིག་ཆེན་ཚགས་པར་འབྲི་རྒྱུ་དང་ཚོགས་འདུ་སྐོང་འཚོགས་བྱེད་རྒྱུ། དེ་མིན་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་ཨུ་ཡོན་ལྷན་ཁང་དང་དམག་སྒར་བཅས་ཚན་པ་དེ་རིགས་ལ་གདོང་མཆོངས་བྱ་རྒྱུ་དེ་ཡིན་པ་རེད།

དེའི་སྐབས་ང་ཚོ་དང་ལྷ་སའི་དམར་སྲུང་དམར་དབར་ལ་འབྲེལ་གཏུག་དེ་ཙམ་མང་པོ་མེད། མང་ཆེ་བ་སློབ་གྲྭ་གཅིག་པ་རྣམས་དང་མཉམ་དུ་བསྡད་ཡོད་པར་བརྟེན་འབྲེལ་བ་ཡོད། འོན་ཀྱང་གྱེན་ལོག་ཤོག་ཁག་ཡིན་ཕྱིན་འཐབ་གྲོགས་ཡིན་པས་ཕ་མ་དང་སྤུན་མཆེད་ལས་ཀྱང་ལྷག་པའི་བརྩེ་སེམས་བཅངས་ཀྱི་ཡོད་ལ་ཕན་ཚུན་དབར་ལོངས་སྤྱོད་བྱེད་ཡག་ནི་རང་ཉིད་ཀྱི་དངོས་པོ་ཡག་ཤོས་འདི་ཡིན་པ་རེད། དེའི་དུས་དམར་སྲུང་དམག་ལ་དངུལ་མེད་པས་གཟུགས་པོའི་ཐོག་སྐར་མ་གཅིག་ཀྱང་མེད་ཅེས་བརྗོད་ན་ཆོག ས་ཕྱོགས་གང་དུ་སྐྱོད་ཀྱང་དེར་སྣེ་ལེན་བྱ་མཁན་ཡོད་པས་ཟ་རྒྱུ་རེད། ང་ནི་གང་སར་འགྲོ་རྒྱུར་དགའ་པོ་ཡོད་པས་ལྷ་སར་སླེབས་ནས་དུས་ཡུན་རིང་པོ་མ་སོང་བར་སློབ་གྲོགས་བུ་གཉིས་དང་མཉམ་དུ་གཞིས་ཀ་རྩེ་ལ་ཕྱིན་པ་ཡིན། སྐབས་དེ་དུས་བཀྲ་ཤིས་ལྷུན་པོ་དགོན་པ་གཏོར་བཤིག་བཏང་ཚར་འདུག ལྷ་ཁང་ཚང་མ་གཏོར་བཞག སྐུ་འདྲ་དང་ཕྱག་དཔེ་བཅས་ཚང་མ་གང་སར་སྤུངས་ནས་བཞག་འདུག་ལ་ཚང་མ་ཟོག་རོ་ལྟ་བུ་རེད་འདུག ཡིན་ནའི་དེ་ཚོའི་ནང་དངོས་པོ་ཡག་པོ་དེ་འདྲ་ཡང་འདུག དེའི་ནང་གསེར་ཟངས་ཀྱི་སྐུ་འདྲ་ཆུང་ངུ་དང་ཡང་ན་དུས་རབས་མང་པོ་ཕྱིན་པའི་སྐུ་འདྲ་སོགས་འདུག ངས་ཤིང་གི་བཟོས་པའི་རྒྱན་རིགས་དངོས་རྫས་ཤིག་སྒྲུག་སྟེ་ཨམ་ཕྲག་ནང་བཅུག་པ་ཡིན། ང་ཚོ་ནི་སྤྱི་ལོ་༡༩༦༧ལོའི་ཟླ་བ་དང་པོའི་ཟླ་མཇུག་ལ་ཕྱིན་ནས་ལྷ་སར་ཕལ་ཆེར་ཟླ་བ་གསུམ་ཙམ་བསྡད་པ་ཡིན་ཟེར་གྱི་འདུག

རྒྱ་ནག་གི་དམར་སྲུང་དམག་བོད་ནང་ཡོང་བའི་ལམ་ནི་ལིའུ་ཡོན་བརྒྱུད་མདོ་དབུས་གཞུང་ལམ་ནས་ལྷ་སར་ཡོང་བ་ཕུད་ད་དུང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་གྲེན་རྡུ་ནས་བོད་ནང་འཛུལ་ཏེ་ལྷ་སར་ཡོང་གི་ཡོད་པ་རེད། ད་ལྟ་ལོ་གྲངས་ལྔ་བཅུ་ང་བརྒྱད་ལ་སླེབས་པའི་གྲེང་དའ་མེལ་གྱིས་པར་སྐྲུན་བྱས་པའི་ཁོང་གི་རང་རྣམ་ <<ས་མཐོའི་ཚུར་སྣང་>> ཟེར་བའི་དེབ་དེའི་ནང་ཁོང་དང་སློབ་ཕྲུག་བུ་དྲུག་གིས་རྒྱལ་སའི་དམར་པོའི་ཤུལ་འཛིན་རྒྱང་སྐྱོད་རུ་ཁག་ཟེར་བ་སྒྲིག་འཛུགས་བྱས་ཏེ་སྤྱི་ལོ་༡༩༦༦ལོའི་ཟླ་བ་བཅུ་གཉིས་པ་ནས་འགོ་ཚུགས་ནས་ཐོན་ཏེ་དུས་ཡུན་ཟླ་བ་གསུམ་ཙམ་རིང་ལེ་དབར་སྟོང་ཕྲག་ལྔ་ཙམ་རྐང་ཐང་ལ་ཁྲོན་བོད་གཞུང་ལམ་བརྒྱུད་ལྷ་སར་ཡོང་བའི་བརྒྱུད་རིམ་ཟིན་བཀོད་བྱས་འདུག ཁོང་ནི་པེ་ཅིང་སློབ་འབྲིང་ཨང་བཞི་བཅུ་ཞེ་བདུན་གྱི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་ཕྲུག་ཡིན་པ་དང་གཞན་མི་དྲུག་པོ་ནི་པེ་ཅིང་ཆིང་ཧྭ་གཙུག་ལག་སློབ་གྲྭའི་ཞོར་གཏོགས་སློབ་འབྲིང་གི་སློབ་ཕྲུག་དང་པེ་ཅིང་བཟོ་ལས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་རེད་འདུག ཁོང་ཚོས་ <<བོད་ནང་སྐྱོད་རྒྱུའི་བསྒྲགས་གཏམ་>> ཟེར་བའི་ནང་ལེ་དབར་ལྔ་སྟོང་ཙམ་གྱི་ཟི་ཁྲོན་ནས་བོད་བར་གྱི་གཞུང་ལམ་དང་རྒྱ་མཚོའི་ངོས་ལས་རྨི་ཌར་སྟོང་ཕྲག་ཁ་ཤས་ཡིན་པའི་གངས་ལྗོངས་ས་མཐོའི་སྟེང་རིག་གནས་གསར་བརྗེ་ཆེན་པོའི་མེ་ལྕེ་གང་སར་སྤར་ཐུབ་པ་དང་གཙོ་འཛིན་མའོ་ངོ་མས་རིག་གནས་གསར་བརྗེ་ཆེན་པོའི་མེ་ལྕེ་སྤར་བ་དེ་ས་མཐོའི་ཐོག་ཁྱབ་སྤེལ་བྱེད་པ་མ་ཟད་རྒྱ་ནག་རྒྱལ་ཡོངས་ལ་ཁྱབ་པ་བྱེད་པ། དེ་བཞིན་རིག་གནས་གསར་བརྗེ་ཆེན་པོའི་རླབས་རྒྱུན་འདི་ས་གནས་ཁུག་སྐྱོག་རེ་རེ་བཞིན་གདོང་མཆོངས་བྱེད་དགོས་པ་དང༌། གུང་ཁྲན་རིང་ལུགས་ཀྱི་བསམ་བློའི་མེ་ལྕེ་དེ་གང་སར་མེ་ཏོག་བཞད་པ་ལྟར་བྱེད་དགོས་པ་ཡིན་ཞེས་བསྒྲགས་པར་བྱས་པ་དེའི་ཐོག་ནས་དམར་སྲུང་དམག་ཚོས་ལམ་བར་གྱི་གསར་བརྗེའི་མང་ཚོགས་ཟེར་བ་ཚོར་རིག་གནས་གསར་བརྗེ་ཆེན་པོའི་ནང་ཞུགས་རྒྱུའི་ངར་ཤུགས་ལ་སྐུལ་སྤེལ་ཤུགས་ཆེ་བྱས་ཡོད་པ་དེ་རྟོགས་ཐུབ།

དོན་དངོས་ཐོག་ཁོང་ཚོས་བཤད་པ་བཞིན་བྱས་ཡོད་པ་རེད། མ་གཞི་དེ་སྔའི་གནས་ཚུལ་ལ་དྲན་གསོས་བྱེད་དུས་འདི་ངོ་འཕང་མཐོ་བའི་གཟི་བརྗིད་ཞིག་མ་ཡིན་ན་ཡང་རྩོམ་པ་པོས་རང་གིས་རང་ལ་མཛེས་རྒྱན་སྤྲས་པ་དང་དྲན་གསོ་བཅས་བྱས་པ་མང་བ་ལས་རང་ནོངས་བསམ་ཞིབ་དང་འགྱོད་ཤག་བྱེད་པ་ཉུང་ཉུང་རེད་བཞག ཡིན་ནའི་ཁོང་གིས་ཡང་བསྐྱར་བརྗོད་པར་རྒྱལ་སའི་དམར་སྲུང་དམག་ཁོང་ཚོའི་ངོས་ནས་བཤད་ན་པེ་ཅིང་ཟེར་གོ་མ་ཐག་ལམ་སེང་གཙོ་འཛིན་མའོ་དང་གཅིག་པ་རྩིས་ཏེ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད་པའི་མཐའ་མཚམས་མང་ཚོགས་ནང་གང་ལྟར་ནའང་རྙིང་པ་བཞི་ཟེར་བ་གཏོར་བའི་མཐོ་རླབས་འདི་ལང་ལོངས་སུ་འཕྱུར་བ་རེད།

དེ་མིན་གྲེང་དའ་མེལ་གྱིས་རོགས་པའི་ཉིན་ཐོའི་ནང་གི་སྐད་ཆ་དུམ་བུ་ཞིག་ཁོ་པའི་དེབ་ནང་ལུང་འདྲེན་བྱས་ཡོད་པ་འདི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་བོད་ཀྱི་ས་ཆ་ཨེར་ལང་རི་བོའི་ཤིང་རྭར་འབྱོར་སྐབས་རྒྱ་ནག་རྒྱལ་ཡོངས་ནས་ཡོང་བའི་རྒྱང་སྐྱོད་དཔུང་ཁག་ཁ་ཤས་མཐོང་བྱུང༌། འདི་ནས་ར་སྤྲོད་ཐུབ་པར་སྐབས་དེ་དུས་ཟི་ཁྲོན་དང་བོད་ཀྱི་གཞུང་ལམ་བརྒྱུད་བོད་ནང་རིག་གནས་གསར་བརྗེ་སྐུལ་སློང་བྱེད་པར་ཡོང་མཁན་གྱི་དམར་སྲུང་དམག་ཉུང་ཉུང་མ་ཡིན་པ་ཤེས་རྟོགས་ཐུབ་ཀྱི་རེད། བོད་ས་ཡོངས་ད་དུང་དེའི་ནང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ནང་གི་སྲིད་འཛིན་ཁུལ་དུ་བཅུག་ཟིན་པ་དང་གསར་དུ་བཅུག་པའི་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་ཟེར་བ་སོགས་ལའང་གྲངས་ལས་འདས་པའི་རྣམ་པ་སྣ་ཚོགས་ཀྱི་རྙིང་པ་བཞི་ཟེར་བ་མི་ཉུང་བ་ཞིག་འབྲེལ་གཏུག་ཆེན་པོ་བྱེད་མཁན་གྱི་དམར་སྲུང་དམག་ཁྱུ་དང་ཁྱུ་ཡི་ལག་པའི་ནང་རྩ་མེད་དུ་ཕྱིན་ཡོད། ད་དུང་ཁོ་པ་ཚོས་སྐུལ་སློང་བྱས་པའི་ས་གནས་ཀྱི་གསར་བརྗེའི་མང་ཚོགས་ཚོས་རྙིང་པ་བཞི་གཏོར་བཤིག་བཏང་བའི་སེམས་ཤུགས་ལ་དེ་བས་སྣང་ཆུང་བྱེད་རྒྱུ་མེད་པ་རེད། རྒྱ་ནག་ནས་བོད་ལ་ཡོང་མཁན་དམར་སྲུང་དམག་ནི་ས་གནས་རང་སྒར་ཡོད་པའི་དམར་སྲུང་དམག་ལས་མང་བ་མེད་པ་སྨོས་མི་དགོས་པར་འོན་ཀྱང་རྒྱ་ནག་གི་དམར་སྲུང་དམག་ལྷག་པར་དུ་རྒྱལ་སའི་དམར་སྲུང་དམག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པ་རེད།

ལྷ་ས་རང་གི་གཞོན་སྐྱེས་སློབ་ཕྲུག་ཚོའི་ངོས་ནས་བཤད་ན། དཔེར་ན་བཅུ་གསུམ་ (གསང་མིང་)གྱིས་བཤད་པ་ལྟར་ལྷ་སའི་དམར་སྲུང་དམག་ཚོས་རྒྱ་ནག་ནས་ཡོང་མཁན་གྱི་དམར་སྲུང་དམག་ལ་བསྟུན་གྱི་ཡོད། ལྷག་པར་དུ་རྒྱལ་སའི་དམར་སྲུང་དམག་ལ་དེ་བས་བསྟུན་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་ཁོང་ཚོས་དབུས་གུང་ཁྲན་ཚོགས་པའི་བསམ་དོན་འདི་འཁྱེར་ཡོང་བས་ཡིན་པ་རེད།

གཙུག་ལག་ཁང་ལ་གཏོར་བཤིག་བཏང་ནས་གང་འདྲ་ཞིག་བཟོས་ཡོད་དམ།

ལས་འགུལ་ཐོན་ནས་དུས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད། ལྷ་ལྡན་གཙུག་ལག་ཁང་ལ་ཟླ་༨ཚེས་༢༤ཉིན་དངོས་ཡོད་གཏོར་བཤིག་གང་འདྲ་བཏང་ཡོད་མིན་ཐད་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་པ་རེད། འོན་ཀྱང་བཤད་སྲོལ་གང་འདྲ་ཡིན་རུང་ང་ཚོས་སྐབས་དེ་དུས་ས་གནས་འདི་རང་ལ་བརྒྱབ་པའི་འདྲ་པར་ལ་གཞིགས་ཏེ་ཉིན་མོ་དེར་ལྷ་ལྡན་གཙུག་ལག་ཁང་ལ་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་རེད།

དཔེར་ན་ འདྲ་པར་དེས་ལྷ་ལྡན་གཙུག་ལག་ཁང་ལ་གཏོར་བཤིག་བཏང་བའི་དངོས་ཡོད་གནས་ཚུལ་ཁག་དེ་ལས་ལྷག་པ་མེད་པའི་ར་སྤྲོད་ཡོང་ཐུབ་རྒྱུ་རེད། སྒོ་རྭ་ཡོངས་རྫོགས་ནང་དུ་གཏོར་བཤིག་བཏང་བའི་སྐུ་རྟེན་གྱིས་ཁེངས་ཤིང་། དེ་རྣམས་ཐོག་ས་ཉིས་ཐོག་ནས་སྒོ་རྭའི་ནང་དབྱུགས་པ་མིན་ནམ། བཅའ་འདྲི་གླེང་མོལ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་དངོས་ཡོད་གནས་ཚུལ་དེ་རང་ཡིན་པ་རེད་འདུག ཞིབ་ཚགས་ངང་ལྟ་སྐབས་གང་སར་ཁ་ཐོར་དགུ་ཐོར་དབྱུགས་པའི་ནང་ནས་ཤེས་ཐུབ་པར་དཔལ་ལྡན་ལྷ་མོའི་ན་བཟའ་དང་ནང་སྐོར་(གཙུག་ལག་ཁང་ནང་གི་སྐོར་ལམ་)སྐོར་ལམ་དུ་ཡོད་པའི་མ་ཎི་ལག་སྐོར། ཤིང་གིས་བཟོས་པའི་དཀྱིལ་འཁོར། མཆོད་མེ་འབུལ་བྱེད་ཀྱི་སྒྲོམ། དེ་བཞིན་རི་དྭགས་ཕོ་མོ་བཅས་ཡོད་པ་རེད། ལྷ་ལྡན་གཙུག་ལག་ཁང་ལ་བཙན་ཤེད་ངང་ཁྲིམས་མེད་ལུགས་མེད་འདི་ལྟ་བུ་བྱས་ཏེ་སྔར་གྱི་རྣམ་པའི་ཤུལ་ཙམ་ཡང་མ་ལྷག་པ་བཟོས་ཡོད། ལོ་རྒྱུས་ཀྱི་གོད་ཆག་བརྒྱུད་མྱོང་མཁན་གྱི་བོད་པའི་དམངས་སྲོལ་མཁས་དབང་ཞིག་གིས་གུས་མོར་གསུང་དོན་ལ་འདྲ་པར་འདི་མཐོང་སྐབས་ང་ལ་ཞེད་སྣང་ཡོང་གི་འདུག དཀོན་མཆོག་གསུམ།།། ངས་ལྟ་དུས་ནས་ཞེད་སྣང་སྐྱེས་ཀྱི་འདུག འདྲ་པར་འདི་འདྲ་ལེན་ཐུབ་པ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་བྱུང༌།

གཏོར་བཤིག་བཏང་བའི་ནང་ད་དུང་སྐུ་འདྲ་རྩ་ཆེན་པོ་འདི་འདྲ་ཞིག་ཡོད་པ་ཤེས་ཀྱི་མེད། དེའི་ནང་དེ་སྔོན་གཙུག་ལག་ཁང་གི་ཐོག་ས་དང་པོའི་གཞོགས་གཡོན་ཕྱོགས་སུ་ཡོད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ཡང་བོད་མི་ཚོས་ཐུགས་རྗེ་ཆེན་པོ་ཞེས་གསོལ་བའི་སྐུ་འདི་བཤད་སྲོལ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་ངོ་མས་གནས་མཆོག་ཁག་གི་ས་ལས་བཞེངས་གནང་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད། དེར་ལོ་ངོ་༡༣༠༠ཡི་ལོ་རྒྱུས་ལྡན་ཡོད་པ་རེད། བོད་ཡིག་གི་རྩ་ཆེའི་གཞུང་དང་བསྟན་བཅོས་ནང་སྐུ་འདྲ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་བལ་བཟའ་ཁྲི་བཙུན། ཐང་རྒྱལ་རབས་ཀྱི་རྒྱ་བཟའ་འུན་ཤིང་ཀོང་ཇོ་བཅས་ཀྱི་བླ་སྲོག་ལས་གྲུབ་པའི་ལྷ་སྒྲུང་བཞིན་འཁོད་ཡོད་པ་རེད། རིག་གནས་གསར་བརྗེ་མཇུག་བསྒྲིལ་རྗེས་སྐུ་འདྲ་འདིའི་སྐོར་ལ་གོ་དོན་གཏིང་ཟབ་ལྡན་པའི་སྒྲུང་གཏམ་ཞིག་ཡོད་པ་སྟེ་དགོན་པ་གཏོར་མཁན་གྱི་གསར་བརྗེའི་མང་ཚོགས་ནང་ཆོས་ལ་དད་པ་ཆེན་པོ་ཡོད་པའི་མི་ཡང་མཉམ་དུ་ཡོད་པས་རང་སྲོག་གི་ཉེན་ཁར་མི་འཛེམ་པར་གཏོར་བཤིག་བཏང་བའི་ཐུགས་རྗེ་ཆེན་པོའི་ཆག་ཧྲུག་ཁག་ཅིག་དང་གང་སར་ཐོར་ནས་ཡོད་པའི་གཟུངས་བཞུགས་གསང་བའི་ངང་ཉར་ཚགས་གནང་སྟེ་རྗེས་ལ་རྒྱ་གར་དུ་འཁྱེར་ནས་བོད་མི་ཚོས་སྤྱན་རས་གཟིགས་ཀྱི་སྤྲུལ་པར་ངོས་འཛིན་ཞུ་བའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད། ལྷ་ས་ཆུང་ཆུང་ཞེས་འབོད་པའི་རྒྱ་གར་གྱི་བཞུགས་སྒར་རྡ་རམ་ས་ལར་སྤྱི་ལོ་༡༩༧༠ལོར་ལྷ་སའི་གཙུག་ལག་ཁང་དང་མཚན་གཅིག་པ་བྱས་པའི་ལྷ་ཁང་ཞིག་གསར་བཞེངས་གནང་ཡོད། དེའི་ནང་ལ་ཡང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཞིག་བཞེངས་ཡོད་པ་དེར་༧གོང་ས་མཆོག་ནས་དམིགས་བསལ་གྱིས་དེ་སྔའི་སྐུའི་ཆག་ཧྲུག་དང་གཟུངས་བཞུགས་ཐོར་བ་འདི་རྣམས་མཉམ་དུ་གཟུངས་ཕུལ་གནང་ཡོད་པ་རེད་འདུག དེ་ནས་བཟུང་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་ནང་དུ་ཡང་ལྷ་སའི་གཙུག་ལག་ཁང་གི་སྐུའི་རྣམ་ཤེས་བཞུགས་ཡོད་པར་བརྟེན་རྩ་ཆེ་བའི་སྙིང་སྟོབས་འདི་དཀའ་ངལ་ཆེན་པོའི་སྒོ་ནས་ཉར་ཚགས་བྱ་རྒྱུ་བྱུང་ཡོད།

དེང་སྐབས་རྒྱ་གར་གྱི་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་མཁས་པ་ཟླ་བ་ཚེ་རིང་ནས་གུས་མོར་ཕྱག་བྲིས་ཤིག་གནང་ཡོད་པ་འདིའི་ནང་སྒྲུང་གཏམ་དེ་ལ་ར་སྤྲོད་བྱུང་བ་དང་ད་དུང་ཁ་སྣོན་ཡང་བྱུང་དོན་ལ་དམར་སྲུང་དམག་གིས་འདི་རྣམས་ཚང་མ་རྩ་མེད་བཟོས་པའི་སྐབས་དེར་བོད་པ་དང་བལ་པོ་འདྲེས་པའི་ཁ་ཚ་ར་ཞིག་ཡོད་པ་ཁོང་ནི་དེ་སྔ་རྒྱུད་སྨད་གྲ་ཚང་གི་དགེ་འདུན་པ་ཡིན་པ་དང་རྗེས་སུ་གྲ་པ་ལོག་ནས་དམར་སྲུང་དམག་ནང་ཞུགས་ཡོད། ཁོང་གིས་ལས་འགུལ་ཞིག་ནང་གསང་བའི་ངང་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་དབུ་རང་ཁྱིམ་ལ་ཉར་ཚགས་བྱས་ཡོད། ཁོང་ནི་བོད་པ་གཙང་མ་མིན་པར་ཁ་ཚ་ར་ཡིན་པའི་དབང་གིས་ཁོང་གི་ཁྱིམ་ཚང་ལ་གང་བྱུང་གིས་སྔོག་བཤེར་བྱེད་ཀྱི་མེད། ཁོང་ཚོ་ནི་བོད་ནང་ཡོད་པའི་བོད་པ་རང་ལས་དམིགས་བསལ་གྱི་ཐོབ་ཐང་ཆེ་བ་དང་གུ་ཡངས་བ་ཡོད། མི་དེ་རྒྱལ་ཁོངས་གཞན་ནས་ཡིན་རུང་རང་ཉིད་ཀྱི་ཆོས་ལུགས་ལ་དད་པ་རྩེ་གཅིག་ཏུ་ཞུ་མཁན་ཞིག་ཡིན་པར་བརྟེན་རྗེས་སུ་ཁོང་གིས་ཐབས་ཤེས་གང་ཡོད་ངང་སྐུ་འདྲའི་དབུ་འདི་རྒྱལ་མཚམས་འགྲོལ་ནས་རྒྱ་གར་ལ་གདན་འདྲེན་ཞུས་ཏེ་རྒྱལ་བ་རིན་པ་ཆེར་ཕུལ་ནས་ད་ལྟ་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་ནང་ཡོད་པ་རེད།

ཡང་དེ་བས་བརྗོད་འོས་པ་ཞིག་ལ་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་དང་མཚུངས་པའི་སྐུ་འདྲ་ཞིག་ཡོད། སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་སྐབས་སྐུ་ངོ་མས་རབ་གནས་ཐོབ་པའི་སྐུ་འདྲ་འདི་བོད་ལ་གདན་འདྲེན་ཞུས་པ་ནས་བཟུང་བོད་མི་ཚོས་དད་གུས་ཆེན་པོ་ཞུ་ཡུལ་ཞིག་དང་བོད་མིའི་སེམས་ནང་གི་ཀ་བ་ལྟ་བུར་གྱུར་ཡོད་ལ། དེ་བཞིན་ལྷ་ལྡན་གཙུག་ལག་ཁང་ཙམ་མ་ཡིན་པར་ལྷ་ས་དང་བོད་ས་ཡོངས་ཀྱི་བླ་སྲོག་གནས་ས་ལྟ་བུ་ཆགས་ཡོད་པ་རེད། འོན་ཀྱང་རིག་གནས་གསར་བརྗེའི་སྐབས་སྐུ་འདྲ་དེར་ཉམས་དམས་ཚབས་ཆེ་ཕོག་ཡོད་པ་དང་རྙིང་པ་བཞི་གཏོར་བའི་རྗེས་གཙུག་ལག་ཁང་ཡོངས་ལ་མཐར་སྐུ་འདྲ་འདི་མ་གཏོགས་ལྷག་མེད་པར་མི་མང་པོས་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའི་བཤད་པར་གཞིགས་ན་དམར་སྲུང་དམག་གིས་འཇོར་ཞུས་ཡོད་པ་རེད་འདུག ལྷ་ས་སློབ་འབྲིང་དམའ་རིམ་དྲུག་དྲུག་འཛིན་གྲའི་སློབ་མ་ཞིག་གིས་དེ་བས་གསལ་སྟོན་གནང་བར་ཇོ་བོ་རིན་པོ་ཆེའི་ཞབས་ཀྱི་སྟེང་ཨི་ཁུང་ཕུག་མཁན་འདི་ཁོང་གི་སློབ་གྲོགས་ཡིན་པ་དང་ད་ལྟ་སྲིད་གཞུང་གི་དཔོན་རིགས་ཆགས་ཡོད། གོ་ཐོས་ལ་སྐབས་དེ་དུས་ཀྱི་གསར་བརྗེའི་ལས་འགུལ་དེར་སྔར་ལྟར་འགྱོད་སེམས་བྱེད་ཀྱི་མེད་པ་དང་མ་མཐར་ཕྱི་ཚུལ་ནས་འདི་འདྲ་ཡིན་པ་རེད།

ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པ་བགྲེས་སོང་ཁ་ཤས་ཀྱིས་དྲན་གསོས་གནང་བར་སྐབས་ཤིག་རིང་ཇོ་བོ་ཤཱཀྱ་མུ་ནེའི་དབུ་ལ་ཞྭ་མོ་རིང་པོ་སྒྲོན་ཏེ་དབུ་ཞྭའི་ཐོག་དམའ་འབེབས་ཀྱི་རང་བཞིན་ལྡན་པའི་སྐད་ཆ་མང་པོ་བྲིས་ཡོད། ཡིན་ནའི་སྐུ་གཟུགས་ཐོག་སྒྲོན་པའི་གསེར་དངུལ་ནོར་བུའི་རིགས་དངོས་དང་དར་གོས་ཀྱིས་བརྒྱན་པ་ཡོད་ཚད་ཚང་མ་གར་སོང་མེད་པར་གྱུར་ཏེ་ཞལ་རས་དང་སྐུ་གཟུགས་སྟེང་སྒྲོན་པའི་གསེར་ཆུ་ཡང་འདྲུས་བཤུས་བྱས་ཡོད་ལ། ཐ་ན་དབུ་ཐོད་སྟེང་སྒྲོན་པའི་རིན་ཐང་བྲལ་བའི་ཕྲ་རྒྱན་ཕ་ལམ་དང་སྐུ་འདྲའི་སྙན་ཅོག་གཉིས་ལ་སྒྲོན་པའི་གནའ་བོའི་གསེར་གྱི་རྣ་རྒྱན་བཅས་དཔོག་པར་དཀའ་བའི་མི་ཞིག་གིས་འཁྱེར་ཕྱིན་ཡོད་པ་རེད་འདུག ཀཀྞི་སྒོ་བཞི་གཏོར་མཁན་གྲས་སུ་ཡོད་པའི་བགྲེས་སོང་བྱམས་པ་རིན་ཆེན་ནས་བརྗོད་པར། སྐུ་འདྲ་དེ་དང་བཅས་པའི་དེ་མིན་སྐུ་འདྲ་ཡོད་ཚད་ཀྱི་གཟུངས་སུ་ཕུལ་བའི་དངོས་པོ་ཡོད་ཚད་བཏོན་པ་དང་དེའི་ནང་ཡོད་པའི་འབྲུ་རྣམས་འབྲུ་རིགས་ལས་ཁུངས་ཀྱི་གཉེར་ཚང་ལ་བསྐྱལ་ཏེ་རྩམ་པ་ཐག་པ་རེད། ཇོ་བོ་རིན་པོ་ཆེར་དེ་ལྟར་སྐུ་གཟུགས་ལ་རྨ་རྗེས་དང་དམར་རྗེན་དུ་གཙོག་པ་བཟོས་པའི་བཞུགས་ཁྲིའི་སྟེང་དཀྱིལ་ཀྲུང་གིས་བཞུགས་ཡོད། སྟབས་ལེགས་པ་ཞིག་ལ་ལྷད་མེད་གསེར་རྐྱང་གིས་བཟོས་པའི་དབུ་རྒྱན་བླ་བྲེས་འདི་ལོ་མང་རིང་སྤོས་དང་མཆོད་མེའི་དུ་བས་ནག་པོ་ཆགས་ཡོད་པའི་དབང་གིས་ཧ་མི་གོ་བར་སྔར་བཞིན་གནས་ཐུབ་ཡོད། རྗེས་ལ་སྐབས་ཤིག་རིང་གཙུག་ལག་ཁང་ནང་ཡོད་པའི་ལྷ་ས་གྲོང་ཁྱེར་ཆབ་སྲིད་གྲོས་ཚོགས་ཀྱི་གཞུང་ལས་ཁང་ནང་བཞག་འདུག མཐར་གཙུག་ལག་ཁང་བསྐྱར་དུ་གཟིམ་སྒོ་ཕྱེ་བའི་སྐབས་ཐེངས་མང་འཁྲུས་པ་བརྒྱུད་གསེར་རང་གི་ཚོན་མདངས་དོན་པ་དང་ཇོ་བོ་རིན་པོ་ཆེའི་དབུ་ལ་སྒྲོན་པ་རེད།

འདི་ནི་ལྷ་ལྡན་གཙུག་ལག་ཁང་ནང་ཡོད་པའི་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་དང་མཉམ་པའི་སྐུ་འདྲ་འདི་རེད། གཟབ་ནན་གྱིས་མཇལ་སྐབས་དཀྱིལ་ཀྲུང་གནང་ནས་བཞུགས་པའི་ཇོ་བོའི་ཞབས་གཡོན་མའི་སྟེང་ཨི་ཁུང་གཏིང་རིང་པོ་གཅིག་ཡོད་པ་འདི་ད་ལྟ་ཡང་གསལ་པོ་མཇལ་རྒྱུ་ཡོད། ཡིན་ནའི་འདི་ནི་དུས་རབས་དགུ་པའི་དཀྱིལ་ཙམ་ལ་བོད་ཀྱི་རྒྱལ་རྒྱུད་མཐའ་མ་གླང་དར་མས་ནང་ཆོས་སྣུབས་པའི་སྐབས་ཨི་ཁུང་ཕུག་པ་ཞིག་ཡིན་པར་མི་མང་པོས་ངོས་འཛིན་བྱེད་ཀྱི་ཡོད། ཡང་དེའི་འགྲམ་དེར་ད་དུང་ཨི་ཁུང་གཞན་ཞིག་ཡོད་པ་དེ་ཏག་ཏག་དམར་སྲུང་དམག་གཙུག་ལག་ཁང་ནང་ཐོག་མར་གཏོར་བཤིག་བཏང་བར་སྐྱོད་སྐབས་ཨི་ཁུང་ཕུག་པ་ཞིག་དང་ཡིན་ནའི་རྗེས་ལ་ཨི་ཁུང་འདི་བཀག་ཡོད་པ་ཡིན་རུང་ག་ལེར་རྡུང་བ་ཡིན་ན་སྟོང་པའི་སྒྲ་ཐོས་ཀྱི་ཡོད།

ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་འདིར་དང་ཐོག་ལྷད་མེད་ཀྱི་གསེར་དང་རིན་ཆེན་ཁྲ་རྒྱན་ལས་བཟོས་པའི་རིན་ཆེན་སྣ་ལྔའི་དབུ་རྒྱན་ཁྱོན་ལྔ་ཡོད་པ་དེར་རིན་ཐང་ཚོད་དཔག་བྱ་ཐབས་མེད་པ་དེ་རྣམས་རྗེ་ཙོང་ཁ་པ་ཆེན་པོ་མཆོག་དང་བཤད་སྒྲ་གཟིམ་ཤག རྒྱལ་བ་སྐུ་འཕྲེང་ལྔ་པ་ཆེན་པོ་མཆོག ཚ་རོང་ཟླ་བཟང་དགྲ་འདུལ། རྒན་བླ་མེད་ཞུ་བའི་གྲ་པ་ཚོང་པ་ཞིག་བཅས་ནས་ཕུལ་བ་ཞིག་རེད། ལོ་ཚད་ནི་ལོ་ངོ་ལྔ་བརྒྱ་ལྷག་ཙམ་མམ་ཡང་ན་ལོ་ངོ་བཅུ་ཕྲག་ཁ་ཤས་ཙམ་ཕྱིན་ཡོད་པ་རེད་འདུག བརྗོད་ཡག་ལ་སློབ་གསོ་ཆེན་པོ་གསུམ་གྱི་ལས་དོན་རུ་ཁག་ཟེར་བ་དེ་གཙུག་ལག་ཁང་ནང་བསྡད་པའི་རིང་ཚང་མ་གར་སོང་ཆ་མེད་དུ་སོང་ནས་ད་ལྟ་སྒྲོན་པའི་དབུ་རྒྱན་འདི་རྩ་ཆེན་ཡིན་རུང་དེ་སྔའི་ངོ་མ་འདི་མིན་པས་སྐུ་འདྲའི་དབུ་ལ་སྒྲོན་སྐབས་ཅུང་ཆེ་དྲགས་པ་ལྟ་བུ་འདུག

དེ་སྔོན་ཧུར་བརྩོན་ཅན་དང་ད་ཆ་ཁྲོམ་གཟིགས་ཁང་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་རྐང་བཙུགས་ནས་གུས་མོར་བརྗོད་དོན། ཁོ་པས་དེ་སྔ་གཙུག་ལག་ཁང་ནང་བཅའ་སྡོད་བྱེད་མཁན་དམག་དཔུང་ལ་འབྲུ་རིགས་བསྐྱལ་བར་འགྲོ་དུས་ཇོ་བོ་རིན་པོ་ཆེའི་ལྷ་ཁང་གི་མཐའ་སྐོར་གྱི་ལྷ་ཁང་ཚང་མ་ཕག་ཚང་བཟོས་ནས་དེའི་ནང་དྲི་ངན་བཟོད་ཐབས་མེད་པའི་ཕག་པ་གསོས་ཡོད་པ་དང༌། ཡང་ཐོག་ཁའི་ལྷ་ཁང་དེ་ཚོ་དམག་མིའི་ཉལ་ཁང་བཟོས་ཏེ་གཅིག་ཐོག་དང་ཉིས་ཐོག་བར་ཐད་ཀར་སྐས་འཛེག་བཙུགས་འདུག་ཅེས་དང༌། རྨེ་རུ་ཨུ་ཡོན་ལྷན་ཁང་ལ་བཞུགས་མཁན་བཅུ་གཅིག་(གསང་མིང་)ཁོང་རང་ནས་བཤད་པ་ལྟར་ན།

ང་ཚོས་བཀའ་ལྟར་གཙུག་ལག་ཁང་ནང་ཕག་པའི་ལྟོ་ཆས་བསྐྱལ་བར་འགྲོ་དུས་ནང་དུ་ཕག་པ་ཧ་ཅང་གི་མང་པོ་ཡོད་པ་མཐོང་བྱུང་ལ། དམག་མིས་ད་དུང་ཕག་པ་གསོད་བཞིན་འདུག གཙུག་ལག་ཁང་ཡོངས་ལ་ཇོ་བོ་རིན་པོ་ཆེ་མ་གཏོགས་དེ་མིན་སྐུ་འདྲ་གཅིག་ཀྱང་མི་འདུག ཚང་མ་རྩ་གཏོར་བཏང་ཚར་བཞག ཇོ་བོ་སྐུ་གཟུགས་སྟེང་གི་སྐུ་རྒྱན་ཡོད་ཚད་འཁྱེར་ཚར་འདུག་པས་སྐུ་གཟུགས་སྟེང་ཐལ་བ་མཐུག་པོ་ཡོད་པ་ཕུད་གཞན་གང་ཡང་མི་འདུག ཡང་ཇོ་བོའི་ཞབས་པུས་ཐོག་ཨི་ཁུང་གཅིག་འདུག་པ་འདི་དང་ཐོག་ཆེན་པོ་མི་འདུག ཡིན་ནའི་རྗེས་སུ་རྟག་ཏུ་མི་ཡོང་མཁན་གྱིས་ཐུ་མར་བེད་སྤྱོད་བྱས་ཏེ་འདྲུས་པ་དང་བཏོན་ནས་ཨི་ཁུང་འདི་ཆེ་རུ་ཕྱིན་བཞག ཨི་ཁུང་འདིའི་ནང་ནས་བཏོན་པ་འདི་སོལ་བ་ལྟར་ནག་པོ་ཞིབ་ཞིབ་ཅིག་འདུག་པས་རྗེས་སུ་ངས་ གཞི་ནས་ཤེས་རྟོགས་བྱུང་བར་དེ་ནི་རྩ་ཆེའི་བོད་སྨན་མིང་ལ་གཙོ་ཐལ་ཟེར་བ་དེ་རེད་འདུག སྐབས་དེ་དུས་ང་དང་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཉམ་དུ་ངལ་རྩོལ་བྱེད་བཞིན་ཡོད་པས་ཁོང་གིས་ང་ལ་མངག་བྱ་གནང་བར་གཙུག་ལག་ཁང་ལ་ཕག་ལྟོ་བསྐྱལ་བར་འགྲོ་དུས་ཐུ་མར་འཁྱེར་རྒྱུ་མ་བརྗེད་པ་བྱེད་དགོས་བརྗོད་བྱུང་བས་ངས་ཁོང་ལ་བཀའ་འདྲི་ཞུས་པར། ཐུ་མར་འཁྱེར་ཏེ་གང་བྱེད་དགོས་ཞུ་སྐབས་ཁོང་གིས་ཇོ་བོ་ཞབས་པུས་སྟེང་གི་ཨི་ཁུང་འདི་ནས་བྱིན་རྟེན་བཏོན་རྒྱུ་ཡོད། སྦྱིན་རླབས་ཧ་ཅང་གི་རྩ་ཆེན་པོ་རེད་ཅེས་བརྗོད་བྱུང༌། ལྷ་ཀླུ་ནི་ངལ་རྩོལ་སྒྱུར་བཀོད་གཏོང་ཡུལ་གྱི་ཁོངས་ཡིན་པས་གཙུག་ལག་ཁང་དུ་ཕག་ལྟོ་བསྐྱལ་བར་སྐྱོད་ཀྱི་ཡོད་པར་བརྟེན་ཁོང་སྐྱོད་ཐེངས་རེར་ཐུ་མར་འཁྱེར་ནས་ བྱིན་རྟེན་བཏོན་ཏེ་ཟ་ཡི་ཡོད་པ་བརྗོད་བྱུང༌།

གཏོར་བས་མ་ཚད་མེར་བསྲེགས་ཡང་བཏང་ཡོད། དཔེར་ན་འདྲ་པར་དང་པོ། འདྲ་པར་གཉིས་པ། འདྲ་པར་གསུམ་པ། འདྲ་པར་བཞི་པ།འདྲ་པར་བཞི་པོ་དེའི་ཐོག་ནས་མཐོང་ཐུབ་པར་གསུང་ཆོས་རྭ་བར་དཔེ་ཆ་དང་དར་ལྕོག མ་ཎིའི་གཟུངས་བཅས་མེར་བསྲེགས་བཏང་བཞིན་པའི་རྣམ་པ་མཐོང་རྒྱུ་ཡོད། རྙིང་པ་བཞི་ཡི་དངོས་པོ་དངོས་གནས་ཧ་ཅང་གི་མང་པོ་ཡོད་པར་བརྟེན་གཏོར་ཐུབ་པ་གཏོར་བ་དང་མེར་བསྲེགས་བཏང་ཐུབ་པ་རྣམས་མེར་བསྲེགས་བཏང་བ། གཏོར་མ་ཐུབ་པ་དང་མེ་བསྲེག་བཏང་མི་ཐུབ་པ་རྣམས་ཁྲོམ་གཞུང་ཐོག་ཏུ་དབྱུགས་པ་མ་ཟད། གསང་སྤྱོད་དང་གཙང་པོའི་ནང་དུ་ཡང་དབྱུགས་ཡོད་པ་རེད། ངའི་ཨ་མ་ལགས་ཀྱིས་འདྲ་པར་འདི་རྣམས་གཟིགས་རྗེས་ང་ལ་གསུངས་པར།

གནས་ཚུལ་གཅིག་གིས་ང་ལ་བག་ཆགས་གཏིང་ཟབ་ཞིག་བྱུང་བ་ནི་རང་སྐྱེས་པའི་རྗེས་ང་ཕྱི་ལ་སྒོ་དོན་པ་དང་པོ་དེར་དམག་ཁུལ་ཁང་གི་རྒྱབ་སྒོ་ནས་བར་སྐོར་ནུབ་ངོས་ཀྱི་ཀླུ་སྒུག་མོ་ཀྲའི་བབས་ཚུགས་བར་སྐྱོད་ནས་དེ་ནས་པར་ལེན་ལས་ཁུངས་བར་གྱི་ལམ་བར་ལ་དེ་སྔོན་དགོན་པའི་ནང་གི་ཕྱག་དཔེ་གཞུང་ལམ་ཐོག་གང་སར་དབྱུགས་འདུག་པས་གཙུག་ལག་ཁང་དང་ཡང་ན་ཉེ་འགྲམ་གྱི་དགོན་པ་གང་ནས་ཡིན་མིན་མ་ཤེས། སའི་སྟེང་གང་སར་ཕྱག་དཔེ་ཤོག་ལྷེ་རེ་རེ་བཞིན་ཐོར་ནས་འདུག་པ་འདི་ལྕང་མའི་ལོ་མ་ལས་མང་བ་འདུག་པས་ལམ་སྟེང་གོམ་པ་སྤོ་སྐབས་ཚག་ཚག་ཟེར་སྐད་སྒྲ་ཡང་ཐོན་གྱི་འདུག བྱས་ཙང་ངའི་སེམས་ནང་གང་ལྟར་ཞེད་སྣང་སྐྱེས་པ་དང་ཕྱག་དཔེ་རྐང་པའི་འོག་ལ་མནན་ན་ཉེས་པ་ཡོད་པ་བསམ་བྱུང༌། ཡིན་ནའི་ཐབས་ཤེས་མི་འདུག ས་སྟེང་གང་སར་ཕྱག་དཔེ་འདུག་པས་གོམ་པ་མ་སྤོས་པར་གཡོལ་ནས་གཡོལ་ས་གང་ཡང་མི་འདུག མོ་ཀྲ་ཡང་དེའི་སྟེང་འགྲོ་ཡི་འདུག་པས་ཕྱག་དཔེ་འདི་རྣམས་བཙོག་པ་དང་རལ་པ་ཆགས་འདུག སྐབས་དེ་དུས་སྟོན་ཁ་ཡིན་པར་བརྟེན་ལྷགས་པ་རྒྱབ་སྐབས་ཕྱག་དཔེ་ཧྲུག་ཧྲུག་དང་ལྕང་མའི་ལོ་མ་མཉམ་དུ་ལྷགས་པས་གནམ་སྒང་གང་སར་འཁྱེར་ནས་འདུག བྱས་ཙང་གནས་ཚུལ་འདིས་ང་ལ་འཆར་སྣང་གཏིང་ཟབ་ཅིག་བྱུང༌།

ད་ཆ་ལོ་རྒན་དྲུག་བཅུར་སོན་པའི་བཅུ་གཅིག་(གསང་མིང་)ནས་སེམས་ནང་སྐྲག་སྣང་ངང་བརྗོད་པར།

ཧྲུག་ཆག་བཟོས་པའི་སྐུ་འདྲ་སླེ་པོའི་ནང་བླུགས་ནས་རྒྱ་ལམ་དང་ཁྲོམ་གཞུང་སྟེང་དབྱུགས་པ་དང༌། ད་དུང་ཕྱག་དཔེ་ཤོག་ལྷེ་རེ་རེ་བཞིན་རྒྱ་ལམ་ཐོག་གཏོར་སྐབས་སེམས་ནང་ཞེད་སྣང་ཆེན་པོ་སྐྱེས་ཀྱི་འདུག ག་དུས་སྐུ་འདྲ་དབྱུག་པར་འགྲོ་དུས་དང་ཡང་རྐང་པའི་འོག་ལ་ཕྱག་ དཔེ་དང་སྐུ་འདྲ་མནན་པའི་སྐབས་སེམས་ནང་ཞེད་སྣང་ཧ་ཅང་ཆེན་པོ་ཡོང་གི་འདུག དངོས་གནས་བཤད་ཐུབ་ཀྱི་མི་འདུག ཡིན་ནའི་ཐབས་ཤེས་མེད། དཔེ་མི་སྲིད་པ་རེད། སྐབས་དེ་དུས་ད་དུང་ཕྱག་དཔེའི་གླེགས་ཤིང་གསང་སྤྱོད་ཀྱི་ལྕམ་ཤིང་དུ་བེད་སྤྱོད་བྱས་པ་རེད། གླེགས་ཤིང་ཐོག་ད་དུང་ཕྱག་དཔེ་བཀོད་ཡོད། ཨ་ཙི་དཀོན་མཆོག་གསུམ་དེའི་སྒང་སྐྱག་གཅིན་བཏང་བ་དེ་ཚོ་ནི་སྡིག་པ་ཆེན་པོ་བསག་པ་རེད། གསང་སྤྱོད་དེའི་རིགས་རྨེ་རུ་དགོན་པ་དང་ར་མོ་ཆེ་གཙུག་ལག་ཁང༌། རྨེ་རུ་ཨུ་ཡོན་ལྷན་ཁང་བཅས་སོ་སོར་རྒྱབ་ཡོད་པས་མི་ཚོས་དེར་གཅིན་པ་གཏོང་བར་ཞེད་སྣང་བྱེད་ཀྱི་ཡོད་རུང་དེར་མ་ཕྱིན་ན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ པས་ཁ་རྡུང་བཏང་གི་ཡོད།

གཙུག་ལག་ཁང་གཅིག་ཐོག་གི་གཞོགས་གཡས་ངོས་གཟིམ་སྒོའི་འགྲམ་གྱི་ཐུགས་སྨོན་ལྷ་ཁང་འདིའི་ནང་གདན་རིམ་བརྩེགས་བྱས་ཏེ་བཞག་ཡོད་པར་བརྟེན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་འདི་བཀག་ནས་མཐོང་མི་ཐུབ་པར་ལྷག་ཐུབ་པ་བྱུང་ཡོད།

དེའི་སྐབས་ལྷ་སའི་ཁྲོམ་གཞུང་གང་སར་སྐུ་འདྲ་ཆག་ཧྲུལ་དང་ཕྱག་དཔེ་ཧྲུག་ཧྲུག་གང་སར་དབྱུགས་ཡོད་པས་དད་ལྡན་པ་རྒན་འཁོགས་མང་པོ་སེམས་པ་སྡུག་ནས་གསང་བའི་ངང་གསུངས་དོན། མི་ཚེ་རིང་པོ་འདི་འདྲ་བསྡད་ནས་དོན་སྙིང་གང་ཡོད་པ་རེད་དམ། མི་ཚེ་རིང་དྲགས་ནས་སངས་རྒྱས་ཀྱི་སྐུ་རྟེན་མེད་པ་བཟོས་པ་མཐོང་བ་འདི་ལས་སྡུག་པ་ག་པར་ཡོད། ཡང་ང་ཆུང་དུས་ཀྱི་བུ་རྫི་ཡིན་པ་རྨོ་བོ་ཡེ་ཤེས་ལགས་ནི་ནང་ཆོས་ལ་དད་པ་ཆེན་པོ་ཡོད་མཁན་ཞིག་རེད། དུང་ལྟར་དཀར་བའི་མགོ་བོ་གཡུག་གཡུག་གནང་ནས་དབུགས་རིང་བཏང་སྟེ་གསུང་པར་དེ་འདྲ་མ་རེད་པས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་སངས་རྒྱས་ལ་ཡང་སྡུག་པོ་བཏང་ནས་དཀྲོངས་སོང༌།

ཡང་སྙིང་ཉེས་པ་དེར་སུས་གཡོལ་གྱི་ཡོད་པ་རེད་དམ།

དོན་དངོས་ཐོག་བོད་ཁྱོན་ཡོངས་ལ་གཏོར་བཤིག་བཏང་བའི་དགོན་པ་ལྷ་ལྡན་གཙུག་ལག་ཁང་གཅིག་པུ་མ་ཡིན་པར་ལོ་རབས་ལྔ་བཅུའི་དཀྱིལ་ནས་འགོ་ཚུགས་ཏེ་བོད་ཀྱི་ཁམས་དང་ཨ་མདོའི་ས་གནས་ནང་ལ་ཡང་དགོན་སྡེ་མི་ཉུང་བ་ཞིག་མེ་སྒྱོགས་འོག་ནས་གྱང་རོ་ཆགས་ཡོད། དེ་ནི་མིང་ལ་གསར་བརྗེར་ངོ་ལོག་གི་ཟིང་འཁྲུག་ལྷིང་འཇགས་བཏང་བ་ཟེར་བའི་དམག་དོན་གྱི་ལས་འགུལ་ཞིག་ཡིན་པ་དང་རྒྱ་ནག་གུང་ཁྲན་གཞུང་གི་དམག་མིས་ཟིང་འཁྲུག་སློང་མཁན་ལ་དྲག་གནོན་བྱེད་ཆེད་དགོན་པ་ཁག་ཟིང་འཁྲུག་གི་བཙན་རྫོང་དང་ལྟེ་གནས་ཡིན་པར་ངོས་འཛིན་བྱས་ཏེ་རྩ་མེད་བཏང་ཡོད།

དེ་རྗེས་མུ་མཐུད་ནས་གཤམ་འོག་ལ་སྐྱོད་དེ་བསམ་བློར་སྒྱུར་བཀོད་གཏོང་དགོས་ཟེར་བའི་ཆབ་སྲིད་ལས་འགུལ་སྣ་ཚོགས་ནང་གྲངས་ལས་འདས་པའི་ལས་དོན་རུ་ཁག་གིས་ཡར་ལངས་ཞིང་བྲན་ཟེར་བར་སྐུལ་སློང་བྱས་ཏེ་གསར་བརྗེའི་ཞིབ་ཕྲའི་དམིགས་ཡུལ་གྲས་ལ་དགོན་པ་བཤིག་རྒྱུ་དེའི་ནང་བཅུག་ཡོད་པ་རེད། དགོན་པ་བཤིག་རྒྱུ་ཟེར་བ་དེ་ཡང་དེ་སྔ་དམངས་གཙོའི་བཅོས་སྒྱུར།(རྒྱ་ནག་གུང་ཁྲན་གཞུང་གིས་སྤྱི་ལོ་༡༩༥༩ ལོའི་རྗེས་བོད་ལ་ལག་བསྟར་བྱེད་པའི་བོད་ཀྱི་སྲོལ་རྒྱུན་དཔལ་འབྱོར་ལ་གསར་བརྗེ་བྱས་པ་དེ་རེད། དེའི་ནང་དོན་གཙོ་བོ་ནི་དང་ཐོག་མཐོ་རིམ་སྤྱི་ཚོགས་ལ་དབང་བའི་ས་ཞིང་དང་ཕྱུགས་རིགས་སོགས་ཆ་སྙོམ་བྱས་ནས་གཤམ་འོག་གི་མང་ཚོགས་ལ་བགོས་འགྲེམ་བྱས་ཏེ་དེ་ནས་བཟུང་གཞིས་ཀའི་དཔལ་འབྱོར་དང་དགོན་སྡེའི་ཆབ་སྲིད་སོགས་རྒྱུན་སྲོལ་གྱི་སྤྱི་ཚོགས་ཆགས་སྟངས་འདི་རྩ་མེད་བཟོས་པ་དེར་དམངས་གཙོ་བཅོས་སྒྱུར་ཟེར་གྱི་ཡོད།) ཡང་སློབ་གསོ་གསུམ་ཟེར་བ་དང་གཙང་བཤེར་བཞི་ཟེར་བ་བཅས་སྤྱི་ལོ་༡༩༦༣ལོ་ནས་སྤྱི་ལོ་༡༩༦༦ལོ་བར་རྒྱ་ནག་གུང་ཁྲན་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་སྤེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་དེ་ཡིན་པ་དང་གྲོང་གསེབ་ལ་ལས་ཐོའི་སྐར་མ་དང་རྩིས་ཕྲ། མཛོད་ཁང༌། རྒྱུ་ནོར་བཅས་ལ་གཙང་བཤེར་བྱས་པ་དང༌། གྲོང་ཁྱེར་དང་གྲོང་རྡལ་ནང་དུ་བསམ་བློ། ཆབ་སྲིད། སྒྲིག་འཛུགས། དཔལ་འབྱོར་བཅས་ལ་ཞིབ་བཤེར་བྱེད་པ། དེའི་བར་ལ་གནས་ཚུལ་ཐོན་ཡོད་པ་རེད། ཀུན་གཟིགས་པན་ཆེན་སྐུ་འཕྲེང་བཅུ་པ་མཆོག་གིས་སྤྱི་ལོ་༡༩༦༢ལོར་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་གནང་བའི་ནང་དམངས་གཙོའི་བཅོས་སྒྱུར་གོང་བོད་ལ་ཆེ་འབྲིང་ཆུང་གསུམ་གྱི་དགོན་སྡེ་ཁྱོན་༢༥༠༠ལྷག་ཙམ་ཡོད་པ་དང་ཡང་དམངས་གཙོའི་བཅོས་སྒྱུར་རྗེས་སྲིད་གཞུང་ནས་བཞག་པའི་དགོན་པ་བདུན་བཅུ་ལྷག་ཙམ་ལས་མེད་པས་བརྒྱ་ཆ་དགུ་བཅུ་གོ་བདུན་ལས་མང་བ་ཉུང་རུ་ཕྱིན་ཡོད་ཅེས་བཀོད་གནང་ཡོད།

དེར་ཡང་གཞུང་ཕྱོགས་ཀྱི་རྣམ་འགྱུར་འཛིན་སྟངས་གང་འདྲ་ཞིག་ཡོད་དམ། <<རྒྱ་ནག་གུང་ཁྲན་གཞུང་གི་བོད་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་ལོ་རྒྱུས་དོན་ཆེན་ཟིན་ཐོ།>>ཟེར་བ་འདིའི་ནང་འཁོད་པར་གཞིགས་ན། སྤྱི་ལོ་༡༩༦༦ལོའི་ཟླ་༣ཚེས་༢ཉིན་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་ལྷན་ཚོགས་ནས་དབུས་ལྷོ་ནུབ་ལྷན་ཁང་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་མང་ཚོགས་ནས་དགོན་པ་བཤིག་རྒྱུའི་སྙན་ཞུ་ཕུལ་ཡོད་པའི་གནད་དོན་བརྗོད་ཡོད་པ་སྟེ།

བོད་ཀྱི་ས་གནས་འགའ་ཤས་ནང་མང་ཚོགས་ཚོས་དགོན་པ་བཤིག་རྒྱུར་དགོས་འདུན་བཏོན་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་ལྷན་ཚོགས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་དགོན་པ་དང་མཐའ་མཚམས་ཁུལ། གྲོང་ཁྱེར་དང་གྲོང་རྡལ། གལ་གནས་ཆེ་བའི་འགྲིམ་འགྲུལ་གཞུང་ལམ་ཐོག་གི་དགོན་པ་ཁག་རང་སོར་འཇོག་དགོས་པ་ལས་བཤིག་རྒྱུ་མེད་པ་མང་ཚོགས་ལ་འགྲེལ་བཤད་བྱས་ནས་བློ་འགུག་ཐུབ་པ་བྱེད་དགོས་པ་དང༌། མང་ཚོགས་གནས་སྡོད་བྱེད་འདོད་ཡོད་ན་བགོ་ཤ་རྒྱབ་ཏེ་མང་ཚོགས་བསྡད་བཅུག་དགོས། ཐག་རིང་ལུང་ཁུག་ལ་ཡོད་པའི་དགོན་པ་དང་ལོག་གྲབ་ཀྱི་ཉེན་ཁ་ཡོད་པའི་དགོན་པ་གལ་ཏེ་བེད་སྤྱོད་རྩ་བ་ནས་མེད་པ་དང་ཡང་མང་ཚོགས་ནས་ཧུར་ བརྩོན་གྱིས་བཤིག་རྒྱུའི་རེ་བ་བཏོན་བཞིན་ཡོད་ན། རྫོང་སྤྱི་ཁྱབ་ནས་ཆོག་མཆན་སྤྲད་པ་བརྒྱུད་དང་དབུལ་ཕོངས་མཐུན་ཚོགས་ཀྱིས་འགན་འཁུར་བྱས་ཏེ་སྒྲིག་འཛུགས་ཡོད་པའི་སྒོ་ནས་བཤིག་དགོས་ཞེས་བརྗོད་ཡོད།

འདི་ནི་དོ་སྣང་བྱ་དགོས་ངེས་ཀྱི་ཡིག་ཚགས་ཤིག་རེད་འདུག དེའི་ནང་མང་ཚོགས་ཀྱིས་དགོན་པ་བཤིག་རྒྱུའི་བསམ་དོན་དེར་ནུས་པ་གང་ཡོད་ཀྱིས་བཀག་སྡོམ་བྱས་ཡོད་པ་མཐོང་རྒྱུ་མིན་འདུག་པ་མ་ཟད། ད་དུང་སྐུལ་སློང་གི་རྣམ་པ་ཞིག་ཡོད་པ་རེད། དེ་མིན་གང་སར་མང་ཚོགས་ཟེར་བའི་ཚིག་མཐོང་རྒྱུ་ཡོད་པ་འདི་མི་གང་འདྲ་ཞིག་ཡིན་ནམ། ཡང་དེའི་ནང་མི་ག་ཚོད་ཡོད་དམ། ཅིའི་ཕྱིར་སྔ་མིན་ཕྱི་མིན་ཏག་ཏག་བཅིངས་འགྲོལ་བཏང་བའི་རྗེས་གཞི་ནས་དགོན་པ་བཤིག་མཁན་གྱི་མང་ཚོགས་ཐོན་པ་རེད་དམ།

སྤྱི་ལོ་༡༩༨༧ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་སྤྱི་ལོ་༡༩༦༦ལོའི་རིག་གནས་གསར་བརྗེའི་ལས་འགུལ་གྱི་གོང་ཙམ་ལ་བོད་རང་སྐྱོང་ལྗོངས་ནང་ཁྱོན་དགོན་པ་༥༥༠ཙམ་སྒོ་ཕྱེ་ཡོད་པ་ངོས་ལེན་བྱས་ཡོད། སྤྱི་ལོ་༡༩༥༩ལོའི་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་དགོན་པ་༢༧༠༠ཙམ་ཡོད་པ་རེད། ཡང་རིག་གནས་གསར་བརྗེའི་ལས་འགུལ་དངོས་སུ་འགོ་ཚུགས་སྐབས་དགོན་པ་བཤིག་རྒྱུའི་ལམ་སྲོལ་གསར་པ་ཞིག་ཆགས་པར་བརྟེན་དགོན་པ་༥༥༠ནང་ནས་ད་དུང་ག་ཚོད་ལྷག་ཡོད་དམ། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་༡༩༥༩ལོ་ནས་༡༩༧༦ལོ་བར་བོད་ལ་དགོན་པ་༢༧༠༠(དངོས་ཡོད་དགོན་པ་༢༧༡༣ ཡོད་)ནས་དགོན་པ་བརྒྱད་ལས་ལྷག་མེད་པ་རེད་འདུག

གུས་མོས་ལྷ་སར་རྙིང་པ་བཞི་གཏོར་བའི་སྐབས་ཀྱི་གནས་ཚུལ་ལ་རྟོགས་ཞིབ་བྱེད་པའི་སྐབས་རྒྱ་ནག་གི་སྲིད་བློན་ཀྲའོ་ཨེན་ལེ་ཡི་མིང་ཐེངས་མང་ཐོས་བྱུང༌། དཔེར་ན་གཙུག་ལག་ཁང་ཐོག་མར་གཏོར་བཤིག་བཏང་སྐབས་ཀྲའོ་ཨེན་ལེ་ཡིས་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་བའི་ནང་སྤྱི་ལོ་༡༩༧༢ལོར་ཀྲའོ་ཨེན་ལེ་ནས་གཙུག་ལག་ཁང་ཉམས་གསོ་ཞུ་ཆོག་པའི་ཆོག་མཆན་སྤྲད་ཡོད། ཡང་དཔེར་ན་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་གཏོགས་ཀྱི་རྙིང་པ་བཞི་ཡོད་པ་རྣམས་གཏོར་བཤིག་གཏོང་དགོས་པའི་བཀོད་སྒྲིག་བྱས་པ་ལྟར་ཕོ་བྲང་པོ་ཏཱ་ལའི་གཤམ་འོག་ཏུ་ཡོད་པའི་ཞོལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་པ་ཚོས་དང་ཐོག་རྩེ་ཕོ་བྲང་དུ་རྒྱུགས་འགྲོ་རྩིས་བྱས་ཡོད་པ་དང༌། གོ་ཐོས་ལ་འགོ་ཁྲིད་མཁན་ནི་ད་ལྟ་ཡང་གྲོང་མི་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐེངས་ཁ་ཤས་བྱེད་མྱོང་བའི་བློ་བཟང་ཡིན་པ་རེད། ཡང་ཀྲའོ་ཨེན་ལེ་ཡིས་མཚམས་འཇོག་དགོས་པའི་བཀའ་བཏང་བ་དང་སྦྲགས་དྲག་ཆས་ཆ་ཚང་སྤྲས་པའི་བཅིངས་འགྲོལ་དམག་མིའི་བཀག་འགོག་འོག་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཕོ་བྲང་པོ་ཏཱ་ལའི་ནང་གི་རྩ་ཆེའི་རིག་དངོས་གྲངས་ལས་འདས་པ་ཞིག་གར་སོང་ཆ་མེད་དུ་སོང་ཡོད་པ་དང་གནའ་བོའི་མཛེས་སྡུག་ལྡན་པའི་ལྡེབས་རིས་སྟེང་མའོ་ཙེ་ཏུང་གི་གསུང་བཏུས་བྲིས་ཏེ་བཀབ་ཡོད། དེ་བཞིན་དུས་ཡུན་ལོ་ངོ་བརྒྱ་ཙམ་རིང་གསོག་འཇོག་བྱས་པའི་གསེར་གྱི་བང་མཛོད་ སྟོང་པ་བཟོས་པ་བཅས་བྱས་ཡོད་རུང་གཏོར་སྐྱོན་གྱིས་རྩ་བརླག་རྦད་དེ་ཕྱིན་པའི་བར་ཆད་བྱུང་མེད་པ་རེད།

འོ་ན་ཀྲའོ་ཨེན་ལེ་ཡིས་བོད་ཀྱི་རིག་གནས་གསར་བརྗེའི་ལས་འགུལ་ནང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་ཞིག་བྱས་ཡོད་པ་རེད་དམ། ཕྱི་རྒྱལ་ལ་ཡོད་པའི་རྒྱ་མི་མཁས་དབང་སུང་ཡུང་དབྱི་བཅས་ཀྱིས་བརྩམས་སྒྲིག་བྱས་པའི་<<རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་པོའི་ཡིག་མཛོད་ཀྱི་འོད་སྡེར་>>ཟེར་བ་འདིའི་ནང་ཀྲའོ་ཨེན་ལེ་ཡིས་སྤྱི་ལོ་༡༩༦༦ལོའི་ཟླ་༡༠ཚེས་༡༥ཉིན་པེ་ཅིང་དུ་ཡོད་པའི་དབུས་མི་རིགས་སློབ་གྲྭའི་ལས་བྱེད་སྦྱོང་རྡར་འཛིན་གྲའི་བོད་ཀྱི་སློབ་མ་ཐུག་འཕྲད་བྱེད་སྐབས་ཕན་ཚུན་བཤད་པའི་ཟིན་བྲིས་གནས་བསྡུས་ནང་སྐད་ཆ་དུམ་བུ་འདི་འདྲ་ཞིག་ཡོད་པ་སྟེ།

བོད་ཀྱི་ཆོས་ལུགས་ནི་དུས་ཡུན་རིང་པོའི་གནད་དོན་ཞིག་རེད། འོན་ཀྱང་ཆོས་སྲིད་གཉིས་ངེས་པར་དུ་དབྱེ་བ་འབྱེད་དགོས་པ་དང་གྲ་པའི་ལམ་ལུགས་དེ་ངེས་པར་དུ་མེད་པ་བཟོ་དགོས། གང་ཡིན་ཟེར་ན་གྲ་པའི་ལམ་ལུགས་ཀྱིས་མི་རིགས་འཕེལ་རྒྱས་ལ་འགོག་རྐྱེན་ཤུགས་ཆེན་བཟོ་ཡི་ཡོད། བཅིངས་འགྲོལ་མ་བཏང་གོང་བོད་དང་ནང་སོག་གི་མི་འབོར་རིམ་བཞིན་ཉུང་དུ་འགྲོ་ཡི་ཡོད་པ་གང་ཡིན་ཟེར་ན་དེ་ནི་གྲ་པའི་ཆོས་ཀྱི་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རེད། ཐེངས་འདིའི་རིག་གནས་གསར་བརྗེ་ཆེན་པོ་ནི་བསམ་བློའི་གསར་བརྗེ་ཆེན་པོ་ཞིག་ཡིན་པས་གྲ་པའི་ལམ་ལུགས་དེ་རྩ་མེད་མཐར་ཕྱིན་པ་བཟོ་བ་དང་དགེ་འདུན་པ་ཆུང་བར་བཅིངས་འགྲོལ་གཏོང་དགོས། འོན་ཀྱང་རྨོངས་དད་མེད་པ་བཟོ་རྒྱུ་དེ་དུས་ཡུན་རིང་པོ་ཡིན་པ་དང་རྨོངས་དད་ཀྱི་བསམ་པ་དེ་བསམ་བློ་གསར་པས་ཚབ་མ་བྱས་གོང་ལམ་སེང་རྩ་མེད་བཟོ་རྒྱུ་ནི་ཁག་པོ་རེད། འདི་ནི་རྒྱུན་རིང་སྒྱུར་བཅོས་བྱ་རྒྱུའི་ལས་དོན་ཞིག་རེད། ད་ལྟ་བོད་ལ་རྙིང་པ་བཞི་གཏོར་བ་དང་དགོན་པ་གཏོར་བ། གྲ་པའི་ལམ་ལུགས་མེད་པ་བཟོ་བཞིན་པའི་སྐབས་ཡིན་པས་དེ་ཚོ་ཧ་ཅང་ཡག་པོ་རེད། ཡིན་ནའི་དགོན་སྡེ་གཏོར་བཤིག་གཏོང་མི་དགོས་པར་སློབ་གྲྭ་དང་མཛོད་ཁང་དུ་བེད་སྤྱོད་བྱས་ཆོག སྐུ་འདྲ་མང་ཚོགས་ཀྱིས་མེད་པ་བཟོས་ན་ཁག་ཅིག་མེད་པ་བཟོས་ན་འགྲིག འོན་ཀྱང་དགོན་པ་ཆེ་བ་ཁ་ཤས་འཇོག་རྒྱུར་བསམ་གཞིགས་བྱ་དགོས། དེ་འདྲ་མ་བྱས་ན་རྒན་འཁོགས་ཚོས་ང་ཚོར་མི་འདོད་པ་ཡོང་གི་རེད་ཅེས་འཁོད་བཞག

འདིའི་ཁྲོད་ནས་ར་སྤྲོད་ཐུབ་རྒྱུར་དམར་སྲུང་དམག་དང་ཧུར་བརྩོན་ཅན་ཚོས་གཙུག་ལག་ཁང་དང་ཕོ་བྲང་པོ་ཏཱ་ལར་གཏོར་བཤིག་བཏང་སྐབས་བཀག་འགོག་བྱེད་དགོས་དོན་ནི་གནད་དོན་མང་དག་ཅིག་གི་ཐོག་ནས་བྱས་ན་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་གཅེས་སྐྱོང་བྱས་པ་མ་ཡིན་པར་དེ་ལས་ལྡོག་སྟེ་བོད་ས་ཡོངས་ཀྱི་དགོན་པ་མང་པོ་འདི་འདྲ་གཏོར་བཤིག་བཏང་བར་བཀག་འགོག་མ་བྱས་པ་གང་ཡིན། དེས་མ་ཚད་དགོན་པ་མང་པོ་ཞིག་ནི་རྒྱུན་ཆད་མེད་པར་ལོ་ཤས་ནང་དང་ཐ་ན་དེའི་སྔོན་ནས་ལོ་རབས་ལྔ་བཅུའི་དཀྱིལ་ཙམ་ནས་འགོ་བཙུགས་ཏེ་རིམ་པས་རྩ་མེད་བཟོས་ཡོད་པ་རེད། གལ་ཏེ་དངོས་གནས་བཀག་འགོག་བྱེད་མཁན་ཡིན་ན་མ་མཐའ་ཡང་གོང་རིམ་གྱིས་གཤམ་འོག་ལ་བཀའ་བཏང་བའི་ནུས་པ་ལྡན་པའི་བྱ་ཐབས་བེད་སྤྱད་པ་དང་དེའི་ཐོག་དྲག་ཆས་ཆ་ཚང་སྤྲས་པའི་དམག་མི་བེད་སྤྱོད་བྱས་ན་གྲུབ་ཐུབ་ངེས་ཡིན་པས་དངོས་གནས་བཤད་ན་མི་རྒན་འཁོགས་ཚོས་ང་ཚོར་མོས་མཐུན་བྱེད་ཀྱི་མ་རེད་ཟེར་བ་འདི་རྒྱུ་མཚན་དྲང་བདེན་མ་ཡིན་པར་གཞན་ལ་དོགས་ཟོན་བྱེད་ཀྱི་ཡོད་པ་ནི་དཔེར་ན་རྒྱལ་སྤྱིའི་ཐོག་གི་རྒྱ་ནག་གི་རྣམ་པ་སོགས་ལ་དམིགས་ནས་ཀྲའོ་ཨེན་ལེ་ཡིས་ལམ་སེང་བཀའ་བཏང་ཏེ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏཱ་ལ་གཉིས་མུ་མཐུད་གཏོར་བཤིག་བཏང་བཅུག་མེད་པ་རེད། གང་ཡིན་ཞེ་ན་གཙུག་ལག་ཁང་དང་ཕོ་བྲང་པོ་ཏཱ་ལ་འདི་གཉིས་ཀྱིས་ག་རེ་མཚོན་གྱི་ཡོད་པ་ཚང་མས་ཤེས་གསལ་རེད། ཡང་ང་ཚོས་ཀྲའོ་ཨེན་ལེ་དང་བོད་ཀྱི་རིག་གནས་གསར་བརྗེའི་འབྲེལ་བ་ལ་ཉམས་ཞིབ་མ་བྱས་པར་རིག་གནས་གསར་བརྗེའི་སྐབས་བོད་ལ་བྱུང་བའི་གནས་ཚུལ་ཐག་གཅོད་བྱ་རྒྱུའི་ཆེད་ཁོ་པས་བོད་ཀྱི་དམག་དཔུང་དང་ས་གནས་ཀྱི་འགོ་ཁྲིད་མི་སྣ། མང་ཚོགས་ཀྱི་འཐུས་མི་བཅས་སྔ་རྗེས་ཐེངས་བཅུ་དྲུག་ཙམ་ཐུག་འཕྲད་བྱས་ཏེ་གལ་ཆེའི་གཏམ་བཤད་དང་འཛུབ་སྟོན་མང་པོ་བྱེད་མྱོང་ཡོད། ཡིན་ནའི་ཁོང་ནི་ཐག་རིང་པེ་ཅིང་གི་གོང་མའི་སྲིད་གཞུང་སྒང་ལ་ཡོད་པར་བརྟེན་ནུས་པ་ནི་ལྷ་སར་ཡོད་པའི་དབུས་གཞུང་གི་དཔོན་རིགས་ནང་བཞིན་མེད་པ་རེད།

ད་ལྟའི་བོད་ཀྱི་དཔོན་རིགས་ཚོའི་རྣམ་འགྱུར་ལ་གོ་བ་གཏིང་ཟབ་ལེན་དགོས་པ་འདུག བཅའ་འདྲི་ཞུས་པའི་ནང་བོད་ཀྱི་མཁས་དབང་ཞིག་གིས་གུས་མོར་བརྗོད་པར། སྤྱི་ལོ་༢༠༠༢ལོར་བོད་ཀྱི་སྤྱི་ཚོགས་ཚན་རིག་ཁང་གིས་<<གླིང་གེ་སར་>>གྱི་གླིང་སྒྲུང་ཐོན་ནས་ལོ་ངོ་ཆིག་སྟོང་འཁོར་བའི་དྲན་གསོའི་བཞུགས་མོལ་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་དྲུང་ཆེ་ཀོའོ་ཅིང་ལུང་ནས་གཏམ་བཤད་ཅིག་སྤེལ་ཡོད་པ་དང་ཏཱ་ལའི་ཁ་བྲལ་ཤོག་ཁག་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་གཏོར་བཤིག་ཕོག་ཡོད་སྐོར་གླེང་གི་ཡོད་པ་རེད་ཅེས་དང་ཁོ་པས་ཁོང་ཁྲོ་ཆེན་པོའི་ངང་ནས་བརྗོད་པར། ཕྱི་རྒྱལ་གྱིས་རྟག་ཏུ་ང་ཚོར་བོད་ཀྱི་རིག་གཞུང་ལ་གཏོར་བཤིག་བཏང་བ་དང་དགོན་སྡེ་ག་ཚོད་གཏོར་བཤིག་བཏང་བ་བརྗོད་ཀྱི་ཡོད། ཡིན་ནའི་འདི་ཚོ་ང་ཚོས་བྱས་པ་རེད་དམ། ཡང་ན་བཅིངས་འགྲོལ་དམག་མིས་གཏོར་བ་རེད་དམ། རྒྱ་རིགས་ཀྱིས་གཏོར་བར་ཕྱིན་པ་རེད་དམ། ད་ལྟ་རིག་གཞུང་གི་གནས་ཚུལ་ཐོག་ནས་བཤད་པ་ཙམ་རེད་ཅེས་བརྗོད་ཡོད།

ཉན་དུས་སྐད་ཆ་འདི་བདེན་པ་ཡིན་མདོག་ཁ་པོ་ཡོད་པ་དང་བཤད་མཁན་གྱིས་ཀྱང་བདེན་ཡོད་ཞུམ་མེད་ལྟ་བུ་བྱེད་ཀྱི་ཡོད། ཡིན་ནའི་ཉམས་ཞིབ་གཏིང་ཟབ་བྱས་ན་དངོས་གནས་འདི་འདྲ་རེད་དམ། གསོད་གསོན་འཕྲོག་སྟེར་བྱ་མཁན་གྱི་དབང་འཛིན་པ་ཡིན་པ་གསལ་པོ་ཡིན་རུང་འདི་ལྟ་བུའི་སྒོ་ནས་རང་ཉིད་ལ་འགེབས་སྲུང་བྱ་བ་དང་རྫིག་ཉམས་ལྡན་པའི་ངང་དེའི་ནང་མེད་མདོག་གིས་བསྡད་ཀྱི་ཡོད། ཡང་སྙིང་ཉེས་པ་དེར་སུས་གཡོལ་གྱི་ཡོད་པ་རེད་དམ།

བར་སྐོར་ཁྲོམ་གཞུང་ཐོག་གི་གྲོང་མི་དཀྱུས་མ་ཞིག་གིས་བརྗོད་པར། བོད་པ་རང་ཉིད་ཀྱིས་དགོན་པ་གཏོར་ཡོད་པ་བརྗོད་ཀྱི་ཡོད། མི་འདི་འདྲ་ཡོད་པ་རེད་དམ་ཞུས་ན་མི་དེ་རིགས་ཡོད་པ་རེད། ཡིན་ནའི་མི་མང་ཆེ་བ་ནི་བཙན་ཤེད་ངང་རང་དབང་མེད་པར་བྱེད་དགོས་བྱུང་བ་རེད། ཁྱོན་ཡོངས་ནས་ཞུས་ན་དེའི་འགན་འདི་གང་ལྟར་སྲིད་གཞུང་ལ་ཡོད་པ་རེད། གལ་ཏེ་སྲིད་གཞུང་ནས་བཀག་འགོག་བྱས་པ་ཡིན་ན་བཀག་ཐུབ་རྒྱུའི་ལས་དོན་ཞིག་རེད། དཔེར་ན་ང་ཕོད་(རྒྱ་ནག་གུང་ཁྲན་གཞུང་གིས་ཁས་ལེན་བྱས་པའི་བོད་ཀྱི་སྲིད་གཞུང་རྙིང་པའི་ཆེས་མཐོའི་དཔོན་རིགས་གཅིག་པུ་དང་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་དང་རིག་གནས་གསར་བརྗེའི་སྐབས་དམར་སྲུང་དམག་གི་ཡིག་ཆེན་ཚགས་པར་ཐོག་ལོ་རབས་ལྔ་བཅུའི་ནང་གུང་ཁྲན་ཚོགས་པའི་ནང་ཞུགས་ཡོད་ལ། རྗེས་སུ་རྒྱ་ནག་གུང་ཁྲན་གཞུང་གིས་པེ་ཅིང་ལ་ཉེན་གཡོལ་དུ་འཁྲིད་པ་རེད་ཟེར་འཁོད་ཡོད།)ལྟ་བུར་མཚོན་ན། མང་ཚོགས་ནས་འཐབ་འཛིང་བྱེད་དགོས་ཟེར་ན་ཡང་དབུས་གཞུང་ནས་སྲུང་སྐྱོབ་བྱ་དགོས་ཟེར་ནས་གང་ལྟར་ཁོང་ལ་སྲུང་སྐྱོབ་ཐུབ་པ་བྱུང་བ་རེད། དེར་བརྟེན་སྲུང་སྐྱོབ་བྱེད་འདོད་ཡོད་ན་གང་ལྟར་སྲུང་སྐྱོབ་བྱེད་ཐུབ་ཀྱི་རེད། གཞུང་ལ་དམག་དཔུང་མང་པོ་དེ་འདྲ་ཡོད་པས་དམག་དཔུང་མངག་གཏོང་བྱས་ནས་སྲུང་སྐྱོབ་བྱས་པ་ཡིན་ན་སུས་དགོན་པ་གཏོར་ནུས་ཀྱི་རེད་དམ། སུས་ཀྱང་འགྲོ་ནུས་ཀྱི་མ་རེད། ལས་དོན་ཚང་མ་ཚར་བའི་རྗེས་བློ་བཀོད་སུས་འདོན་མ་ཐུབ་པ་ཡོད་པ་རེད་དམ་ཞེས་བརྗོད་ཀྱི་འདུག

ད་ལྟ་ཡང་སྲིད་གཞུང་གི་ལས་གནས་ཐོག་ཡོད་པའི་དཔོན་རིགས་ཤིག་གིས་བརྗོད་དོན། ཏན་ཏན་རེད། དེ་སྔ་མི་དེ་ཚོས་དགོན་པ་གཏོར་བ་དང་དགེ་འདུན་པར་འཐབ་འཛིང་བཏང་བ་སོགས་བརྗོད་སྐབས་མི་དེ་ཚོ་ཧ་ཅང་གི་སྡུག་པོ་ཞིག་ཡིན་པའི་ཚོར་བ་ཡོང་གི་འདུག ཡིན་ནའི་སྐབས་དེ་དུས་འདི་འདྲ་བྱས་པ་ཡིན་ན་ཡག་པོ་མིན་པ་བསམ་མཁན་མེད་པ་རེད་ལ། དེ་ལས་ལྡོག་སྟེ་སྐབས་དེ་དུས་འདི་འདྲ་བྱེད་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད། མི་ཚོས་གོ་ཐོས་ལ་འདི་འདྲ་བྱས་པ་ཡིན་ན་གཞི་ནས་གསར་བརྗེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་དེར་གཏོར་བ་དང་ཕར་གིར་འཐབ་འཛིང་བཏང་བ་སོགས་བྱེད་ཀྱི་ཡོད། སྔོན་མ་ཡིན་ན་མི་སུ་ཞིག་གིས་ཀྱང་འདི་འདྲ་བྱེད་མཁན་མེད་པ་སྨོས་མེད་རེད། རང་ཉིད་ཀྱི་ཁྱིམ་ཚང་ནང་ལ་ཡང་ཆོས་གཤོམ་དང་སྐུ་འདྲ་ཡོད་པས་ཉིན་གཅིག་དེ་དག་ཚང་མ་གཏོར་གྱི་ཡོད་པ་མི་སུ་ཞིག་གི་བློ་ཡུལ་ལ་ཡོད་དམ། ཡིན་ནའི་སྲིད་ཇུས་ཐོན་པ་དང་འགོ་རང་སྐྱོང་ལྗོངས་ནས་ལྷ་ས་གྲོང་ཁྱེར་དང་ཁྲེན་ཀོན་ཆུས། དེ་བཞིན་གྲོང་མི་ཨུ་ཡོན་ལྷན་ཁང་བར་སྲིད་ཇུས་འདི་རིམ་པ་བཞིན་གཤམ་འོག་ལ་སླེབས་ཡོད་པ་རེད། གལ་ཏེ་འདི་འདྲ་བྱས་ཏེ་སྐུལ་སློང་མ་བྱས་པ་ཡིན་ན་ཟིང་ཆ་དེ་འདྲ་གང་འདྲ་ཟེར་ཡོང་སྲིད་ཀྱི་རེད་དམ། མི་གཅིག་གི་བསམ་བློའི་ནང་ལ་ཡང་གཏོར་བར་འགྲོ་བསམ་པ་ཡོད་ཀྱི་མ་རེད་ལ་བསམ་བློའི་ནང་ལ་ཡང་འཁོར་ཡོད་ཀྱི་མ་རེད། གལ་ཏེ་རྒྱ་ནག་དབུས་གཞུང་གིས་བཀའ་བཏང་ནས་སྲུང་སྐྱོབ་མ་བྱས་ན་ཚང་མ་གཏོར་བཤིག་བཏང་ཚར་བ་རེད་ཟེར་བའི་སྐད་ཆ་དེ་རིགས་ལ་མཚོན་ན། གལ་ཏེ་དངོས་གནས་སྲུང་སྐྱོབ་བྱ་མཁན་ཞིག་ཡིན་ན་དམག་མི་མངག་གཏོང་བྱེད་དགོས་ཀྱི་ཡོད། མང་ཚོགས་ཀྱིས་གཏོར་བཤིག་བཏང་བར་སྐྱོད་པའི་སྐབས་ཁོང་ཚོར་འདི་ནི་སྲུང་སྐྱོབ་བྱ་ཡུལ་ཞིག་ཡིན་པས་གཏོར་བཤིག་གཏོང་ཆོག་གི་མ་རེད་ཅེས་བཤད་ན་སུས་ཀྱང་གདོང་མཆོངས་བྱས་ཏེ་གཏོར་བཤིག་བཏང་ཕོད་ཀྱི་མ་རེད། བཅིངས་འགྲོལ་དམག་ལ་མི་ཚང་མས་ཞེད་སྣང་བྱེད་ཀྱི་ཡོད། སྤྱི་ལོ་༡༩༥༩ལོར་བཅིངས་འགྲོལ་དམག་གིས་མེ་མདའ་རྒྱབ་ཐེངས་གཅིག་ལ་ཟིང་འཁྲུག་ལྷིང་འཇགས་བཏང་བ་མ་རེད་དམ། ཡིན་ནའི་དེ་འདྲ་རྩ་བ་ནས་བྱས་མེད་པ་རེད་ལ། ད་དུང་ཤེས་དགོས་པ་ཞིག་ལ། ལྷ་ལྡན་གཙུག་ལག་ཁང་འདི་བཞིན་རིག་གནས་གསར་བརྗེའི་སྐབས་བཅིངས་འགྲོལ་དམག་མིའི་ཕག་ཚང་ཆགས་ཡོད་པ་དེ་ཚོ་ནི་ང་ཚོས་མིག་མཐོང་ལག་ཟིན་བྱུང་བ་ཞིག་རེད་ཅེས་བརྗོད་བྱུང༌།

དོན་དངོས་ཐོག་ནས་ཞུས་ན། དེའི་སྐབས་རྒྱ་ནག་གི་ས་ཆ་ཡོངས་ནང་དོན་རྐྱེན་དེ་རིགས་སྣ་ཚོགས་བྱུང་བར་དམིགས་ཏེ་དཔེར་ན་རྒྱ་མིའི་ནང་ཆོས་ཀྱི་དགོན་པ་དང་ཏའོ་ཆོས་ལུགས་ཀྱི་ལྷ་ཁང༌། རུའུ་ལུགས་ཀྱི་མ་དགོན། ཡི་ཤུའུ་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་བཅས་ཚང་མ་རྙིང་པ་བཞི་ལ་རྩིས་ནས་གཏོར་བ་རེད། དེ་མིན་གྲངས་ཉུང་མི་རིགས་གཞན་གྱི་ཆོས་ལུགས་ཀྱི་ལྷ་ཁང་ཡང་གསར་བརྗེའི་སྲིད་དབང་སྒེར་འཛིན་བྱ་ཡུལ་ལ་རྩིས་ཡོད་པ་དཔེར་ན་སོག་པོའི་དགོན་པ་དང་ཡུ་གུར་མི་རིགས་ཀྱི་ཁ་ཆེའི་ལྷ་ཁང་བཅས་ཡོད་པ་རེད། རྙིང་པ་བཞི་གཏོར་བ་ནི་གུང་ཁྲན་རིང་ལུགས་ཀྱི་རིག་གནས་མ་ཡིན་པར་ཡོངས་རྫོགས་རིག་གཞུང་རྙིང་པར་རྩིས་ཏེ་དེ་བས་རྩ་མེད་བཟོ་རྒྱུའི་ལས་འགུལ་ཞིག་ཡིན་པ་བརྗོད་དགོས་ཀྱི་རེད་ལ། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ནི་དེ་བས་རྙིང་པའི་ནང་ནས་རྙིང་ཤོས་ཀྱི་རིག་གཞུང་རྙིང་རུལ་ཞིག་ཡིན་པར་རྩིས་ཀྱི་ཡོད་པར་བརྟེན་ཆག་སྒོ་འདི་རང་བཞིན་གྱིས་གཡོལ་དཀའ་བ་རེད། འོན་ཀྱང་དེ་མིན་མི་རིགས་མང་པོ་དང་མི་འདྲ་བ་ཞིག་ནི་བོད་ཀྱི་ནང་ཆོས་ཀྱི་སྲོལ་རྒྱུན་ནང་ཆོས་ལུགས་ཀྱི་ཁྱད་འཕགས་དངོས་རྫས་དང་ཆོས་ཆས། མཆོད་རྫས་བཅས་ལ་མཐོང་ཆེན་བྱ་རྒྱུ་འདི་ནི་སྤྱི་བཏང་ནང་ཆོས་ཀྱི་དད་ལྡན་མང་ཚོགས་ཀྱིས་སྐུ་འདྲར་བློ་ཡིད་རྟེན་པ་ཙམ་གྱི་འདོད་བློ་ཁེངས་པ་ཞིག་མ་ཡིན་པར་སྒོམ་ཉམས་ལེན་གནང་མཁན་ཚོས་དེ་བས་ལག་ལེན་དངོས་ནང་གོང་མཐོར་གཏོང་རྒྱུའི་མེད་དུ་མི་རུང་བའི་རམ་འདེགས་དངོས་པོ་ཞིག་ཡིན་པ་རེད། དེར་བརྟེན་བོད་དུ་གང་སར་དགོན་པའི་ནང་རྒྱུན་དུ་ནས་ལོ་ངོ་སྟོང་ཕྲག་བར་གསོག་འཇོག་བྱས་པའི་རྒྱུ་ནོར་རྒྱུན་ཆད་མེད་པར་ཁ་སྣོན་བྱས་པ་དང་རྒྱུ་ནོར་དེ་དག་གྲངས་ལས་འདས་པའི་ཁྱད་འཕགས་དངོས་རྫས་དང་ཆོས་ཆས། མཆོད་རྫས་བཅས་ཀྱི་ཐོག་ནས་མངོན་ཐུབ་ཀྱི་ཡོད། བོད་མི་རིགས་ནི་མི་རབས་ནས་མི་རབས་བར་ཆོས་ལ་དད་སེམས་ཀྱི་སྙིང་སྟོབས་གོང་བུར་འགྲིལ་བ་ཞིག་རེད། བོད་ས་ཁུལ་དུ་མི་འབོར་མང་པོ་མེད་ཀྱང་སྤྱི་ལོ་༡༩༥༠ལོའི་གོང་བོད་ཀྱི་ས་གནས་ཁྱོན་ཡོངས་ལ་དགོན་སྡེ་དྲུག་སྟོང་ལྷག་ཙམ་ཡོད་པ་དང༌། དགོན་པའི་ནང་གྲངས་ལས་འདས་པའི་རྩ་ཆེའི་རིག་དངོས་མང་པོ་ཡོད་པས་དེར་བརྟེན་དངོས་པོའི་ཐོག་གི་གྱོང་གུན་ནས་བལྟས་ན་མི་རིགས་སུ་འདྲ་ཞིག་དང་བསྡུར་ན་ཡང་བོད་མི་རིགས་ལ་གསར་བརྗེ་བྱས་པའི་རྐྱེན་གྱིས་ཕལ་ཆེར་རྩ་གཏོར་ཤུགས་ཆེ་ཤོས་བཏང་ཡོད་པ་བརྗོད་ན་ཆོག དཔེ་མཚོན་ཞིག་ཞུས་ན། རིག་གནས་གསར་བརྗེའི་སྐབས་ལྷ་སར་མཛོད་ཁང་ཆེན་པོ་གཉིས་བཟོས་ཡོད་པས་འདི་ནི་ཆེད་མངགས་མཐའ་སྐོར་གྱི་དགོན་པ་ཁག་ནས་གཞུང་བཞེས་བཏང་བའི་རྙིང་པ་བཞིའི་དངོས་པོ་སྣ་ཚོགས་གསོག་འཇོག་བྱེད་ས་བྱས་ཡོད། དེ་སྔ་བོད་དམག་ཁུལ་ཁང་གི་མོ་ཀྲ་བཟོ་བཅོས་བྱེད་སར་ལས་ཀ་བྱེད་མྱོང་ཡོད་པའི་བོད་མི་ཞིག་གིས་གུས་མོར་བརྗོད་པར་དམག་དཔུང་གི་མོ་ཀྲའི་ལྷུ་ལག་བཟོ་ཆེད་མོ་ཀྲ་བཟོ་བཅོས་བྱ་སའི་བཟོ་གྲས་མཛོད་ཁང་དེ་གྲས་ཤིག་ནང་གསེར་ཟངས་ཀྱི་སྐུ་འདྲ་དང་ཆོས་རྫས་བཅས་ཐེངས་གཅིག་ལ་ལྗིད་ཚད་ཀྲོན་བཞི་ཙམ་འཁྱེར་ཡོང་ཏེ་མེ་ཚ་པོའི་ནང་བཙོ་སྦྱང་དང་རྡུང་བཟོ་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་བྱུང༌།

གཏོར་ཚར་བའི་རྗེས་ཀྱི་ལྷ་ལྡན་གཙུག་ལག་ཁང།

རྙིང་པ་བཞིའི་གཏོར་བཤིག་ཚད་མེད་བཏང་བའི་རྗེས་ཞིབ་ཕྲ་ཞུས་ན། སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༤ཉིན་གྱི་རྗེས་གཏོར་བཤིག་ཆེན་པོ་ཕོག་པའི་གཙུག་ལག་ཁང་འདིའི་ལས་དབང་གང་འདྲ་ཞིག་ཆགས་ཡོད་དམ།དུས་ཚོད་ཀྱི་ཐོག་ནས་བལྟས་ན། བཅའ་འདྲི་ཞུས་པ་དང་འབྲེལ་ཡོད་ཀྱི་ཡིག་ཚགས་ཐོག་ནས་ཤེས་རྟོགས་བྱུང་བར། གཙུག་ལག་ཁང་ནི་ལས་ཁུངས་དེ་དག་གིས་ཟིན་ནས་བསྡད་པ་རེད། སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པར་གཏོར་བཤིག་བཏང་བ་ནས་སྤྱི་ལོ་༡༩༦༧ལོའི་གོང་འདིར་དམར་སྲུང་དམག་གིས་རྙིང་པ་བཞི་གཏོར་བའི་གྲུབ་འབྲས་འགྲེམ་སྟོན་གྱི་ལས་ཁུངས་ཤིག་བཙུགས་ཡོད། དེ་ནས་ལྷ་ས་ཡོངས་ཀྱི་རྙིང་པ་བཞི་གཏོར་བའི་སྐབས་ཚུར་རྩིས་ལེན་བྱས་པའི་རྙིང་པ་བཞི་ཟེར་བའི་དངོས་པོ་ཁག་ཅིག་གཙུག་ལག་ཁང་དུ་བསྡུ་རུབ་བྱས་ཡོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ནས་ལས་དོན་རུ་ཁག་སྣེ་ཁྲིད་བྱས་ཏེ་དེར་ཟླ་བ་ཁ་ཤས་སྡོད་སྐབས་དགོན་པའི་ནང་གི་པར་ཤིང་དང་ཕྱག་དཔེ། ཐང་ཀ་ལ་སོགས་ཀྱིས་ཁོ་པ་ཚོའི་ཇ་བསྐོལ་བྱེད་དང་ཁ་ལག་བཟོ་ཡག་གི་མེ་ཤིང་བྱས་ཡོད། དེར་བརྟེན་དེ་སྔ་དམར་སྲུང་དམག་གིས་རྙིང་པ་བཞི་གཏོར་བའི་གྲུབ་འབྲས་ཀྱི་འགྲེམ་སྟོན་ཁང་ལ་ལས་ཀ་བྱེད་མྱོང་ཡོད་པའི་གཡས་ཤིང་ཧྲན་གྱིས་གུས་མོར་འདི་འདྲ་བརྗོད་བྱུང་བར།

གཡས། དེའི་སྐབས་སྤྱི་ལོ་༡༩༦༦ལོའི་སྟོན་དུས་ཟླ་བ་དགུ་པ་ཡང་ན་ཟླ་བ་བཅུ་པའི་སྐབས་ཡིན་པ་ཡོད། དེ་དུས་ང་ནི་འགྲེམ་སྟོན་ཚོགས་ཆུང་གི་ཚོགས་མི་ཞིག་ཡིན། ང་རང་རི་མོའི་མཛེས་བཟོ་བྱ་མཁན་ཡིན་པས་མུ་འབྲེལ་རི་མོ་ཡང་བྲིས་ཀྱི་ཡོད། ངས་ཧ་ཅང་གསལ་པོ་དྲན་གསོས་པར་དེ་དུས་ཡིག་ཚང་གཙུག་ལག་ཁག་གི་ཐོག་ས་ཉིས་ཐོག་གི་མཛོད་ཁང་ཆེན་པོ་ཞིག་ནང་ཡོད། འདི་ཏན་ཏན་ཚོམས་ཆེན་ཞིག་ཡིན་པ་འདྲ། རྙིང་པ་བཞི་གཏོར་བའི་དངོས་པོའི་ཕུང་གསོག་གིས་ཁེངས་ནས་འདུག

འོད། དངོས་པོ་འདི་རྣམས་ནང་ག་རེ་ག་རེ་འདུག་གམ།

གཡས། ཨ་ཙི་དངོས་གནས་གང་བྱུང་མ་བྱུང་ཚང་མ་འདུག སྐད་པར་ཕེན་ཙི་དང་སྐད་པར་འཁོར་ལོ་བཅས་ཡོད་པ་དེ་ཚོ་གཙུག་ལག་ཁང་གི་མ་ཡིན་པར་ལྷ་ས་ཡོངས་ལ་རྙིང་པ་བཞི་གཏོར་བཤིག་བཏང་སྐབས་བསྡུ་རུབ་བྱས་པའི་དངོས་པོ་ཚང་མ་འདིར་བཞག་འདུག མདོར་ན་ཚང་མ་ཁྱིམ་ཚང་ཁག་ལ་སྔོག་བཤེར་བྱས་ཏེ་རགས་པའི་དངོས་པོ་ཤ་སྟག་རེད།

འོད། ཕྱག་དཔེའི་པར་ཤིང་དངོས་གནས་མེའི་ནང་བསྲེགས་པ་རེད་དམ། དེ་བཞིན་དངོས་པོ་མང་པོ་མེར་བསྲེགས་བཏང་བ་རེད་དམ།

གཡས། མེར་བསྲེགས་བཏང་བ་རེད། དེ་བས་གསལ་པོ་ཞིག་ལ་ང་ཚོའི་ལས་དོན་རུ་ཁག་འདིས་ཕྱག་དཔེའི་པར་ཤིང་དང་མེ་ཤིང་མཉམ་དུ་གྲལ་སྒྲིག་ནས་མེར་བསྲེགས་བཏང་གི་ཡོད། ཁ་ལག་བཟོ་དུས་ཀྱང་མེར་བསྲེགས་བཏང་གི་ཡོད། ཡིན་ནའི་པར་ཤིང་ཐོག་རི་མོ་ཡོད་པ་དེ་འདྲ་ངས་མཐོང་མ་བྱུང༌། མེར་བསྲེགས་བཏང་བ་ཚང་མ་ཡི་གེ་ཡོད་པའི་པར་ཤིང་རེད་འདུག ཨའོ་ངས་མཐོང་བྱུང་བས་དེ་ཚུར་ལེན་ནས་རྐུས་པ་ཡིན། ངས་ད་དུང་གཞན་གྱི་མ་ཤེས་པ་བྱས་ནས་ཐང་ཀ་ཁ་ཤས་ཡང་འཁྱེར་བ་དང་ད་དུང་བརྐོས་རིས་འཁྱེར་བ་ཡིན། བརྐོས་རིས་ནི་གསུང་རབ་པོ་ཏི་གླེགས་བམ་དང་འདྲ་བའི་རི་མོ་རེད། ཤོག་སྒྲིལ་རེ་རེ་བྱས་ནས་འདུག ད་དུང་བཀའ་བསྟན་འགྱུར་གྱི་པར་ཤིང་ཡང་འདུག་པས་ངས་ཁ་ཤས་བསྒྲུགས་པ་ཡིན།

སྤྱི་ལོ་༡༩༦༧ལོའི་ཟླ་བ་དྲུག་པར་བོད་དམག་ཁུལ་ཁང་གི་དམག་མི་བརྒྱ་ཤོག་ཅིག་གཙུག་ལག་ཁང་ནང་བཅའ་སྡོད་བྱེད་པར་བཏང་ཡོད། དེ་སྔོན་བོད་དམག་ཁུལ་ཁང་གི་དམག་སྤྱི་གྲན་མིན་གཡིས་ཀྱིས་ལོ་མང་ཕྱིན་པའི་རྗེས་ཁོང་གིས་ཕྱིར་དྲན་བྱས་པའི་རྩོམ་ཡིག་ནང་དགོན་པ་འདིའི་གཙོ་ཆེའི་སྐུ་འདྲར་གཟབ་ནན་གྱིས་སྲུང་སྐྱོབ་བྱས་ཡོད་པ་འཁོད་ཡོད། དོན་དངོས་ཐོག་དེའི་སྐབས་སྐུ་གཟུགས་སྟེང་གི་ཚང་མ་བཤུས་ནས་དམར་རྗེན་ལ་སྟོན་པའི་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་དང་མཚུངས་པའི་སྐུ་འདྲ་དང་གང་ལྟར་གསེར་ཟངས་ཀྱི་སྐུ་ཡོད་ཚད་དང་གསེར་ཟངས་ཀྱི་མཆོད་རྫས་བཅས་ཚང་མ་མཉམ་དུ་དབོར་ཕྱིན་ཡོད། འཇིམ་བཟོའི་སྐུ་འདྲ་ཡོད་ཚད་མཉམ་དུ་ལྷ་སའི་གཙང་པོའི་ནང་དབྱུགས་པ་རེད། དམག་དཔུང་དུས་ཡུན་རིང་ཐུང་ག་ཚོད་ཙམ་བསྡད་ཡོད་མིན་མ་ཤེས་ན་ཡང་སྤྱི་ལོ་༡༩༦༩ལོའི་གོང་གཙུག་ལག་ཁང་སྔོན་ལ་མཉམ་འབྲེལ་གྱི་བཀོད་འདོམས་ལས་ཁུངས་ཀྱི་ལྟེ་གནས་དང་ཡང་རྗེས་ལ་གྱེན་ལོག་སྤྱི་ཁྱབ་ལས་ཁུངས་ཀྱི་ལྟེ་གནས་སུ་གྱུར་ཡོད་པ་རེད། དེའི་རྒྱང་བསྒྲགས་གཏོང་ས་ནི་ཐོག་རྩེགས་གསུམ་པའི་སྟེང་གི་ཉི་འོད་གཟིམ་ཆུང་ནང་གི་ཁྲོམ་གཞུང་དང་འབྲེལ་བའི་གཞོགས་དེར་བཙུགས་ཡོད། གྱེན་ལོག་ཤོག་ཁག་གི་མི་བཅུ་གྲངས་ཤིག་དགོན་པའི་ནང་བསྡད་ཡོད་པ་དང་དེའི་སྐབས་དངོས་རྫས་ཕྲན་བུ་ལས་ལྷག་མེད་པའི་གཙུག་ལག་ཁང་དེར་མུ་མཐུད་གཏོར་སྐྱོན་ཕོག་ཡོད་པ་རེད།

གཙུག་ལག་ཁང་གི་གསུམ་ཐོག་ཁྲོམ་གཞུང་ལ་ཁ་ཕྱོགས་པ་འདིའི་ཟུར་གཅིག་ལ་དེ་སྔོན་གྱེན་ལོག་ཤོག་ཁག་གི་རྒྱང་བསྒྲགས་གཏོང་ས་བྱས་པ་རེད

སྤྱི་ལོ་༡༩༦༩ལོ་ནས་༡༩༧༠ལོའི་ལོ་སྟོད་བར་ཡང་གཙུག་ལག་ཁང་ནི་ལྷ་ས་ཉེན་ཟོན་བདེ་སྲུང་དམག་སྤྱི་ཁང་གིས་ཟིན་པ་རེད། གོང་དུ་ཞུས་པ་བཞིན་གཤམ་འོག་གི་ལྷ་ཁང་བཅུ་གྲངས་ཤིག་ཕག་ཚང་ཡིན་པ་མ་ཟད། ཐ་ན་དེང་སང་དགེ་འདུན་པ་ཚོ་ཚོགས་ཚུགས་གནང་སའི་དཀྱིལ་འཁོར་མཐིལ་ལ་ཡང་ཕག་ཚང་བྱས་ཡོད་པས་དྲི་ངན་གྱིས་ཁེངས་པའི་ཕག་པ་དེ་ཚོ་གང་སར་བརྒྱུགས་ཏེ་སྐད་རྒྱབ་བཞིན་ཡོད། ཇོ་བོ་ཤཱཀྱ་མུ་ནེའི་ལྷ་ཁང་གཅིག་པུ་ཕག་ཚང་བྱས་མེད། ཡིན་ནའི་སྐུ་རྒྱན་དང་ན་བཟའ་སོགས་གང་ཡང་མེད་པར་གནོད་འཚེ་ཕོག་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་འདི་ཆོས་ཁང་ནག་ཁུང་གི་གཏིང་དེར་ཁུ་སིམ་ངང་བཞུགས་ནས་ཡོད་པ་དང་ཐོག་ཁའི་སྟེང་གི་ལྷ་ཁང་བཅུ་གྲངས་ཤིག་དམག་མིའི་ཉལ་ཁང་བྱས་ཡོད་པ་རེད། སྐབས་དེ་དུས་ཕག་ལྟོ་བསྐྱལ་བར་སྐྱོད་མྱོང་མཁན་གྱི་དགེ་འདུན་པ་བགྲེས་སོང་ཞིག་གིས་གསུངས་དོན། ཁོང་ཚོས་གཙུག་ལག་ཁང་གི་ཟུར་གཅིག་ལ་གསང་སྤྱོད་བཟོས་འདུག་པས་ས་སྟེང་དུ་ཁོང་ཚོའི་གཅིན་པ་ཡོད་པ་ང་ཚོས་དངོས་སུ་མཐོང་བྱུང༌། ཡང་གཙུག་ལག་ཁང་གི་གཞོགས་གཞན་ཞིག་ནི་སེམས་ཅན་བཤས་གཏོང་ས་བཟོས་འདུག དེའི་སྐབས་དམར་སྲུང་དམག་དང་གྱེན་ལོག་ཤོག་ཁག་ཡིན་པའི་མི་ཞིག་གིས་ཀྱང་བརྗོད་པར། གཙུག་ལག་ཁང་ཕག་ཚང་བྱས་པ་ཕུད། ད་དུང་བཤས་རྭ་བྱས་པ་དང་དེའི་ནང་ཕག་པ་བསད་དེ་སྤུ་བཀོག་པ་བཅས་བྱེད་ཀྱི་ཡོད་པ་རེད།

དེ་བཞིན་སྨོན་ལམ་ཆེན་མོ་ཚུགས་པའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཡུལ་ཉི་འོད་གཟིམ་ཆུང་གི་ལྡེབས་རིས་ཐོག་སྐུ་མང་པོ་ཡོད་པས་ཞལ་རས་སྟེང་གྲི་སོགས་ཀྱིས་གང་བྱུང་རི་མོ་བྲིས་ཏེ་གཏོར་བཤིག་བཏང་བ་ཁག་ད་ལྟ་ཡང་མཐོང་རྒྱུ་འདུག གཙུག་ལག་ཁང་གི་དགེ་འདུན་པས་གུས་མོར་གསུངས་དོན། འདི་ཚོ་ནི་རིག་གནས་གསར་བརྗེའི་སྐབས་འདིར་སྡོད་མཁན་གྱི་དམག་མིས་བྱས་པ་རེད། ད་དུང་ཁོང་གིས་པང་གཅལ་སྟེང་གི་འབར་འབུར་དེ་ཚོར་མཛུབ་མོ་བཙུགས་ནས་གསུངས་པར། ཁོང་ཚོས་རྟག་ཏུ་གང་བྱུང་གིས་ཆུ་སྙིགས་གཤོས་པར་བརྟེན་པང་གཅལ་བཟོ་ལྟ་གྱུར་ཡོད་པ་རེད་ཅེས་དང༌། ཁོང་གིས་ད་དུང་རྒྱ་ནག་དབུས་གཞུང་སྒྲིག་འཛུགས་ལས་ཁུངས་ཀྱི་ལས་བྱེད་རྒན་གྲས་ཤིག་གཙུག་ལག་ཁང་དུ་ལྟ་སྐོར་བྱེད་པར་ཡོང་དུས་ཐུག་མྱོང་ཡོད་པ་འདི་དེ་སྔོན་ཁོ་པ་བོད་དམག་ཁུལ་ཁང་གི་དམག་དཔོན་ཡིན་པས་ཆེད་མངགས་ཉི་འོད་གཟིམ་ཆུང་ལ་མཛུབ་མོ་བཙུགས་ཏེ་བློ་ཡིད་ཚིམ་པོའི་ངང་རང་ཉིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་ནང་བསྡད་མྱོང་ཡོད་ཅེས་བརྗོད་འདུག

སྤྱི་ལོ་༡༩༧༠ལོའི་ལོ་སྟོད་ལ་གཙུག་ལག་ཁང་ལྷ་ས་གྲོང་ཁྱེར་གཞུང་གི་སྣེ་ལེན་ཁང་ཨང་གཉིས་པ་བཟོས་པ་རེད། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན་པའི་ཡན་ཀྲེན་ཀྲུང་གི་ངོས་ནས་བྱས་ན་ཁོ་པ་མལ་གྲོ་གོང་དཀར་རྫོང་ནས་ལྷ་སར་གཞུང་དོན་བྱེད་པར་ག་དུས་ཡོང་ནའི་དེར་བསྡད་པའི་གནས་ཚུལ་གསལ་པོ་དྲན་གསོས་ཀྱི་འདུག ལྷ་ཁང་མང་པོ་མགྲོན་ཁང་གི་ཉལ་ཁང་བཟོས་པ་དང་ལྡེབས་རིས་ཇ་བསྐོལ་བའི་མེ་དང་ཆུ་རླང་གི་དུ་བས་ལྟ་བཟོ་འདི་བཟོ་མེད་པ་བཟོས་བཞག དེའི་ནང་ས་གནས་ཁག་དང་ཉེ་འགྲམ་གྱི་རྫོང་ཁག་ནས་ལྷ་སར་ཡོང་མཁན་ལས་བྱེད་པ་དང་སྤྱིར་བཏང་མང་ཚོགས་བཅས་ཚང་མ་དེར་བསྡད་ཆོག་གི་ཡོད་པས་དེའི་ནང་བུ་དང་བུ་མོ། བོད་པ་དང་རྒྱ་མི། ད་དུང་དེ་མིན་མི་རིགས་གཞན་ཚང་མ་བསྡད་ཀྱི་ཡོད། ཡན་ཀྲེན་ཀྲུང་ནི་ཁ་ཆེ་རེད། དང་ཐོག་ཉིན་རེར་ཉལ་ཁྲི་གཅིག་ལ་སྒོར་ཟུར་གཅིག་དང་པད་གསུམ་རེད། རྗེས་ལ་ཉལ་ཁྲི་གཅིག་ལ་སྒོར་ཟུར་གསུམ་བྱས་ཡོད། ཞབས་ཞུ་བྱེད་མཁན་ནང་ལ་ཡང་བུ་དང་བུ་མོ་གཉིས་ཀ་ཡོད་པ་མ་ཟད། མང་ཆེ་བ་བོད་པ་རེད། དགོན་པ་ཁྱོན་ཡོངས་ནང་གྲ་ཆས་བཞེས་པའི་དགེ་འདུན་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཅེས་དང༌། ད་དུང་ཁོ་པས་བརྗོད་པར། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་ནང་ཉིན་རྒྱབ་ཆུ་ཚོད་གསུམ་པ་བཞི་པ་ཙམ་ནས་མི་འགྲོ་མཁན་དེ་ཙམ་མི་འདུག ཆུ་ཚོད་དྲུག་པ་བདུན་པའི་རྗེས་དངོས་གནས་མི་འགྲོ་མཁན་གཅིག་ཀྱང་མེད་པས་གྲོང་ཁྱེར་སྟོང་པ་རེད་བཞག གལ་ཏེ་ཆུ་ཚོད་བཅུ་པ་ཙམ་ལ་མགྲོན་ཁང་དུ་ལོག་ན་ཧ་ཅང་ཕྱི་པོ་ཆགས་ཚར་གྱི་འདུག་ལ་དགོན་པའི་སྒོ་ལྗིད་པོ་འདི་ཤུགས་ཆེན་པོས་བརྡུངས་དགོས་པ་དང་སྐད་ཤུགས་ཆེན་པོས་སྐད་རྒྱབ་ནས་དུས་ཚོད་གང་ཙམ་ཕྱིན་པའི་རྗེས་གཞི་ནས་སྒོ་ཕྱེ་མཁན་ཡོང་གི་རེད་ཟེར།

གཙུག་ལག་ཁང་གི་དགེ་འདུན་པ་བགྲེས་སོང་ཞིག་གིས་གསུངས་དོན་ལ། ཇོ་ཁང་ཐོག་ཁའི་གསེར་ཟངས་ཀྱི་རྒྱ་ཕིབས་ཡོད་སར་དེ་སྔ་གསང་སྤྱོད་ཅིག་རྒྱབ་ཡོད། སྲུང་མ་དཔལ་ལྡན་ལྷ་མོའི་སྐུ་འདྲ་ཡོད་ས་འདིར་པང་ལེབ་ཅིག་གིས་བུ་དང་བུ་མོའི་གསང་སྤྱོད་ལ་བཅད་རྒྱབ་ནས་མགྲོན་ཁང་གི་གསང་སྤྱོད་བྱས་པ་རེད་ལ། དཔལ་ལྡན་ལྷ་མོའི་སྐུ་འདྲ་སྔ་ས་ནས་གཏོར་ཚར་བ་རེད།

འདི་ནི་གུས་མོའི་པཱ་ལགས་ནས་རིག་གནས་གསར་བརྗེའི་སྔོན་ལ་ལེན་པའི་འདྲ་པར་ཞིག་རེད། དགྱེས་ཞལ་འཛུམ་བག་དང་ལྡན་པའི་དཔལ་ལྡན་ལྷ་མོའི་སྐུ་འདྲ་འདི་རྙིང་པ་བཞི་གཏོར་བའི་སྐབས་རྩ་གཏོར་བཏང་བ་དང་རྗེས་ལ་ས་ཆ་འདིར་གསང་སྤྱོད་བཟོས་པ་རེད།

དཔལ་ལྡན་ལྷ་མོ་ནི་ལྷ་ལྡན་གཙུག་ལག་ཁང་གི་སྲུང་མ་དང་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་སྲུང་མ་ཡང་ཡིན་པ་རེད།

ཡང་དགེ་འདུན་པ་བགྲེས་སོང་གཞན་ཞིག་གིས་གསུངས་དོན་ལ། ཚང་མས་སྣེ་ལེན་ཁང་དེར་མགྲོན་ཁང་ཨང་གཉིས་པ་ཟེར་གྱི་ཡོད། རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་གྲོང་ཁྱེར་སྲིད་གཞུང་གི་ཉེ་འགྲམ་ལ་གནས་སྤོས་བྱས་པ་རེད། མི་ཚོས་འདིར་མགྲོན་ཁང་དམར་པོ་ཟེར་གྱི་ཡོད། སྤྱི་ལོ་༡༩༨༡ལོར་གུས་མོ་གཙུག་ལག་ཁང་ལ་སྐྱོད་སྐབས་གཅིག་ཐོག་དང་ཉིས་ཐོག་གི་ལྷ་ཁང་གི་སྒོའི་སྟེང་ཨང་གྲངས་བྲིས་འདུག་པ་འདི་ནི་མགྲོན་ཁང་གི་ཁང་པའི་ཨང་གྲངས་རེད་བཞག

དེ་དུས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཙུག་ལག་ཁང་གི་ཚོམས་ཆེན་ནང་རིམ་པ་གསུམ་ཡན་གྱི་ལས་བྱེད་ཚོགས་འདུ་ཡང་སྐོང་ཚོགས་བྱས་ཡོད། སྒོ་རྭའི་མདུན་གྱི་དཀྱིལ་འཁོར་ནང་སྐབས་ཤིག་རིང་གསར་བརྗེའི་གློག་བརྙན་སྟོན་སའི་ཐོག་མེད་གློག་བརྙན་ཁང་ལ་གྱུར་བ་དང༌། དགེ་འདུན་པ་ཚོའི་གྲ་ཤག་ཁག་ཅིག་ལྷ་ས་གྲོང་ཁྱེར་ཆབ་སྲིད་གྲོས་ཚོགས་ཀྱི་ཡིག་ཚང་བྱས་པ་རེད།

སྤྱི་ལོ་༡༩༧༢ལོར་ཀྲའོ་ཨེན་ལེས་བོད་ཀྱི་དམག་སྲིད་དཔོན་པོ་ཐུག་འཕྲད་བྱེད་སྐབས་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བ་ཡར་རྒྱས་ཕྱིན་པ་དང་རྒྱ་ནག་གཞུང་དང་ཉི་ཧོང་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཡོད་པས་རྒྱལ་ཡོངས་ལ་འགོ་ཁྲིད་མཁན་ཡོད་པའི་ཐོག་སྒོ་མོ་ཕྱེ་རྒྱུ་ལག་བསྟར་བྱ་མཁན་ཡིན་པས་བོད་ལྗོངས་ཀྱང་ཚུད་ཡོད་པ་བརྗོད་ཡོད་པར་བརྟེན་དེ་རྗེས་གཙུག་ལག་ཁང་ལ་ཉམས་བཟོ་བྱེད་རྒྱུའི་ཆོག་མཆན་སྤྲད་པ་རེད། འོན་ཀྱང་ཉམས་བཟོ་བྱ་མཁན་ཚོས་ལྷ་ཁང་སྟོང་པ་སྟོང་ཀྱང་འདི་ཚོའི་ནང་སྐུ་འདྲ་ག་རེ་གདན་འདྲེན་ཞུ་དགོས་མིན་གསལ་པོ་མི་ཤེས་པ་དང༌། སྐུ་འདྲའི་ནང་གཟུངས་བཞུགས་གང་ཕུལ་དགོས་མིན་ཡང་ཤེས་ཀྱི་མེད་པས་གསང་བའི་ཐོག་དེ་མོ་སྐུ་འཕྲེང་བཅུ་པ་མཆོག་ལ་བཀའ་འདྲི་ཞུས་ཡོད། དེ་སྔ་ལྷ་འདྲེ་གདོན་བགེགས་ལ་རྩིས་ཏེ་འཐབ་འཛིང་མནར་གཅོད་བཏང་བའི་དེ་མོ་རིན་པོ་ཆེ་སྐུ་གཟུགས་ལ་སྙུན་གཞི་ལྗིད་པོ་བཞེས་ཡོད་པ་དང་ཐུགས་དྲན་གསལ་པོ་མེད་པས་སྐུ་ཚེའི་མཐའ་མཇུག་ལ་ཉེ་བའི་སྐབས་བཀའ་སློབ་ཞུས་པར་ཁོང་གིས་རྒྱལ་བ་སྐུ་འཕྲེང་ལྔ་པ་ཆེན་པོས་སྤྱི་ལོ་༡༦༤༥ལོར་གཙུག་ལག་ཁང་གི་དཀར་ཆག་ཕྱག་དཔེ་བཀོད་གནང་བ་དེར་གཞི་འཛིན་གནང་ཏེ་སྐུ་ངལ་ཆེན་པོའི་སྒོ་ནས་ལག་ཤེས་པ་དང་ལྷ་བྲིས་པ་རྣམས་ལ་མཛུབ་ཁྲིད་གནང་བར་བརྟེན་གཅིག་ཐོག་གི་ལྷ་ཁང་རྣམས་ཉམས་གསོ་བྱ་ཐུབ་པ་བྱུང་བ་རེད།

སྤྱི་ལོ་༡༩༧༤ལོར་གཙུག་ལག་ཁང་ཉམས་གསོའི་ཐོག་མའི་ལས་གྲ་དེ་མཇུག་བསྒྲིལ་ཡོད། དེ་ནས་རིམ་བཞིན་རྙིང་པ་བཞི་ལ་རྩིས་ཏེ་གཏོར་བཤིག་བཏང་མྱོང་ཡོད་པའི་གཙུག་ལག་ཁང་ལ་བསྐྱར་དུ་སྤོས་དང་མཆོད་མེ་འབུལ་ཆོག་པ་དང་གསོལ་བ་སྨོན་ལམ་འདེབས་རྒྱུ་བྱུང་ཡོད། སྐབས་དེ་དུས་ཟུར་ཟའི་སྐད་ཆ་དེ་འདྲ་ཞིག་དར་ཡོད་པ་སྟེ། ལྷ་གོས་ཏིས་ཆོ་ལེང་དང་སྐུ་གཉེར་སྦ་ཡེ་ལགས་(སྦ་ཡི་ལགས་ནི་ཁ་ཆེར་འབོད་སྲོལ་ཞིག་དང་ཏིས་ཆུ་ལེང་ཟེར་བ་ནི་དེའི་དུས་དར་བཟོ་ཆེ་བའི་རས་ཆ་ཞིག་རེད། འོན་ཀྱང་དེ་ནི་བལ་མ་ཡིན་ལ་སྲིང་བལ་ཡང་མ་ཡིན། བྱས་ཙང་དངོས་པོ་འཁྲུལ་མེད་ཅིག་མ་ཡིན་པར་དཔེ་བཞག་གི་ཡོད།)ཟེར་བའི་དོན་སྙིང་ནི་སྐུ་འདྲ་དེ་སྐུ་འདྲ་འཁྲུལ་མེད་དེ་མིན་པ་དང་དགོན་པ་བདག་གཉེར་བྱེད་མཁན་ནི་ཆོས་ལུགས་གཞན་ཞིག་ཡིན་པ་བརྗོད་ཀྱི་ཡོད། (དངོས་ཡོད་གནས་སྟངས་ཡང་འདི་འདྲ་ཡིན་པ་རེད། དེའི་སྐབས་ཁ་ཆེ་རུས་མིང་ལ་མའ་ཟེར་བ་ཞིག་གིས་ཆོས་དོན་ལས་ཁུངས་ཀྱི་འགོ་ཁྲིད་བྱས་ནས་གཙུག་ལག་ཁང་ལ་དོ་དམ་བྱེད་ཀྱི་ཡོད།) སྤྱི་ལོ་༡༩༨༥ལོར་ཧྥ་རན་སིའི་གསར་འགོད་པ་རྡུང་ཉི་རྡ་ལྷ་སར་སྐྱོད་ཆོག་པའི་ཆོག་མཆན་རགས་ནས་སླེབས་པའི་སྐབས་གཙུག་ལག་ཁང་ནང་གི་སྐུ་འདྲ་གསར་པ་གསར་རྐྱང་དང་ཚར་མ་ཐག་གི་ལྡེབས་རིས་ལ་ཁ་ཕྱོགས་སྐབས་ཧ་ལས་པ་དང་བློ་མི་བདེ་བའི་ཚོར་སྣང་བྱུང་ཡོད་པ་རེད་འདུག་ལ། ལྷག་པར་རང་ཉིད་གླུ་གར་ཁང་ཞིག་ནང་གི་གར་སྟེགས་ཐོག་ཡོད་པའི་རྒྱབ་ལྗོངས་རི་མོའི་ནང་བསྡད་ཡོད་པ་ལྟར་གྱི་ཚོར་སྣང་བྱུང་ཡོད། བྲེལ་འཚུབ་ངང་ཁྱོན་ཡོངས་སྐྲུན་པ་དང་གསར་པ་བཟོས་བ། ཉམས་གསོ་བྱས་པ་བཅས་ཀྱི་འབྲས་བུ་ནི་རིག་གཞུང་ཞིག་ཧ་ལམ་རྩ་མེད་བཏང་བའི་ཆབ་སྲིད་རླུང་འཚུབ་ཀྱིས་བཟོས་པའི་གཏོར་བཤིག་གི་རྣམ་པ་དང་དེའི་ཐོག་རི་མོ་གསལ་དུ་ག་ཚོད་བཏང་ཀྱང་ནག་པོ་ཆགས་པ་ལ་འགྲེལ་བཤད་རྒྱབ་པ་ལྟ་བུ་རང་རེད། འོན་ཀྱང་གང་འདྲ་ཡིན་རུང་བཀྲ་ཤིས་པའི་དོན་ཞིག་ཡོད་པ་ནི་འཕྲོག་བཅོམ་བྱས་པ་ལས་ཐར་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་འདི་བྱམས་དང་སྙིང་རྗེའི་ཁྲོད་ནས་སྐྱེ་འགྲོ་ཀུན་ལ་འཛུམ་མུལ་ངང་བསྐྱར་དུ་མཇལ་རྒྱུ་བྱུང་བ་རེད། དེ་སྔ་གསར་བརྗེའི་ལས་འགུལ་འདིའི་ནང་མདུན་དུ་སྐྱོད་མཁན་གྱི་ཧུར་བརྩོན་ཅན་མང་པོས་བློ་འགྱོད་ཆེན་པོའི་ངང་ནས་འགྱོད་བཤགས་མཐར་ཕྱིན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད།

དེ་སྔ་བཙོན་ཁང་ནང་ལོ་བདུན་བཙོན་བཅུག་བྱ་མྱོང་ཡོད་པ་དང་ངལ་རྩོལ་སྒྱུར་བཀོད་ལ་ལོ་བཅུ་གསུམ་བསྡད་དགོས་བྱུང་བའི་རྗེས་སྤྱི་ལོ་༡༩༨༡ལོར་གཞི་ནས་གཙུག་ལག་ཁང་དུ་ཕྱིར་ལོག་ཐུབ་པའི་གཙུག་ལག་ཁང་གི་དགེ་འདུན་པ་རྒན་གྲས་ཤིག་གིས་སྤྱི་ལོ་༢༠༠༣ལོའི་ཟླ་བ་གསུམ་པའི་ནང་གཙུང་ལག་ཁང་དུ་མིག་ལ་མཆི་ཞག་འཁོར་བཞིན་གུས་མོར་གསུངས་དོན་ལ།

རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་དགོན་སྡེ་ཉམས་གསོ་བྱས་ཏེ་ཡང་བསྐྱར་ཕྱི་ཕྱོགས་ལ་སྒོ་མོ་ཕྱེས་ཡོད། ལོ་མང་རིང་ཆོས་ལ་དད་པ་བྱེད་མི་ཆོག་པའི་དུས་ཚོད་འདི་བརྒྱུད་པ་ནས་མི་ཚོས་ལོ་མང་པོ་ཞིག་རིང་གཙུག་ལག་ཁང་ལ་ཆོས་མཇལ་དུ་སྐྱོད་རྒྱུ་མ་བྱུང་བར་བརྟེན་ད་ཆ་ཆོས་མཇལ་ལ་ཡོང་མཁན་མི་ཧ་ཅང་གི་མང་པོ་འདུག སྐབས་དེ་དུས་དད་ལྡན་མང་ཚོགས་ཚོར་སྤ་སེ་བཙོང་གི་ཡོད་ལ། ད་ལྟ་དད་ལྡན་པ་ཚོས་སྐུ་ཕྱག་ཕུལ་སའི་གཟིམ་སྒོའི་མདུན་ལ་ད་དུང་ལྕགས་ཀྱི་སྒྲོམ་སྐྱོར་བཟོས་ཡོད། ཉིན་ལྟར་སྤ་སེ་སྟོང་ཕྲག་གཉིས་བཙོང་གི་ཡོད་པ་དང་སྤ་སེ་རེར་སྒོར་གཅིག་རེ་ཡིན་པས་མི་མང་པོས་མཚན་མོ་ནས་རུ་སྒྲིག་པར་སྐྱོད་ཀྱི་ཡོད། རྟག་ཏུ་མཚན་གང་རུ་སྟར་སྒྲིག་ནས་ས་སྟེང་དུ་ཉལ་གྱི་ཡོད་པ་རེད། དེའི་སྐབས་གཙུག་ལག་ཁང་ཉིན་གང་གཟིམ་སྒོ་ཕྱེ་བ་དང་ས་རུབ་དུས་ལམ་སེང་གཟིམ་སྒོ་རྒྱབ་ན་མ་གཏོགས་ད་དུང་མི་མང་པོ་ཆོས་མཇལ་ཞུ་བར་ཡོང་གི་ཡོད། སྙིང་རྗེ་ཨཱ། འདི་ལྟ་བུའི་བོད་མི་མང་པོས་ལོ་མང་པོའི་རིང་ཇོ་བོ་རིན་པོ་ཆེ་མཇལ་མེད་པ་རེད། དེར་བརྟེན་མི་མང་པོས་ངུ་གིན་འདུག ད་དུང་ངུ་འབོད་བྱེད་བཞིན་བརྗོད་པར་མི་ཚེ་འདིར་སངས་རྒྱས་ཡང་བསྐྱར་མཇལ་གྱི་རེད་བསམ་མ་བྱུང༌། ཉིན་མོ་འདི་འདྲ་ཞིག་ཡོང་གི་ཡོད་པ་བསམ་བློ་འཁོར་མ་བྱུང་ཞེས་ཟེར་གྱི་འདུག རྗེས་སུ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་ལྷ་སར་ཕྱིར་ཕེབས་གནང་ནས་ལྷ་ལྡན་གཙུག་ལག་ཁང་ནང་ཚོགས་ཚུགས་གནང་སྟེ་དད་ལྡན་པ་ཚོར་མཇལ་ཁ་བཏང་གནང་བའི་སྐབས་མཇལ་ཁ་ཞུ་བར་བཅར་མཁན་གྱི་རུ་སྟར་ལྷ་སའི་ཤར་ངོས་ཀྱི་ཡིག་ཟམ་ཁང་ཆེན་བར་ཡོད་པས་དེའི་དབར་བར་ཐག་ཀེ་ལོ་མི་ཌར་ཁ་ཤས་ཡོད། ད་དུང་འཚང་ཁ་རྒྱབ་སྟེ་མི་ཤི་བ་ཡང་བྱུང་མྱོང་ཡོད། དད་ལྡན་པ་མང་པོ་འདི་འདྲ་ཡོད་པའི་སྐབས་གློ་བུར་དུ་མི་མང་པོ་ཞིག་ཡོང་བའི་ནང་ལོ་ན་རྒན་པ་ཙམ་མ་ཡིན་པར་གཞོན་སྐྱེས་ཡང་ཧ་ཅང་མང་པོ་འདུག འདི་ནི་རིག་གནས་གསར་བརྗེའི་སྐབས་ཡིན་ན་བསམ་མ་ཕོད་པ་ཞིག་རེད་ལ། མི་རྣམས་ཆུ་རྫིང་ནང་བཀག་པའི་ཆུ་ཆེན་གློ་བུར་དུ་ཤོར་པ་ལྟ་བུ་རྒྱུགས་ཡོང་བ་རེད།

དེ་ནས་བཟུང་ལྷ་ལྡན་གཙུག་ལག་ཁང་འདི་བཞིན་ནང་པའི་གནས་མཆོག་ནང་གི་གནས་མཆོག་ཅིག་ལ་བསྐྱར་དུ་གྱུར་ནས་ད་ལྟ་བར་ཡོད་པ་རེད།

ད་ལྟའི་གཙུག་ལག་ཁང་གི་གཟིམ་སྒོའི་མདུན་ཉིན་ལྟར་བོད་ཀྱི་ས་ཕྱོགས་ཁག་ནས་ཆོས་མཇལ་ཞུ་བར་སྐྱོད་མཁན་གྱི་བོད་མི་མཐོང་རྒྱུ་ཡོད་པ་དང་གཅིག་མཇུག་གཉིས་མཐུད་ངང་སྐུ་ཕྱག་ཕུལ་བཞིན་ཡོད།

འདི་ནི་སྤྱི་ལོ་༢༠༠༣ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ལྷ་ལྡན་གཙུག་ལག་ཁང་རེད། ཆོས་མཇལ་ཞུ་བར་སྐྱོད་མཁན་གྱི་མི་ཚོགས་ནས་རུ་སྟར་རིང་པོ་སྒྲིག་ཡོད་པ་དང་གཞོགས་གཅིག་ལ་ཐག་རིང་གི་དགོན་སྔེ་ཁག་ནས་ཆོས་མཇལ་ལ་ཕེབས་པའི་དགེ་འདུན་པ་རེད་འདུག