ལྷ་ལྡན་གཙུག་ལག་ཁང་གཏོར་བ།

༄༅།། ནན་ཏན་ངང་ཞུས་ན། གཙུག་ལག་ཁང་འདི་བཞིན་དགོན་པ་ཞིག་མ་ཡིན་པར་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་བརྙན་གཙོ་བོར་འགྱུར་བ་སོགས་གཞན་སྐུ་རྟེན་དང་མཆོག་ཏུ་འགྱུར་བའི་ནོར་རྫས། ཆོས་རྫས་སོགས་མང་པོ་ཡོད་པ་འདི་རྣམས་ལ་དད་ལྡན་པ་ཚོས་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་པར་བརྟེན་བོད་མི་ཚོས་གཙུག་ལག་ཁང་ཞེས་འབོད་ཀྱི་ཡོད། གཙུག་ལག་ཁང་ནི་དུས་རབས་བདུན་པའི་ནང་བོད་ཀྱི་ཆོས་རྒྱལ་སྐུ་ཐོག་སུམ་ཅུ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་པ་ཞིག་ཡིན་པས་ད་ལྟ་བར་ལོ་ངོ་༡༣༠༠ལྷག་ཙམ་འགྲོ་ཡི་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོར་བོད་མི་ཚོས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་ཞུ་ཡི་ཡོད་པ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་རྒྱལ་ཁབ་ཆོས་བཞིན་དུ་སྐྱོང་མཁན་གྱི་ཆོས་རྒྱལ་དང་པོ་འདི་ཡིན་ཞིང༌། གང་ཉིད་ནས་རྒྱ་གར་ལ་ཡི་གེ་དང་ནང་ཆོས་སློབ་སྦྱོང་བྱེད་པར་བློན་པོ་མངག་གཏོང་མཛད་ནས་ད་ལྟ་བར་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་གཅིག་གྱུར་བཟོ་གནང་མཛད། དེ་ནས་བླ་མ་དང་ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་བ་གསུམ་གཙོ་བོར་བྱས་པའི་ཐོག་ཁྲིམས་དང་སྒྲིག་གཞི་མི་ཉུང་བ་ཞིག་གཏན་ལ་ཕབ་པ་མ་ཟད། ད་དུང་ནང་ཆོས་ལ་དད་པ་ཆེན་པོ་ཡོད་པའི་བལ་ཡུལ་རྒྱལ་ཁབ་ཀྱི་སྲས་མོ་བལ་བཟའ་ཁྲི་བཙུན་དང་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྲས་མོ་འུན་ཤིང་ཀོང་ཇོ་མནའ་མར་བཞེས། གོང་ཞུས་ཀྱི་སྲས་མོ་གཉིས་ནས་ཁག་སོ་སོས་བོད་ལ་བསྣམས་ཕེབས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གཉིས་པོ་འདི་ནི་བཤད་སྲོལ་ལ་སངས་རྒྱས་ཞལ་བཞུགས་པའི་སྐབས་རབ་གནས་ཐོབ་པ་ཞིག་ཡིན་པས་ཧ་ཅང་གི་རྩ་ཆེ་བ་དང་རིན་ཐང་བྲལ་བ་ཞིག་ཡིན་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་ནས་བསྙེན་བཀུར་མཆོད་འབུལ་གནང་ཆེད་བཙུན་མོ་གཉིས་ནས་ལྷ་ཁང་གཉིས་བཞེངས་ཡོད་པ་སྟེ། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་བཞེངས་པ་ནས་ལས་སྨོན་བཟང་པོས་འབྲེལ་བར་བྱས་ཡོད་པ་རེད།

ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གཉིས་ཆགས་སའི་ས་བབ་ཡང་དམིགས་བསལ་ཞིག་ཡོད་པ་སྟེ། བོད་ཀྱི་དམངས་ཁྲོད་ལ་དར་བའི་གཏམ་རྒྱུད་དང༌། དེ་བཞིན་རྒྱལ་རབས་ལོ་རྒྱུས་ཀྱི་བསྟན་བཅོས་ནང་བོད་ཡོངས་ཀྱི་ས་ཆའི་ཆགས་སྟངས་འདི་སྲིན་མོ་གན་རྐྱལ་དུ་ཉལ་བའི་དབྱིབས་དང་འདྲ་བས་སྔར་རྒྱ་ཆེ་བའི་འདམ་གཞོང་ཡིན་པའི་ལྷ་སའི་དབུས་སུ་མཚེའུ་ཞིག་ཡོད་པ་འདི་ཏག་ཏག་བདུད་སྲིན་འདིའི་སྙིང་ཁྲག་འདུས་ས་འཁེལ་ཡོད་པས་ས་གནས་འདི་ལ་ཁྲག་རྩ་བཀག་ཆེད་ས་རྒྱངས་ཏེ་ལྷ་ཁང་བཞེངས་ནས་ས་སྲུང་གི་ནུས་པ་ལྡན་པར་ལྷ་ལྡན་གཙུག་ལག་ཁང་འདི་བཞེངས་པ་དང༌མཚེའུ་འདིའི་འགྲམ་ལ་བྱེ་ཐང་ཞིག་ཡོད་པ་དེ་ཀླུའི་ཕོ་བྲང་གནས་ཡུལ་ཡིན་པ་དང་དེར་ཡང་ལྷ་ཁང་བཞེངས་ཏེ་ཀླུ་ནོན་པར་བྱེད་དགོས་པས་ར་མོ་ཆེ་གཙུག་ལག་ཁང་བཞེངས་ཡོད། དེ་མིན་སྲིན་མོའི་རྐང་ལག་འཇུ་ཐུབ་པའི་ཆེད་ད་དུང་བོད་ཀྱི་ས་གནས་ཁག་སོ་སོར་ལྷ་ཁང་བཅུ་གཉིས་བཞེངས་ཏེ་སྲིན་མོའི་ལུས་པོའི་སྟེང་གཟེར་ཁྱོན་བཅུ་གཉིས་རྒྱབ་པ་ལྟ་བུ་ཡིན་པ་རེད། ད་ལྟ་བོད་ཀྱི་ལྷོ་ཁ་ཁུལ་དུ་ཡོད་པའི་ཁྲ་འབྲུག་དགོན་པ་འདི་ནི་འདུད་གནོན་ལྷ་ཁང་བཅུ་གཉིས་ནང་གི་གྲས་ཤིག་ཡིན་ཞིང༌། དེ་མིན་ལྷ་ཁང་ཁག་རིག་གནས་གསར་བརྗེའི་ནང་གྱང་རོ་བཟོས་ཡོད་པ་རེད།

ལྷ་ལྡན་གཙུག་ལག་ཁང་ནང་ད་དུང་བཀའ་ཤག་གཞུང་གི་ཚན་པ་ཁག་གནས་མྱོང་ཡོད། རྒྱལ་མཆོག་སྐུ་འཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་ཆོས་སྲིད་ཟུང་འབྲེལ་གྱི་དགའ་ལྡན་ཕོ་བྲང་གཞུང་གི་སྲིད་དབང་གསར་བཙུགས་གནང་བ་ནས་བཟུང་བཀའ་ཤག་གིས་ནོར་སྲིད་དང་དཔྱ་ཁྲལ། འབྲུ་རིགས། ཁྲིམས་འཛིན། ཕྱི་འབྲེལ་སོགས་ཚན་པ་ཁག་གཙུག་ལག་ཁང་གི་ཐོག་བརྩེགས་གཉིས་པར་བཙུགས་ཡོད། རྗེས་སུ་ད་དུང་གསེར་འབུམ་དཀྲུག་པ་སོགས་ཆབ་སྲིད་ཀྱི་རྣམ་པ་ཡོད་པའི་བྱེད་སྒོ་མང་པོ་ས་གནས་དེར་སྤེལ་གྱི་ཡོད་པ་རེད། དེའི་སྟེང་ནས་ལྷ་ལྡན་གཙུག་ལག་ཁང་འདིས་བོད་ཀྱི་ཆོས་ལུགས་ཀྱི་འཛམ་གླིང་འདི་དང་འཇིག་རྟེན་པའི་འཛམ་གླིང་གཉིས་ཁ་བྲལ་ཐབས་མེད་པའི་ཁྱད་ཆོས་འདི་གསལ་པོ་མངོན་ཐུབ་ཡོད། ཆོས་ཕྱོགས་ཐོག་ནས་དེ་ནི་འཛམ་གླིང་ནང་བསྟན་དཀྱིལ་འཁོར་གྱི་ཞིབ་ཕྲའི་འཆར་སྣང་ཡིན་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོག་ནས་ལོ་ངོ་སྟོང་ཕྲག་ཕྱིན་པའི་ལྷ་སའི་ལྟེ་གནས་ཤིག་ཡིན་པ་རེད་ལ། གཙུག་ལག་ཁང་གི་ལོ་རྒྱུས་འདི་བཞིན་ལྷ་སའི་ལོ་རྒྱུས་ཤིག་ཀྱང་ཡིན་པ་རེད།

ཡིན་ནའི་སྲིད་དབང་གསར་པས་ཚབ་བྱས་པ་དང་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོའི་རྦ་རླབས་ཆེན་པོ་འཕྱུར་བ་དང་བསྟུན་ཏེ་བོད་ཀྱི་སྲོལ་རྒྱུན་གོང་བུར་འགྲིལ་བའི་གཙུག་ལག་ཁང་འདི་བཞིན་རྙིང་པ་བཞིའི་མཚོན་བྱེད་ཡིན་པ་གཏན་འཁེལ་ལོས་བྱེད་སྲིད་པས་རྩ་བརླག་གཏོང་བའི་ཉེན་ཁ་ལས་ཐར་དཀའ་ཞིང༌། འདི་ནི་དུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན་པས་དེ་རིང་ཐར་ན་ཡང་སང་ཉིན་ཐར་རྒྱུ་དཀའ་བ་ཡིན་པ་རེད།

མཐར་ལྷ་ལྡན་གཙུག་ལག་ཁང་འདི་བཞིན་དོན་དངོས་ཐོག་གི་གསར་བརྗེའི་དམིགས་འབེན་ཞིག་ཏུ་གྱུར་བ་རེད།།

འདྲ་པར་གསུམ་པོ་འདི་སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༦ཉིན་གྱི་ (རེས་གཟའ་པ་སངས་)<<བོད་ལྗོངས་ཉིན་ཚགས་པར།>> གྱི་པར་ངོས་དང་པོའི་སྟེང་འགོ་བརྗོད་ལ་ <གྱེན་ལོག་བྱེད་པར་རྒྱུ་མཚན་ཡོད། གསར་བརྗེ་ཁྲི་ལོ་བརྟན་པར་ཤོག ལྷ་སའི་དམར་སྲུང་དམག་གིས་ལྕགས་ཀྱི་ཕྱགས་མ་འཁྱེར་ནས་འཛམ་གླིང་རྙིང་པ་གཙང་འཕྱག་བྱེད་དགོས།> ཞེས་འཁོད་པའི་ཆེད་རྩོམ་གྱི་ཞོར་བཀོད་ཀྱི་འདྲ་པར་བཞིན་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་སློབ་གྲྭ་ནས་ཐོན་ཏེ་གཙུག་ལག་ཁང་ལ་རྙིང་པ་བཞི་ཟེར་བ་གཏོར་བར་སྐྱོད་པའི་གནས་ཚུལ་ཡིན།

དམར་སྲུང་དམག་ཚོ་བོད་མི་འདུས་སྡོད་ཆེ་སའི་ས་ཁུལ་བར་སྐོར་ནང་(བོད་མི་མང་བའི་དབང་གིས་འདིར་བར་སྐོར་ལམ་ཨུ་ཡོན་ལྷན་ཁང་དང་བར་སྐོར་དོན་གཅོད་ཁང་སོགས་གཞུང་གསར་པས་གཅིག་གྱུར་གྱི་མིང་ཞིག་བཏགས་ཡོད་པ་གཤམ་དང་གཅིག་པ་ཡིན།)རིག་གནས་གསར་བརྗེ་ཆེན་པོ་དྲིལ་བསྒྲགས་བྱེད་བཞིན་པ།

སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༦ཉིན་<<བོད་ལྗོངས་ཉིན་ཚགས་པར།>>གྱི་པར་ངོས་དང་པོའི་ཐོག་གནས་ཚུལ་སྤེལ་བར། ཚེས་༢༤ཉིན་གྱི་ཉིན་རྒྱབ་ལ་དམར་སྲུང་དམག་དང་གསར་བརྗེའི་དགེ་སློབ་བརྒྱ་ཕྲག་ཁ་ཤས་ནས་མའོ་ཀྲུའུ་ཞིའི་འདྲ་པར་ཆེན་པོ་བཀྱག་པ་དང་གྲོས་གཞིའི་འདོན་ཡིག་འཁྱེར་ཏེ་ཁྲོམ་གཞུང་ཐོག་རྔ་དང་འཁར་རྔ་བརྡུངས་ནས་སྐྱོད་ཀྱི་ཡོད།

དམར་སྲུང་དམག་སྐྱོད་མྱོང་ཡོད་པའི་ཁྲོམ་གཞུང་གི་གྱང་སྟེང་ལ་གསར་བརྗེའི་སྤྲོ་སེམས་ཀྱིས་ཁེངས་པའི་འཛམ་གླིང་རྙིང་པར་དགག་པ་རྒྱག་པ་དང་འཛམ་གླིང་གསར་པ་འཛུགས་སྐྲུན་བྱེད་དགོས་པའི་སྦྱར་ཡིག་དང་བསྒྲགས་ཡིག་གིས་ཁེངས་ནས་ཡོད་པ་འདིའི་ཐོག་འཁོད་པར། བསམ་བློ་རྙིང་པ་དང་རིག་གནས་རྙིང་པ། ཡུལ་སྲོལ་རྙིང་པ། གོམས་གཤིས་རྙིང་པ། སྲོལ་རྒྱུན་རྙིང་པ། ཀུན་སྤྱོད་རྙིང་པ་བཅས་གཏོར་ཕམ་མཐར་ཕྱིན་པ་གཏོང་དགོས་ཞེས་དང། ང་ཚོར་ཚན་རིག་དགོས་པ་ལས་རྨོངས་དད་མི་དགོས། ཚོང་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་རེ་རེ་བཞིན་ཚང་མ་མའོ་ཙེ་ཏུང་གི་བསམ་བློའི་དྲིལ་བསྒྲགས་བྱེད་ཡུལ་གྱི་དམག་སར་འགྱུར་བ་བྱེད་དགོས་པ་བཅས་བྲིས་ཡོད།

དགེ་འོས་སློབ་གྲྭའི་དམར་སྲུང་དམག་ཚོས་བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མ་རྩ་རིང་ལུགས། བཙན་རྒྱལ་རིང་ལུགས་ཀྱི་ཤུལ་བཞག་གི་ས་ཆའི་མིང་དང་སྲོལ་རྙིང་གོམས་གཤིས་ངན་པ་ཁག་ཚང་མ་བསྒྱུར་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། དགེ་འོས་སློབ་གྲྭ་གནས་ཡུལ་གྱི་དྲུང་སྤྱི་གླིང་ཀ་དང་བར་སྐོར་ལམ། གླིང་སྐོར་ལམ། ནོར་བུ་གླིང་ཀ། ལྷ་ཀླུ་ཤང་སོགས་ཚང་མ་གསར་བརྗེའི་དོན་སྙིང་ཡོད་པའི་མིང་ལ་བསྒྱུར་བ་བཏང་བ་རེད།

སློབ་གྲྭ་འདི་གཉིས་ཀྱི་དམར་སྲུང་དམག་ཟེར་བ་ཁྲོམ་གཞུང་ཐོག་དྲིལ་བསྒྲགས་དང་གྲོས་འགོ་བཏོན་པར་སྐྱོད་པ་འདིར་རྒྱ་ཆེའི་བཟོ་ཞིང་དམག་གི་མང་ཚོགས་དང་གསར་བརྗེའི་ལས་བྱེད་པས་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སེམས་ཐག་གཙང་བཅད་ཀྱིས་རྒྱབ་སྐྱོར་ཐོབ་ཡོད།

ཟུར་ཟའི་རི་མོ་འདི་ཏག་ཏག་མའོ་ཙེ་ཏུང་གི་སྐད་གྲགས་ཡོད་པའི་གསུང་བཏུས་དུམ་བུའི་བོད་ཀྱི་པར་གཞི་འདི་ཡིན་པ་དང༌། དེའི་སྟེང་ལོག་སྤྱོད་ཀྱི་རིགས་ཤིག་ཡིན་ཕྱིན་དེ་མ་གཏོར་ན་རང་བཞིན་གྱིས་དགྱེལ་གྱི་མ་རེད། འདི་ཡང་གད་ཕྱིས་བརྒྱབ་པ་དང་འདྲ་བར་མ་ཕྱག་ན། གད་སྙིགས་རང་བཞིན་གྱིས་མེད་པ་ཆགས་ཀྱི་མ་རེད་ཅེས་འཁོད་ཡོད།

ཟུར་ཟའི་རི་མོ་ཡང་གསར་བརྗེ་པས་བེད་སྤྱོད་བྱེད་ཡག་གི་དྲིལ་བསྒྲགས་ལག་ཆ་ཡག་ཤོས་ཤིག་ཡིན་པ་དང༌། དེར་སློབ་གསོའི་རང་བཞིན་དང་དགོད་དྲོའི་ནུས་པ་ལྡན་ཡོད་པས་ལྟ་དུས་སྒམ་བརླིང་གཟབ་ནན་ཡིན་རུང་དོན་དངོས་ཐོག་འཇིགས་སྐུལ་གྱི་གསར་བརྗེ་དེར་དགོད་བྲོའི་ཟློས་གར་གྱི་རྣམ་པ་རིམ་པ་ཞིག་འབྱུགས་ཡོད། དེས་ན་ལུས་པོ་ཡོངས་ལ་ནུས་ཤུགས་ཀྱིས་ཁེངས་པའི་ཡར་ལངས་ཞིང་བྲན་ཟེར་བས་ལྕགས་ཀྱི་ཕྱགས་མའི་འོག་བོད་ཀྱི་རྙིང་པ་བཞིའི་མཚོན་རྟགས་ཏེ་ཕར་གབ་ཚུར་གབ་ངང་ཡོད་པའི་དགེ་འདུན་པ་དབུ་རིལ་གཉིས་བཀོད་པའི་ནང་ནས་རི་མོ་གཅིག་ནི་༧གོང་ས་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཡིན་པ་གསལ་པོ་རེད་ལ། ཡང་གཅིག་ནི་པན་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པ་ཡིན་པ་གསལ་པོ་རེད། ཁོང་རྣམ་གཉིས་དང་མཆོད་རྟེན་གཅིག གྲངས་ལས་འདས་པའི་དཔེ་ཆ་ཚང་མ་གད་ཕྱིས་གཙང་མ་གཙང་རྐྱང་ཕྱགས་དགོས་ཟེར་བཀོད་ཡོད་པ་རེད།

ཟུར་ཟའི་རི་མོ་འདི་ཚོ་སུས་བྲིས་པ་རེད་དམ། ད་ཆ་ང་ཚོས་རི་མོ་བྲིས་མཁན་སུ་ཡིན་མིན་ཤེས་ཀྱི་མེད། ཡིན་ནའི་འབྲེལ་ཡོད་བོད་ཀྱི་སྐད་གྲགས་ཡོད་པའི་རི་མོ་མཁན་ཞིག་ཡིན་པ་གོ་ཐོས་ཡོད་པ་སྟེ། དེ་སྔ་༧གོང་ས་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་མཆོག་གི་སྐུ་བརྙན་བྲིས་གནང་མཁན་ཨ་མདོ་བྱམས་པ་ལགས་ཀྱི་སྐོར་ཡིག་ཐོག་ལ་མེད་ན་ཡང་ཁོང་གི་གནས་ཚུལ་ཞིག་ཐོས་མྱོང་ཡོད། བཤད་ཡག་ལ་རིག་གནས་གསར་བརྗེའི་སྐབས་ཁོང་ནས་ཟུར་ཟའི་རི་མོ་མང་པོ་བྲིས་ཏེ་དེ་རྗེས་རི་མོ་འདི་དག་ཨུ་ཡོན་ལྷན་ཁང་ཁག་ལ་བསྐྱལ་གྱི་ཡོད་པ་རེད་འདུག ཁོང་གི་ཟུར་ཟའི་རི་མོར་གསར་བརྗེའི་མང་ཚོགས་ཟེར་བས་ཧ་ཅང་གི་དགའ་པོ་བྱེད་ཀྱི་ཡོད།

དེ་སྔ་ལྷ་སར་ཡོད་པའི་རྒྱ་མི་རི་མོ་བྲིས་མཁན་གཡས་ཤིང་ཧྲིང་ལ་ངས་བཅར་འདྲི་བྱ་སྐབས་ཁོང་ནས་བརྗོད་ཡག་ལ་ཁོང་རང་གིས་སྐབས་དེ་དུས་དྲིལ་བསྒྲགས་རི་མོ་དང་ཟུར་ཟའི་རི་མོ་མང་པོ་བྲིས་མྱོང་ཡོད་པའི་ནང་རྣམ་དག་གསུམ་དང་ཚད་མེད་བཞི་ཟེར་བ་བྲིས་པ་དང༌། ད་དུང་མའོ་ཙེ་ཏུང་དང་ལིན་པེའོ་སོགས་གཙོ་འཛིན་གྱི་གཟུགས་བརྙན་བྲིས་མྱོང་ཡོད་ཅེས་དང༌། གུས་པའི་དྲིལ་བསྒྲགས་ཀྱི་རྒྱུ་ཆའི་ནང་འདྲ་པར་གཅིག་ཡོད་པ་འདིའི་སྟེང་ངས་བྲིས་པའི་ཨེན་གེ་སིའི་གཟུགས་བརྙན་མདུན་ང་རང་ལངས་ནས་བསྡད་ཡོད། གཙོ་བོ་མའོ་ཀྲུའུ་ཞི་བྲིས་པ་མ་ཟད། ངས་ལིན་པེའོ་ཡག་པོ་བྲིས་ཀྱི་ཡོད། དེ་ཡང་ལིན་པེའོ་མགོ་རྟིང་མ་སློག་གོང་ཁོ་པའི་གཟུགས་བརྙན་དངོས་འབྲེལ་བྲིས་པ་དང་ཁོ་པ་མགོ་རྟིང་སློག་པའི་རྗེས་ཁོ་པ་ཟུར་ཟའི་རི་མོའི་ཚུལ་དུ་བྲིས་ཀྱི་ཡོད།

འདྲ་པར་དེའི་ནང་ཟུར་ཟའི་རི་མོ་འདིའི་རྗེས་ལ་སྦྱག་མ་འཁྱེར་ནས་འགྲོ་མཁན་གྱི་ཕྲུ་གུ་འདི་ཚོ་ངལ་རྩོལ་གང་ཞིག་ལ་མཉམ་ཞུགས་བྱེད་མཁན་ཡིན་ནམ། གུང་ཁྲན་ཚོགས་པ་ནས་ཏཱ་ལའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་སྤྱིའི་རྩ་བ་འདི་མཐར་ཕྱིན་བསྔོག་དགོས་ཟེར་བའི་འབོད་སྐུལ་ལ་ཁོང་ཚོས་ཇི་ལྟར་དང་ལེན་བྱ་རྩིས་ཡོད་དམ།

སྤྱི་ལོ་༡༤༠༩ལོར་བོད་ཀྱི་ནང་ཆོས་ཀྱི་དགེ་ལུགས་གྲུབ་མཐའི་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནས་ལྷ་ལྡན་གཙུག་ཁང་དུ་བཟོ་བཅོས་དང་ལེགས་སྒྲིག་གཞི་རྒྱ་ཆེན་པོ་ཞིག་གནང་བའི་རྗེས་ཁྱད་པར་སྟོན་པ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་རིན་པོ་ཆེར་གསེར་གྱི་དབུ་རྒྱན་དང་ན་བཟའ་མཆོད་རྫས་སོགས་མཆོད་པ་སྣ་ཚོགས་གཤམས་གནང་བ་དང་དུས་མཚུངས་སྔོན་སྟོན་པ་ཤཱཀྱ་མུ་ནེས་རྒྱ་གར་གྱི་གྲོང་ཁྱེར་གཉན་ཡོད་དུ་མུ་སྟེགས་པའི་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་པ་ནས་རྒྱལ་ཁ་ཐོབ་པ་དེར་དྲན་གསོ་ཞུ་ཆེད་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔ་བར་མཆོད་པ་རྒྱ་ཆེན་པོ་དང་དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་རྣམ་དཀར་རྒྱ་ཆེ་སྤེལ་བའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་གཏོད་པ་གནང་ནས་བོད་ཀྱི་དགོན་སྡེ་གྲ་ཚང་དང་གྲུབ་མཐའ་ཁག་གི་དགེ་འདུན་པ་རྣམས་ནས་སྔ་རྗེས་ཉིན་བཅོ་ལྔའི་སྨོན་ལམ་ཚོགས་གནང་གི་ཡོད་པ་རེད།

སྨོན་ལམ་ཆེན་མོར་ཕེབས་མཁན་དགེ་འདུན་པ་ཧ་ཅང་མང་པོ་ཡོད་པའི་དབང་གིས་སྨོན་ལམ་གསུང་ཆོས་འདི་བཞིན་གཙུག་ལག་ཁང་གི་ལྷོ་ངོས་སུ་ཡོད་པའི་ཐང་ཆེན་ཐོག་གནས་སྤོས་ཞུས་ཏེ་དེ་ནས་བཟུང་རྒྱལ་བ་རིམ་བྱོན་དང་དགའ་ལྡན་ཁྲི་པ་ཚང་མ་ནས་ས་གནས་འདིར་གསུང་ཆོས་གནང་སྲོལ་ཡོད་པས་དེར་གསུང་ཆོས་རྭ་བ་ཞུ་ཡི་ཡོད་པ་རེད། ཡང་སྨོན་ལམ་ཆེན་པོ་འདི་ཡང་རིམ་པས་མུ་མཐུད་གནང་ཐུབ་པར་བརྟེན་རྒྱལ་མཆོག་ལྔ་པ་ཆེན་པོའི་རྗེས་ནས་ཉིན་ཉི་ཤུ་བར་དུས་ཚོད་རིང་རུ་བཏང་གནང་ཡོད་པ་རེད། སྨོན་ལམ་སྐབས་ལྷ་སའི་སེ་འབྲས་དགའ་གསུམ་སྟེ། འབྲས་སྤུངས་དང་སེ་ར། དགའ་ལྡན་དགོན་པ་བཅས་དང་དེ་བཞིན་དེ་མིན་གྱི་དགོན་པ་གྲ་ཚང་ནས་དགེ་འདུན་པ་ཁྲི་ཕྲག་མང་པོ་ལྷ་ལྡན་གཙུག་ལག་ཁང་དུ་འདུ་འཛོམས་གནང་ཏེ་གསུང་ཆོས་དང་མཚན་ཉིད་རྩོད་པ། སྨོན་ལམ་གཏོར་རྒྱག མར་ཚོན་གྱི་བཅོ་ལྔ་མཆོད་པ། བྱམས་པ་གདན་འདྲེན་སོགས་ཀྱི་ཆོས་ཕྱོགས་མཛད་སྒོ་ཁག་གནང་སྲོལ་ཡོད། གསུང་ཆོས་རྭ་བའི་མཚན་ཉིད་རྩོད་སར་རྣམ་པ་གཟི་བརྗིད་ཆེན་པོ་ཡོད་པ་དང་འདིའི་ཐོག་དགེ་ལུགས་གྲུབ་མཐའི་ཆེས་མཐོའི་མཚན་སྙན་ཏེ་དགེ་བཤེས་ལྷ་རམས་པ་གསར་པ་ཕྱག་དཔེ་མཁས་པ་སྐད་གྲགས་ཅན་དག་མཚན་རྟགས་དམ་བཅའ་ཕུལ་གྱི་ཡོད་པ་རེད། ལོ་གཅིག་དུས་གཅིག་གི་ལྷ་ལྡན་སྨོན་ལམ་ཆེན་མོ་འདི་རྒྱུན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚུགས་པ་གནང་གི་ཡོད་པ་རེད།

རིག་གནས་གསར་བརྗེའི་གོང་ལ་གསུང་ཆོས་རྭ་བ་ནི་ལྷ་སར་ཡོད་པའི་དགོན་པ་དང་ཕོ་བྲང་པོ་ཏཱ་ལ་ཕུད་རྡོ་གཅལ་གཏིང་བའི་ས་གནས་གཅིག་པུ་འདི་ཡིན་ཞིང། ཆེད་མངགས་སྨོན་ལམ་སྐབས་ཕེབས་མཁན་གྱི་གྲངས་ལས་འདས་པའི་དགེ་འདུན་པ་ཚོ་བཞུགས་ས་ཡིན་པ་རེད། འོན་ཀྱང་རིག་གནས་གསར་བརྗེའི་སྐབས་ས་ཆ་འདིར་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་བཏང་སའི་རྭ་བ་ཞིག་ཏུ་གྱུར་ཡོད་པས་གསར་བཙུགས་ཐང་ཆེན་ཞེས་མིང་བསྒྱུར་བྱས་ཡོད། རྗེས་ལ་ས་ཆ་འདིར་མང་ཚོགས་ཀྱི་ཚོགས་ཆེན་ཚོགས་པ་ཕུད། ད་དུང་ཐོག་མེད་པའི་གློག་བརྙན་སྟོན་ས་ཞིག་དང་སྒྱུ་རྩལ་རུ་ཁག་གི་འཁྲབ་སྟོན་ཁག་བོད་སྐད་ཐོག་བསྒྱུར་བའི་འཁྲབ་ཚན་<<ལྒང་བཞུ་དམར་པོ།>>ཟེར་བ་དང་དེང་དུས་ཀྱི་གསར་བརྗེའི་འཁྲབ་ཚན་<<དམར་པོའི་བུད་མེད་དམག>>ཟེར་བ་སོགས་འཁྲབ་སྟོན་བྱས་ཡོད།

སྤྱི་ལོ་༡༩༨༦ལོའི་ཟླ་བ་གཉིས་པར་ལོ་ངོ་ཉི་ཤུ་བཀག་འགོག་བྱས་པའི་ལྷ་ལྡན་སྨོན་ལམ་ཆེན་མོ་འདི་བཞིན་བསྐྱར་གསོ་ཐུབ་པ་བྱུང་ཡོད་པ་ཡིན་རུང། སྤྱི་ལོ་༡༩༨༩ལོའི་སྨོན་ལམ་ཆེན་མོའི་སྐབས་ཟིང་ཆ་ཟེར་བ་ལངས་ནས་བསྐྱར་དུ་མེད་པ་བཟོས་ཏེ་ད་ལྟ་བར་སྨོན་ལམ་ཆེན་མོ་འཚོགས་མྱོང་མེད་པ་རེད། ཡང་གསུང་ཆོས་རྭ་བར་ཉིན་རེ་བཞིན་ཚོང་པ་ཉི་ཚེ་བ་ཁག་རིམ་པས་འདུ་འཛོམས་བྱུང་ནས་ས་ཆ་སྟོང་པ་ཆུང་ཆུང་མ་གཏོགས་ལྷག་མེད། འདིར་འཛོམས་པའི་ཚོང་པ་ཆུང་ཆུང་ཚོ་ནི་ལྷོ་ཁའི་ཞིང་པ་ཡིན་པས་རང་ཉིད་ཀྱིས་ཐག་པའི་སྣམ་བུ་ས་གནས་ཀྱི་མི་དང་ཡུལ་སྐོར་བར་བཙོང་གི་ཡོད་ལ། ད་དུང་ས་ཆ་དེར་རྒྱ་མི་དང་ཁ་ཆེའི་ཚོང་པ་ཉི་ཚེ་བ་ཚོས་བཟོ་རྩལ་ཐོན་རྫས་ཀྱི་ཚོང་ཟོག་བཙོང་གི་ཡོད། གསུང་ཆོས་རྭ་བའི་གཡོན་ཕྱོགས་ཉེ་འཁྲིས་འདིར་བར་སྐོར་མངག་གཏོང་ཁང་(ཉེན་རྟོག་ལས་ཁུངས་)ཡོད་པ་རེད།

འདི་ནི་རྙིང་པ་བཞི་ཟེར་བ་གཏོར་བའི་ལས་འགུལ་ནང་གི་གསར་བརྗེའི་བྱ་སྤྱོད་ཟེར་བ་ཐོག་མ་འདི་ཡིན་པ་སྟེ། གཙུག་ལག་ཁང་གཏོར་མཁན་གྱི་དམར་སྲུང་དམག་ཁག་ཅིག་གིས་གསུང་ཆོས་རྭ་བར་མཉམ་དུ་འདྲ་པར་ལེན་པ།

དེ་སྔོན་ཚོན་མདོག་ངུར་སྨིག་གི་གྲ་ཆས་བཞེས་པའི་དགེ་འདུན་པ་ཁྲི་ཕྲག་འདུ་འཛོམས་གནང་སའི་རྭ་བ་འདི་ད་ཆ་དེ་སྔའི་རྣམ་པའི་ཤུལ་ཙམ་ཡང་མ་ལྷག་པར་གྱུར་ཡོད། དེ་སྔ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བླ་སྤྲུལ་རྣམ་པའི་བཞུགས་ཁྲི་ཡོད་སའི་སྡིངས་ཆའི་སྟེང་རིག་གནས་གསར་བརྗེའི་སྐབས་མའོ་ཙེ་ཏུང་གི་འདྲ་པར་དང་དམག་བརྡ་གཏོང་ཡིག་ཟེར་བའི་སྒོ་བྱང་ཆེན་པོ་དེས་ཚབ་བྱས་ཡོད་པ་དང་། མཐར་ཕྱིན་པའི་སྒོ་ནས་འཛམ་གླིང་རྙིང་པ་འདི་གཏོར་ཕམ་གཏོང་དགོས། ང་ཚོས་འཛམ་གླིང་གསར་པའི་བདག་པོ་བྱེད་དགོས་ཟེར་བའི་སྦྱར་ཡིག་མཐོན་པོར་བསྒྲེངས་ནས་ཡོད་པ་དེ་གཙུག་ལག་ཁང་གི་གྱང་དམར་དང་གསེར་ཟངས་རྒྱ་ཕིབས་ལས་མངོན་གསལ་དོད་པ་འདུག འཁྲུག་ཆ་དོད་པོ་འདིར་ལྟད་མོ་ལྟ་བཞིན་པའི་ཕྲུ་གུ་ཁྱུ་གཅིག་དང་མགོ་རས་གྱོན་པའི་བུད་མེད་བདུན་བརྒྱད་ཙམ་གྱིས་དེའི་ནང་འཚང་ཀ་ཤིག་ཤིག་ངང་བསྡད་ཡོད་པ་ཕུད།(ཁོང་ཚོ་ནི་བར་སྐོར་ལམ་བརྒྱུད་ཀྱི་གྲོང་མི་ཡིན་པ་རེད།) ཤིང་སྡོང་ལྟ་བུ་ལངས་ནས་ཡོད་པའི་དར་དམར་དང་མདུང་རིང་སྦོད་དམར་ཅན་གྱི་ཁྲོད་ཕར་ལྟ་ཚུར་ལྟ་བྱེད་མཁན་རེ་རེ་དང་བྱིས་པའི་བློ་ཡིས་ཁེངས་པའི་ན་གཞོན་འདི་རྣམས་ཚང་མ་ཕལ་ཆེར་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཡིན་ས་རེད།

དྲིལ་བསྒྲགས་རུ་ཁག་དང་རིག་རྩལ་རུ་ཁག་ཆུང་ཆུང་དེ་ཚོ་གསར་བརྗེར་དགོས་མཁོ་ཆེ་བའི་མེད་དུ་མི་རུང་བའི་ལག་ཆའི་གྲས་ཤིག་ཡིན་པ་རེད། རྩོམ་པ་པོ་ཞིག་ནས་གསུངས་པ་བཞིན་གསར་བརྗེ་བ་ཡིན་ཕྱིན་ཚང་མ་སྦྱར་ཡིག་འབོད་ཚིག་བཟོ་མཁས་ཤིང་གསར་བརྗེའི་ཐ་སྙད་བཟོ་མཁས་པ་དང་ཆབ་སྲིད་ལས་འགུལ་སྤེལ་མཁས་པོ་ཡོད་དགོས་པ་མ་ཟད། ད་དུང་ཚར་རྒྱུ་རྫོགས་རྒྱུ་མེད་པའི་འདུ་འཛོམས་དང་དགའ་སྤྲོ་རབ་ཏུ་སྐྱེ་པ་བཟོ་རྒྱུ་དེ་ཡིན། དེ་མིན་ཡང་མང་ཚོགས་སེམས་འགུལ་ཐེབས་ཐུབ་པའི་གསར་བརྗེའི་གླུ་གཞས་གྲངས་ལས་འདས་པ་ཞིག་བཟོ་མཁས་པོ་དགོས་ཀྱི་ཡོད་ཅིང༌། དེར་བརྗོད་པའི་ལུས་པོར་བོད་ཆས་གྱོན་ནས་ཡར་ལངས་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་པ་ཟེར་བ་མངོན་པར་བྱེད་མཁན་གྱི་སློབ་འབྲིང་སློབ་མ་ཚོས་སེམས་འགུལ་ཆེན་པོའི་སྒོ་ནས་གླུ་གཞས་འདི་ལྟར་བཏང་གི་ཡོད་པ་སྟེ།

པེ་ཅིང་གསེར་གྱི་རི་ནས་ཉི་འོད་ཕྱོགས་བཞིར་ཁྱབ།

མའོ་ཀྲུའུ་ཞི་གསེར་གྱི་ཉི་མ་ཡིན།

འདི་འདྲའི་དྲོ་སྐྱིད། འདི་འདྲའི་བྱམས་བརྩེ།

ང་ཚོ་ཞིང་བྲན་གྱི་སེམས་ལ་ཉི་འོད་འཕྲོས།

ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་ཐོག་གོམ་པ་ཆེན་པོ་སྤོས་ནས་སྐྱོད་ཀྱི་ཡོད་ཟེར་བ་དེ་ཡིན།

ཐལ་མོ་བརྡབ་བཞིན་ཡོད་པའི་བུ་མོ་གཉིས་པོ་ནི་ལྷ་ས་སློབ་འབྲིང་གི་དྲིལ་བསྒྲགས་རུ་ཁག་གི་འཁྲབ་སྟོན་པ་ཡིན་ཞིང་འདྲ་པར་འདིའི་སྟེང་གི་རྒྱབ་ལྗོངས་ནི་གསུང་ཆོས་རྭ་བ་རེད་འདུག

དཔའ་ཉམས་བརྗིད་ཆགས་ལྡན་པའི་དམར་སྲུང་དམག་ཚོ་གསུང་ཆོས་རྭ་བར་རུ་སྟར་སྒྲིག་ནས་འདུ་འཛོམས་བྱས་ཏེ་ཉི་འོད་ཀྱིས་མདུང་རིང་སྦོད་དམར་ཅན་གྱི་གྲིབ་གཟུགས་འདི་དམར་སྲུང་དམག་བུ་མོ་འདིའི་དཔུང་པའི་སྟེང་འཁེལ་བ་དེས་ཉི་མ་ཚ་པོ་ཡོད་པ་མཐོང་ཐུབ།

འདི་ནི་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རྭའི་མཐིལ་ཡིན་པ་དང༌། ལྷ་སའི་དམར་སྲུང་དམག་གིས་རྙིང་པ་བཞི་གཏོར་བའི་ཉིན་མོ་དེར་བཤིག་གཏོར་གྱིས་ལྟ་བཟོ་འདི་བཟོ་མེད་པར་གྱུར་བའི་སྐུ་འདྲ་དང་ཆོས་རྫས། མཆོད་ཆས། དེ་བཞིན་ནང་ཆོས་ཀྱི་མཚོན་རྟགས་དངོས་པོ་སོགས་གང་སར་སྤུངས་ནས་བཞག་ཡོད་པ་དང༌། བརྗོད་ཡག་ལ་མང་པོ་ཞིག་ནི་ཐོག་ཁའི་ལྷ་ཁང་ནང་ནས་དབོར་ཏེ་གཤམ་ལ་དབྱུགས་པ་རེད་འདུག ཐོག་རྩེགས་གཉིས་པའི་སྟེང་ཡོད་པའི་མི་བཅུ་གྲངས་འདི་རྣམས་ཚང་མ་དམར་སྲུང་དམག་ཡིན་ཞིང༌། དེའི་ནང་ད་དུང་སྐྲ་ལ་ལྷས་མ་རྒྱབ་པའི་དམར་སྲུང་དམག་བུ་མོ་འགའ་ཤས་འདུག་པ་དང༌། ད་དུང་མི་གཉིས་ཡོད་པ་འདི་ལྟ་དུས་ས་ལ་ཙོག་ཙོག་བྱས་ནས་བསྡད་པ་འདྲ་པོ་ཞིག་དང་ཡང་ན་གཟུགས་པོ་ཆུང་ཆུང་གི་ཕྲུ་གུ་འདྲ་བས་ལག་ཏུ་ཅ་དངོས་འཁྱེར་ནས་གཤམ་ལ་དབྱུག་གྲབས་ཡོད་པ་འདྲ། ཤོད་དུ་མངོན་གསལ་དོད་ལ་ལག་ཏུ་མདུང་རིང་འཁྱེར་པའི་དམར་སྲུང་དམག་བུ་གསུམ་འདུག་པ་དང༌། ཁུག་འཁྱོག་ཟུར་ཞིག་ལ་ད་དུང་དམག་ཆས་གྱོན་པ་འདྲ་པོ་དང་ཡང་དམག་ཆས་མ་གྱོན་པའི་དམག་མི་འདྲ་བའི་མི་བཞིའི་རྒྱབ་མཐོང་རྒྱུ་འདུག

སྲོལ་རྒྱུན་ལྟར་བྱས་ན། བོད་ཟླ་དང་པོའི་ནང་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རྭའི་མཐིལ་ལ་སྨོན་ལམ་ཆེན་མོ་ཚུགས་ས་ཡིན་པ་དང༌། སྐབས་དེ་དུས་ཚོན་མདོག་རྒྱ་མུག་གི་ཟླ་གམ་བཞེས་པའི་དགེ་འདུན་པ་ཁྲི་ཚོ་འགའ་ཤས་འདིར་མཐའ་སྐོར་ནས་བཞུགས་ཏེ་མགྲིན་དབྱངས་གཅིག་གི་ཐོག་ནས་ཞལ་འདོན་སྨོན་ལམ་རྒྱ་ཆེ་མཛད་ཀྱི་ཡོད། ཁྱམས་རྭའི་མཐིལ་ལ་གཙོ་བོ་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོ་ཚོགས་ཞུགས་གནང་བ་དང་དེ་མིན་དགོན་པ་ཁག་གི་དགེ་འདུན་པ་ཚོ་སྐོར་ལམ་དང་ཐོག་ས་ཉིས་ཐོག་ལ་བཞུགས་ཀྱི་ཡོད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ལྷ་ལྡན་གཙུག་ལག་ཁང་གི་ཐོག་རྩེགས་གསུམ་པའི་སྟེང་ཡོད་པའི་མཐའ་སྐོར་ལ་རས་ཡོལ་གསེར་པོ་སྐྱོན་པ་དང་གསེར་འོད་འཕྲོ་བའི་ཉི་འོད་གཟིམ་ཆུང་ནང་བཞུགས་གདན་འཇག་གི་ཡོད། ཡང་སྨོན་ལམ་ཚུགས་སྐབས་ཁྱམས་རྭའི་གཡོན་ཕྱོགས་སུ་ཡོད་པའི་གསེར་ཁྲིའི་སྟེང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞུགས་སུ་གསོལ་ནས་ལོ་གཅིག་དུས་གཅིག་གི་ལྷ་ལྡན་སྨོན་ལམ་ཆེན་མོ་འདི་དབུ་ཚུགས་གནང་གི་ཡོད་པ་རེད།

སྤྱི་ལོ་༡༩༨༩ལོའི་ཟླ་བ་གསུམ་པའི་ནང་འདིར་ལྷ་ལྡན་སྨོན་ལམ་ཆེན་མོ་མཐའ་མ་འདི་ཚུགས་ཡོད་པ་དང༌། དེ་དུས་ཟིང་ཆ་སློང་བ་ཟེར་བ་འདིའི་རྐྱེན་གྱིས་ལྷ་ལྡན་སྨོན་ལམ་ཆེན་མོ་རྗེས་ལ་འཚོགས་བཅུག་མེད་པ་རེད། སྐབས་དེའི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་གྱི་མི་སྣ་ཞིག་ནས་རང་ཉིད་ཀྱི་མཐོང་ཐོས་མྱོང་བའི་དེབ་ཅིག་ནང་གསུངས་དོན་ལ། ཟིང་ཆ་བྱུང་རྐྱེན་གྱི་མེ་ལྕེ་ནི་ལྷ་ལྡན་སྨོན་ལམ་ཆེན་མོ་མཇུག་སྒྲིལ་གྱི་ཉིན་མོ་འདིར་བོད་ཀྱི་བོད་པའི་དཔོན་རིགས་མཐོ་གྲས་ཤིག་གིས་པེ་ཅིང་ནས་ཡིན་པའི་རྒྱ་མིའི་དཔོན་རིགས་ཁག་ཅིག་འཁྲིད་དེ་གང་བྱུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉི་འོད་གཟིམ་ཆུང་ནང་འཛུལ་ནས་སྒེའུ་ཁུང་གི་ཤེལ་ཡོལ་གསེར་པོ་ཁ་ཕྱེས་བ་མ་ཟད། ད་དུང་སྒེའུ་ཁུང་ནང་ནས་ཕྱི་ལ་གང་སར་ལྟ་བཞིན་ཡོད་པ་མདུན་ཕྱོགས་སུ་ཡོད་པའི་དགེ་འདུན་པ་མང་པོས་གཟིགས་ནས་འདི་ནི་ཁྱད་གསོད་ཆེན་པོ་དང་ཕོག་ཐུག་བཏང་བར་ངོས་འཛིན་གྱིས་ཁོང་ཁྲོའི་མེ་ལྕེ་འབར་ཡོད་པ་རེད། སྐབས་དེར་དགེ་འདུན་པ་ཚོའི་མི་འདོད་པའི་རྣམ་འགྱུར་བཀག་འགོག་བྱེད་ཆེད་ལག་ཏུ་མཚོན་ཆ་འཁྱེར་བའི་རྒྱ་ནག་གི་དམག་དཔུང་ནས་གཙུག་ལག་ཁང་ནང་ཧམ་འཛུལ་བྱས་ཏེ་ཁོ་པ་ཚོས་ཁ་བྲལ་རིང་ལུགས་པ་ཞེས་འབོད་པའི་དགེ་འདུན་པ་གྲངས་ལས་འདས་པར་ཉེས་རྡུང་དང་འཛིན་བཟུང་བྱས་ཡོད། དེའི་སྐབས་གཉེར་ཚང་ནང་ཡིབ་ནས་ཉེས་རྡུང་ཕོག་མེད་པའི་དགེ་འདུན་པ་ཞིག་ནས་གསུངས་དོན་ལ། ཉིན་གཉིས་པ་དེར་ཡིབ་ནས་སྡོད་སའི་གཉེར་ཚང་དེ་ནས་ཕྱིར་ཐོན་སྐབས་སྟོང་ལྷང་ལྷང་ཆགས་པའི་ཁྱམས་རྭའི་མཐིལ་ལ་གང་སར་ཚོགས་ཕོར་དང་དགེ་འདུན་པ་ཚོའི་སྐུ་གཟན། ཞབས་ཆགས་ལ་སོགས་པ་ཐོར་ནས་ཡོད་པ་འདི་རྣམས་ཚང་མ་བྲེལ་འཚུབ་ངང་བྲོས་ཕེབས་མཁན་གྱི་དགེ་འདུན་པ་ཚོས་ལུས་པ་རེད་འདུག་ལ། དེ་བས་ཧང་སངས་བ་ཞིག་ལ། ས་སྟེང་དུ་ད་དུང་ཁྲག་རྗེས་ཡོད་པ་འདི་རྣམས་འཁྱགས་པ་ཐེབས་བཞག

དེང་སང་ཁྱམས་རྭའི་མཐིལ་ལ་རྒྱུན་དུ་ནས་གཙང་སྦྲ་དོད་ཅིང་ཁ་ཁུ་སིམ་པོ་ཡོད་པ་མངོན་ན་ཡང་ཆོས་ཕྱོགས་ཀྱི་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་དམིགས་བསལ་གྱི་འཚང་ཀ་ཆེན་པོ་ཡོད་ལ། བོད་ཀྱི་ས་ཕྱོགས་ཁག་ནས་ཡོང་བའི་དད་ལྡན་པ་ཚོས་རུ་སྟར་རིང་པོ་སྒྲིག་ནས་ཇོ་བོ་རིན་པོ་ཆེ་མཇལ་བར་ཡོང་གི་ཡོད། གཙུག་ལག་ཁང་གི་དབུས་སུ་གནས་པའི་ཇོ་བོ་རིན་པོ་ཆེའི་ལྷ་ཁང་ལ་ཆོས་མཇལ་ཞུ་ཐུབ་པའི་ཆེད་བོད་ཀྱི་ས་ཕྱོགས་གང་ས་ནས་ཡོང་བའི་བོད་མི་དད་ལྡན་མང་ཚོགས་ཚོས་ལམ་ཐག་རིང་པོའི་དཀའ་ཚེགས་ལ་མ་འཛེམ་པར་གནས་མཇལ་ལ་ཡོང་གི་ཡོད་པའི་ཐོག་ཐ་ན་གནས་མཇལ་གྱི་ལམ་བར་ལ་རྐྱང་ཕྱག་ཕུལ་ནས་ཡོང་མཁན་ཚོ་ཡང་མཐར་ཁ་ཕྱོགས་ས་ནི་ལྷ་ལྡན་གཙུག་ལག་ཁང་ཡིན་པ་རེད། དེ་བཞིན་ལྷ་སའི་ཉེ་འཁོར་གྱི་དགོན་སྡེ་དང་ཁྱིམ་ཚང་ཁག་ནས་ཞབས་བརྟན་ལ་གདན་ཞུ་བྱས་པའི་དགེ་འདུན་པ་བཅས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་སྐྱོང་བཞིན་ཡོད་རུང༌། གཞུང་ཕྱོགས་ནས་བཏང་འཛིན་བྱས་པའི་དབང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་གཞི་ཁྱོན་ཡང་རིམ་པས་ཆུང་རུ་ཕྱིན་ཡོད།

དམར་སྲུང་དམག་བུ་མོ་འདི་གཉིས་ནང་ནས་གཡོན་ཕྱོགས་སུ་ཡོད་པ་ཁོང་ཚོང་པ་ཆེན་པོའི་ཁྱིམ་ཚང་ནས་ཡིན་པ་དང་ད་ལྟ་བར་སྐོར་ཁུལ་གྱི་མི་སེར་དཀྱུས་མ་ཞིག་རེད། གཡས་ཕྱོགས་སུ་ཡོད་པ་ཁོང་ཡང་ཚོང་པ་ཆེན་པོའི་ཁྱིམ་ཚང་ནས་ཡིན་ཞིང་ད་ལྟ་རྒས་ཡོལ་ཞུས་ཟིན་པའི་ལས་བྱེད་པ་ཞིག་རེད། ཞིབ་ཕྲ་ལྟ་སྐབས་ཁོང་གཉིས་ནི་མདུན་གྱི་འདྲ་པར་ནང་ཡོད་པའི་གཙུག་ལག་ཁང་གི་ཐོག་རྩེགས་གཉིས་པའི་སྟེང་ལངས་ཏེ་གཤམ་འོག་ལ་རྙིང་པ་བཞི་གཏོར་ནས་དབྱུག་མཁན་ནང་གི་དམར་སྲུང་དམག་གཉིས་པོ་འདི་རེད་འདུག ཁོང་གཉིས་ཀྱི་མིག་གི་ལྟ་ཕྱོགས་ནས་གཤམ་འོག་ལ་བལྟས་ན་གྲངས་ལས་འདས་པའི་ནང་ཆོས་ཀྱི་རྩ་ཆེའི་ཆོས་རྫས་རྩ་གཏོར་བཏང་ཏེ་ཕུང་གསོག་བྱེད་སའི་ཁྱམས་རྭའི་མཐིལ་ལ་ལྟ་ཡི་ཡོད་ས་རེད། གཡས་སུ་ཡོད་པའི་ན་གཞོན་བུ་མོ་འདིའི་སྟོད་ཐུང་སྟེང་ད་དུང་ཐལ་བ་ཡང་མང་པོ་འགོས་འདུག ཁོང་གཉིས་ལས་འགུལ་འདིའི་ནང་རྣམ་འགྱུར་ཡག་པོ་བྱུང་བའི་དབང་གིས་ལམ་སེང་དམར་སྲུང་དམག་ནང་བཅུག་པ་ཞིག་མིན་ནམ།

ལྷ་ལྡན་གཙུག་ལག་ཁང་གི་ཐོག་ཁའི་གསེར་ཟངས་ཀྱི་རྒྱ་ཕིབས་སྟེང་ལག་ཏུ་ལྕགས་ཀྱི་སྦར་མོ་འཁྱེར་ནས་ཤུགས་ཆེན་པོས་རྒྱ་ཕིབས་བཏོར་བཞིན་པའི་དམར་སྲུང་དམག་བུ་མོ་འདི་སུ་ཡིན་ནམ། འདྲ་པར་འདི་གཞོགས་གཅིག་མ་གཏོགས་གསལ་པོ་མི་མཐོང་བའི་རྐྱེན་གྱིས་མི་མང་པོས་གསལ་པོ་བརྗོད་ཐུབ་ཀྱི་མི་འདུག མཐར་སྤྱི་ལོ་༢༠༠༤ལོའི་བོད་ཀྱི་ལོ་གསར་སྐབས་ལྷ་སར་ཁྱིམ་ཚང་མི་འདྲ་བ་གཉིས་ནང་སྐྱོད་པ་དང་འདྲ་པར་འདིར་གཟིགས་གནང་མཁན་ཚང་མ་ནི་སྐབས་དེ་དུས་ཀྱི་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཡིན་པས་ཁོ་མོ་ལམ་སེང་ངོ་ཤེས་སོང༌། ཁོ་མོ་ནི་ཀླུ་སྒུག་ཨུ་ཡོན་ལྷན་ཁང་ཁོངས་སུ་གནས་སྡོད་བྱེད་མཁན་བུ་མོ་ཞིག་ཡིན་པ་དང༌། སྐྱེ་ཁུངས་ནི་ཡར་ལངས་ཞིང་བྲན་གྱི་ཁྱིམ་ཚང་ནས་ཡིན་པ་རེད་ལ། ལྷ་ས་སློབ་འབྲིང་ནང་ཧུར་བརྩོན་ཆེ་ཤོས་དང་གང་ཡང་བྱེད་ཕོད་མཁན་གྱི་སློབ་ཕྲུག་ཅིག་རེད་འདུག དྲག་པོའི་འཐབ་རྩོད་སྐབས་མཉམ་འབྲེལ་བཀོད་འདོམས་ཚོགས་པའི་ཁོངས་ཀྱི་གཤམ་འོག་སྒྲིག་བཙུགས་ཀྱི་འགོ་འཛིན་ཡིན་ཞིང་རྗེས་ལ་རྒྱ་ནག་དབུས་རྒྱང་བསྒྲགས་ལས་ཁུངས་ཀྱི་རྒྱང་བསྒྲགས་བཤད་མཁན་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་བཤད་མཁན་བྱེད་མྱོང་ཡོད། ད་ལྟ་རྒས་ཡོལ་བྱས་ཏེ་པེ་ཅིང་དུ་ཡོད་པ་རེད།

འདི་གཙུག་ལག་ཁང་གི་མདུན་ངོས་རེད། འདྲ་པར་འདི་དང་མདུན་གྱི་ཤོག་གྲངས་བཅོ་བརྒྱད་ཐོག་གི་འདྲ་པར་གཉིས་བསྡུར་བ་ཡིན་ན་གཞི་ནས་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་མཐོང་ཐུབ་ཀྱི་རེད། གཡག་གི་རྩིད་སྐུད་བསྒྲིམས་ནས་བརྒྱན་པའི་ཐོག་སྟེང་གི་ཐུག་མེད་པར་གྱུར་ཡོད་ལ། ཐོག་ཁའི་སྟེང་གཡས་གཡོན་གཉིས་སུ་ཡོད་པའི་གསེར་ཟངས་ཀྱི་གྷན་ཇི་ར་གཉིས། དེ་བཞིན་དཀྱིལ་དུ་ཡོད་པའི་ཆོས་འཁོར་དང་རི་དྭགས་ཕོ་མོ། གཡས་གཡོན་གཉིས་ལ་ཡོད་པའི་རྣམ་བཅུ་དབང་ལྡན་བཅས་ཚང་མ་མཐོང་རྒྱུ་མེད་པར་གྱུར་ཡོད། ཡིན་ནའི་སྐར་ལྔའི་དར་དམར་ད་དུང་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་ལ། ཡང་ལག་པར་གདུང་དམར་པོ་འཁྱེར་པའི་དམར་སྲུང་དམག་མི་ཉི་ཤུ་ཙམ་གྱིས་མའོ་ཙེ་ཏུང་གི་འདྲ་པར་ཆེན་པོ་ཞིག་གཙུག་ལག་ཁང་གི་ཐོག་སྟེང་ལ་བསྐྱལ་བཞིན་འདུག ཐོག་ཁ་ནས་གཤམ་འོག་ལ་བལྟས་ན། གྱང་དམར་པོའི་སྟེང་ཚགས་བརྒྱབ་པའི་གསེར་ཟངས་ཀྱི་རྣམ་བཅུ་དབང་ལྡན་ནི་བོད་ཀྱི་ནང་ཆོས་ཀྱི་མཚོན་རྟགས་གྲས་ཤིག་ཡིན། རྣམ་བཅུ་དབང་ལྡན་ནི་ཁམས་གསུམ་ཀྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའི་དོན་སྙིང་དང་སྟོབས་ཤུགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེར་རྐྱེན་ངན་བར་ཆད་འགོག་པ་དང་དགེ་ཤིང་བཀྲ་ཤིས་པ་ཡོང་བ་སོགས་ཀྱི་ཕན་ཡོན་ལྡན་ཡོད། གཡས་ཕྱོགས་སུ་ཡོད་པ་འདིའི་ནང་གི་རྣམ་བཅུ་དབང་ལྡན་བཀོག་ཚར་འདུག གཡོན་ཕྱོགས་འདི་བཀོག་བཞིན་པའི་སྒང་རེད་འདུག

ལོ་འདབ་རྒྱས་པའི་ཤིང་སྡོང་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་ཤོས་ཀྱི་ཤིང་སྡོང་ཐང་གི་རྒྱ་ལྕང་ཟེར་གྱི་ཡོད་ལ། ཡང་བཤད་སྲོལ་གཞན་ཞིག་ལ་སྲས་མོའི་རྒྱ་ལྕང་ཡང་འབོད་ཀྱི་ཡོད། བཤད་སྲོལ་ལ་འདི་ནི་༡༣༠༠ལོའི་གོང་ཐག་རིང་ནས་བོད་ལ་མནའ་མར་ཡོང་མཁན་བོད་པ་མ་ཡིན་པའི་བུ་མོ་ཞིག་གིས་ཐང་རྒྱལ་རབས་ཀྱི་རྒྱལ་ས་གྲང་ཨན་ནས་མཉམ་དུ་ལྷ་སར་འཁྱེར་ཡོང་ཏེ་ཁོང་སྐུ་ངོ་མས་རྩ་སྤོས་རྒྱབ་པ་ཞིག་རེད་ཟེར། གཞན་ཡུལ་ནས་བོད་ནང་ཡོང་མཁན་གྱི་བུ་མོ་འདི་མཐར་ལྷ་སྒྲུང་ལྟར་གྱི་འུན་ཤིང་ཀོང་ཇོ་ཆགས་པ་རེད། ཡང་བོད་མི་ཚོས་ཤིང་སྡོང་འདིར་ཇོ་བོའི་དབུ་སྐྲ་ཡང་འབོད་ཀྱི་ཡོད། དེའི་གོ་དོན་ནི་ལྷའི་དབུ་སྐྲ་ལྟ་བུར་རྩིས་པ་དང་རྒྱུ་མཚན་ནི་འུན་ཤིང་ཀོང་ཇོས་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་འདྲ་ཞིག་གདན་འདྲེན་ཞུས་ཡོད་པའི་དབང་གིས་ཡིན་པ་དང༌། ཡིན་ནའི་ད་ལྟ་ཡན་ཁ་སོགས་གང་ཡང་མེད་པའི་ཤིང་སྡོང་སྐམ་པོ་ཞིག་ལས་ལྷག་མེད་པ་རེད། དེ་སྔོན་ས་ཆ་འདིའི་མདུན་ངོས་སུ་རྒྱ་ལྕང་གཞན་ཞིག་སྐྱེ་ཡོད་པ་འདི་རིག་གནས་གསར་བརྗེ་ཚར་བའི་རྗེས་ས་ཆ་གང་ནས་རྩ་སྤོས་རྒྱབ་པ་ཡིན་མིན་མ་ཤེས་ཀྱང་དེ་སྔོན་གྱི་རྒྱ་ལྕང་འདིའི་ཚབ་ཡིན་པ་འདྲ།

སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༤ཉིན་ཏག་ཏག་ལྕང་སྡོང་དེར་སྐྱོན་བཏང་པའི་ཉིན་མོ་འདི་ཡིན། ལོ་འདབ་རྒྱས་པའི་རྒྱ་ལྕང་གི་ཡན་ཁ་བཅག་སྟེ་གསུང་ཆོས་རྭ་བའི་ནང་སྤུངས་ནས་ཕྱག་དཔེ་དང་དར་ལྕོག དེ་བཞིན་མ་ཎིའི་གཟུངས་བཅས་མེར་བསྲེགས་གཏོང་ཆེད་བེད་སྤྱོད་བྱས་ཤིང༌། དེ་ནས་དུས་ཡུན་རིང་པོ་མ་སོང་བར་ཤོག་ཁ་གཉིས་སུ་དབྱེ་བ་ཕྱེ་བའི་གསར་བརྗེའི་མང་ཚོགས་ཀྱི་དྲག་པོའི་འཐབ་རྩོད་འགོ་ཚུགས་པས་ཤོག་ཁ་གཉིས་ཀས་མཚོན་ཆ་འུར་རྡོ་ཕུད་ད་དུང་ཞིང་ནང་གནོད་འབུ་གསོད་ཆེད་ཀྱི་ཞིང་སྨན་༦༦ཕྱེ་མ་བེད་སྤྱོད་བྱས་ཡོད་པ་རེད། ཞིང་སྨན་འདི་གསར་བརྗེའི་མང་ཚོགས་ཀྱི་མགོ་དང་གང་སར་བཤོས་པ་མ་ཟད། ད་དུང་ལོ་ངོ་སྟོང་ཕྲག་ཙམ་འཚོ་གནས་ཟིན་པའི་ཐང་གི་རྒྱ་ལྕང་གི་ཡན་ཁའི་སྟེང་ལ་ཡང་བཤོས་པར་བརྟེན་སྐད་གྲགས་ཡོད་པའི་ཤིང་སྡོང་རྙིང་པ་འདི་སྐམ་ནས་ཤི་པ་རེད་ལ། དེ་ནས་བཟུང་མི་ཚོའི་བཤད་རྒྱུན་དང་དེབ་ནང་དབེན་པོར་གནས་ཡོད།

ཡིན་ནའི་དེ་མིན་གྱི་དཔང་པོ་གཞན་ཞིག་ད་དུང་གནས་ཡོད་པ་སྟེ། ཐང་བོད་མནའ་འབྲེལ་རྡོ་རིང་(ཚ་ཞང་རྡོ་རིང་)འདི་ཡིན་པ་དང༌། སྤྱི་ལོ་༨༢༣ལོར་བོད་ཀྱི་ཆོས་རྒྱལ་ཁྲི་རལ་པ་ཅན་དང་ཐང་རྒྱལ་རབས་དབར་ས་མཚམས་དབྱེ་བ་གསལ་པོ་ཕྱེས་ཐུབ་པའི་ཆེད་ཕན་ཚུན་བཙན་འཛུལ་བྱེད་རྒྱུ་མིན་པར་འཆམ་མཐུན་ངང་ཁ་དན་ཚིག་ལ་གནས་པའི་ཐོག་ནས་དམ་བཅའ་མནའ་སྐྱེལ་མཚོན་པའི་རྡོ་རིང་འདི་ཆེད་དུ་བཞེངས་ཡོད་པ་རེད། འདྲ་པར་སྟེང་ཤིང་སྡོང་འདིའི་འོག་རྡོ་ཡིས་ལྕགས་རིས་མཐའ་སྐོར་བའི་ནང་ཡར་ཕྱེད་ཀ་ཙམ་འདོན་ནས་ཡོད་པ་འདི་རྡོ་རིང་རྙིང་པ་དེ་རེད། རྡོ་རིང་དེའི་སྟེང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཕན་ཚུན་གྱི་འདོད་འདུན་གསལ་པོ་བཀོད་ཡོད་པ་ཡིན་རུང༌། ད་ཆ་ཉི་མ་དང་ལྷགས་པའི་འོག་དུས་ཡུན་རིང་པོ་སོང་བར་བརྟེན་ངོ་ཤེས་ཁག་པོ་ཆགས་ཡོད་པ་དང༌། ད་དུང་ཡང་ནས་ཡང་དུ་རྡོ་ཡི་རྩིག་པ་མཐོ་པོ་བརྩིས་ཏེ་མཐོང་རྒྱུ་མེད་པ་བཟོས་ནས་སྒོ་རྒྱབ་ཡོད་ན་ཡང་གང་ལྟར་རྡོ་རིང་དེས་སྔར་རྒྱལ་རབས་ལོ་རྒྱུས་ཐོག་རྒྱལ་ཁབ་གཉིས་ཕན་ཚུན་གང་འདྲ་བྱས་ནས་འཆམ་མཐུན་ངང་མཉམ་གནས་ཐུབ་པའི་དྲན་སྐུལ་གཏོང་བཞིན་ཡོད། གྱང་གི་ཕྱི་ལ་ཡོད་པའི་རྡོ་རིང་ཆེན་པོ་འདི་ལྷ་འབྲུམ་བཙུགས་རྒྱུར་བསླབ་བྱ་གཏོང་བའི་རྡོ་རིང་ཞིག་ཡིན་ཞིང། རྡོ་རིང་འདི་ནི་ཆིང་རྒྱལ་རབས་ཀྱི་ཇན་ལུང་དུས་སྐབས་སུ་ལྷ་འབྲུམ་ནད་ཀྱིས་མནར་ཏེ་མི་མང་པོའི་ཚེ་སྲོག་ཤོར་བའི་བགེགས་བར་བྱུང་བར་བརྟེན་བོད་ལ་བཅའ་སྡོད་བློན་ཆེན་ཧེ་ལིན་ཀྲོན་ནས་རྡོ་རིང་འདི་འདྲ་ཞིག་བཞེངས་ཏེ་བོད་ལ་ཁོངས་གཏོགས་བདག་དབང་ཡོད་ཁུལ་བྱེད་མཁན་གྱི་མན་ཆིང་རྒྱལ་རབས་ཀྱིས་ཕྱི་ཚུལ་རྣམ་པ་ཙམ་གྱི་ཐུགས་འཁུར་བྱས་ཡོད་ལུགས་སྟོན་པ་ཞིག་རེད།

རྒྱ་ལྕང་རྙིང་པ་དེའི་ཕྱོགས་གཞན་འདིར་ཡོད་པའི་བོད་ཁང་དེའི་མིང་ལ་དཔལ་འབྱོར་རབ་བརྟན་ཟེར་གྱི་ཡོད། དེ་སྔོན་པན་ཆེན་ནང་མ་ཁང་གི་འབྲེལ་ཡོད་མི་སྣ་ཚོ་ལོ་རབས་ལྔ་བཅུའི་ནང་གི་ལྷ་སའི་བཞུགས་གནས་ཡིན་ཞིང༌། རྗེས་ལ་བཤིག་སྟེ་མེད་པ་བཟོས་པ་རེད།

འདྲ་པར་འདིར་ཞིབ་ཕྲ་ལྟ་སྐབས་རྒྱ་ལྕང་དེའི་འོག་ཨུ་ཡོན་ལྷན་ཁང་ནས་ཡིན་པའི་ཡར་ལངས་ཞིང་བྲན་དང་ཡ་མཚན་བྱེད་མཁན་གྱི་ཕྲུ་གུ་ཚོ་ལངས་ནས་བསྡད་བཞག་ལ་དར་དམར་དང་རྔ༌། མའོ་ཙེ་ཏུང་གི་འདྲ་པར། དེ་བཞིན་བོད་ཡིག་ལ་བསྒྱུར་བའི་སྦྱར་ཡིག་སོགས་ཆ་ཚང་པོ་འདུག དམར་སྲུང་དམག་གི་སློབ་ཕྲུག་ཚོས་བར་མཚམས་ངེས་ཅན་ཞིག་བཞག་སྟེ་རུ་སྟར་སྒྲིིག་ནས་ལངས་བསྡད་ཡོད་པ་དེའི་ནང་དགེ་རྒན་ཡིན་ནམ་ཡང་ན་ཧུར་བརྩོན་ཅན་ཡིན་གང་ལྟར་མི་དར་མ་གསུམ་གྱི་ལག་པར་ཤོག་བུ་འཁྱེར་ཏེ་ཕལ་ཆེར་ཆོད་སེམས་ཀྱི་ཡི་གེ་ཀློག་གི་ཡོད་པ་འདྲ། ད་དུང་ས་སྟེང་དུ་གང་སར་ཟངས་ཧྲུག་ལྕགས་ཧྲུག་དང་རྐང་ལག་མི་ཚང་བའི་རྩྭ་མི་གསོབ། ད་དུང་ཤོག་གྲངས་རེ་རེ་བཞིན་དབྲལ་བའི་ཕྱག་དཔེ་དང་རེ་རེ་བཞིན་རྐང་པའི་འོག་མནན་པའི་དར་ལྕོག་སོགས་ཚང་མ་གད་སྙིགས་མ་ཡིན་པར་འདི་ཚོ་ནི་རྒྱ་ལྕང་འདིའི་མདུན་ལ་ཡོད་པའི་ལྷ་ལྡན་གཙུག་ལག་ཁང་ནས་དབོར་བའི་རྙིང་གཏོར་བཞི་ལ་རྩིས་པའི་སྐུ་འདྲ་དང་ཆོས་པའི་ཡོ་ཆས། མཆོད་རྫས། དེ་མིན་ནང་ཆོས་ཀྱི་མཚོན་དོན་དངོས་རཛས་བཅས་རྩེ་མེད་བཏང་ཡོད།

འདིར་ཡང་དཔེ་ཆ་དང་དར་ལྕོག་སོགས་མེར་བསྲེགས་གཏོང་མཁན་མི་དེ་ཚོའི་གྲས་སུ་དམར་སྲུང་དམག་སློབ་ཕྲུག་ཡོད་པའི་ཐོག་གྲོང་མིའི་གྲས་ཀྱི་དམར་སྲུང་དམག་ཀྱང་ཡོད་པ་རེད། འབར་བཞིན་ཡོད་པའི་མེ་ཕུང་ནང་གི་ཤིང་ཡན་ཀ་འདི་ཚོ་བཤད་ཡག་ལ་ཐང་གི་རྒྱ་ལྕང་སྟེང་ནས་བཅད་པ་དང་འགའ་ཤས་ནི་ཁྱིམ་ཚང་སོ་སོའི་ཁང་པའི་སྟེང་གི་དར་ཤིང་རེད་འདུག

བོད་ཁང་ཐོག་རྩེགས་ཅན་འདི་ཚོ་ནི་གྷ་རུ་ཤར་དང་ཀ་ཐོག་ཤར། ཆོས་གསུམ་ཤར་ཡིན་ཞིང་འདི་རྣམས་ནི་དེ་སྔ་གཙུག་ལག་ཁང་གསར་བཞེངས་གནང་བའི་རྗེས་རིམ་པས་གཙུག་ལག་ཁང་གི་མཐའ་སྐོར་ལ་བསྐྲུན་པའི་བོད་ཁང་ཁག་ཡིན། དེ་སྔ་བཀའ་ཤག་གཞུང་ལ་དབང་བ་ཞིག་དང་བོད་ཁང་འདི་རྣམས་ཚོང་པ་དང་གྲོང་མིར་ཁང་གླ་གཏོང་གི་ཡོད། སྤྱི་ལོ་༡༩༥༩ལོར་དམངས་གཙོའི་བཅོས་སྒྱུར་བཏང་བའི་རྗེས་གཞུང་གསར་པས་ཁང་པ་འདི་དག་དབུལ་པོའི་ཁྱིམ་ཚང་ལ་བགོ་ཤ་བརྒྱབ་ཡོད། ཉེ་ལམ་ལོ་ཤས་ནང་ཁང་པ་མང་ཆེ་བ་བཟོ་བཅོས་བྱས་པའམ་ཡང་ན་རྙིང་པ་བཤིག་སྟེ་ཁང་པ་གསར་པ་བརྒྱབ་ཡོད་པ་རེད།

སློབ་ཕྲུག་ཕོ་མོ་བདུན་བརྒྱད་ཙམ་ནས་འཁོར་ལོ་འདྲ་བའི་དངོས་པོ་ཆེན་པོ་ཞིག་ཤུགས་ཆེན་པོས་མེའི་ནང་འབུད་རྒྱག་རྒྱབ་བཞིན་ཡོད་པ་འདི་ཟུངས་ཞུགས་སུ་ཕྱག་དཔེ་འདྲ་མིན་མང་པོ་ཕུལ་བའི་མ་ཎི་རེད། འདི་ལྷ་ལྡན་གཙུག་ལག་ཁང་གི་ཐོག་རྩེགས་གཉིས་པར་གནས་ཤིང་དེ་སྔོན་མཚམས་ཁུང་སོགས་བཙུན་དགོན་གསུམ་གྱི་བཙུན་མ་ཚོས་ལོ་ལྟར་རེ་མོས་བྱས་ནས་གཙུག་ལག་ཁང་གི་ཐོག་རྩེགས་གཉིས་པར་མ་ཎི་སྐོར་དགོས་ཀྱི་ཡོད་པ་དེ་ཡང་སྐབས་དེ་དུས་མེར་བསྲེགས་བཏང་ཡོད་པ་གསུང་མཁན་འདུག བོད་ཁང་འདིའི་རྒྱལ་སྒོའི་སྟེང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བར་སྐོར་ཁྲོམ་ལམ་ཟེར་བྲིས་ཡོད་པ་རེད།

མེ་ལྕེ་དྲག་པོ་ཞིག་འབར་བཞིན་ཡོད་ཅིང༌། དེའི་ཐོག་རླུང་གིས་ཤུགས་ཆེན་འཁྱེར་བ་དང་རྩ་བརླག་བཏང་ནས་འཚིགས་རོར་གྱུར་བའི་གྲངས་ལས་འདས་པའི་ཕྱག་དཔེ་དེ་དག་ནི་ལས་འགུལ་འདི་མ་སྤེལ་གོང་ཚང་མ་དགོན་སྡེའི་ནང་གི་རྩ་ཆེའི་གཞུང་དང་བསྟན་བཅོས་ཤ་སྟག་རེད། འདིར་ལྟ་དུས་མེ་རྒྱག་མཁན་སུ་ཡིན་པ་དང་མཐའ་སྐོར་ལ་ལྟད་མོ་ལྟ་མཁན་སུ་ཡིན་མིན་གསལ་པོ་ཤེས་ཀྱི་མི་འདུག གང་ལྟར་ཚང་མ་མཉམ་དུ་འདྲེས་ནས་རྣམ་འགྱུར་གཅིག་པ་རེད་བཞག ལྷག་པར་རྒྱ་ནག་ནང་གི་རིག་གནས་གསར་བརྗེའི་སྐབས་ཀྱི་འདྲ་པར་ནང་ཡོད་པའི་མང་ཚོགས་དང་ཆས་གོས་གྱོན་སྟངས། ངོ་དབྱིབས་ལ་སོགས་པ་ཚང་མ་ཧ་ཅང་འདྲ་པོ་འདུག ཡིན་ནའི་རྒྱབ་ཕྱོགས་ཀྱི་བོད་ཁང་དེ་ཚོས་ང་ཚོར་དྲན་གསོས་ཡོང་དོན་ལ། ས་གནས་འདི་བོད་ལྗོངས་ཡིན་པ་དང་འདི་ལྷ་ས་ཡིན་པ། དེ་བཞིན་འདི་ལྷ་ལྡན་གཙུག་ལག་ཁང་གི་གསུང་ཆོས་རྭ་བ་ཡིན་པ་དྲན་སྐུལ་ཡོང་གི་འདུག

གཞོན་སྐྱེས་འདི་རྣམས་ནི་སྔར་བཞིན་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་རེད་ལ། སྐབས་དེ་དུས་ཀྱི་ལྷ་སའི་ཁྲོམ་གཞུང་གཙོ་བོ་མི་དམངས་ལམ་(དེ་སྔ་གཡུ་ཐོག་ལམ་ཟེར་ཞིང་མིང་འདི་བྱུང་ཚུལ་ནི་ལམ་ཁར་རྒྱ་དབྱིབས་ཀྱི་གཡུ་ཐོག་ཟམ་པ་ཟེར་བ་ཞིག་ཡོད།)དེའི་སྟེང་ལ་ཡོད། ཁོང་ཚོ་སྐྱོད་སའི་ཁ་ཕྱོགས་ནས་བལྟས་ན་ཁོང་ཚོའི་རྒྱབ་ཕྱོགས་དེ་ལྷ་ལྡན་གཙུག་ལག་ཁང་ཡིན་པ་སོང་ཙང་འདྲ་པར་དེ་རྒྱབ་དུས་དམར་སྲུང་དམག་ཚོས་དགོན་པ་གཏོར་བའི་ལས་འགན་གྲུབ་ཏེ་དགེ་རྒན་གྱི་སྣེ་ཁྲིད་འོག་སློབ་གྲྭར་ཕྱི་ལོག་བྱེད་བཞིན་ཡོད་པ་མ་ཡིན་ནམ།