བོད་ཀྱི་ལྷ་འདྲེ་གདོན་བགེགས།

༄༅། ལྷ་འདྲེ་གདོན་བགེགས་ཟེར་བའི་དོན་དེ་དང་ཐོག་རྒྱ་ནག་གི་གནའ་རབས་སྙན་ཚིག་ནང་ཡོད་ཅིང༌། ཐོག་མའི་དོན་སྙིང་ནི་ཆོས་ལུགས་ཀྱི་བྱེད་སྒོའི་ཐོག་གདོང་འབག་གྱོན་པ་དང་འཁྲབ་ཆས་སྤྲས་ཏེ་ཁྲོམ་སྐོར་བྱེད་དུས་ཀྱི་འཁྲབ་མཁན་ཞིག་ཡིན་པ་རེད། ཡིན་ནའི་རིག་གནས་གསར་བརྗེའི་ནང་གནའ་བཟང་དེང་སྤྱོད་ཟེར་བ་ལྟར་གྲལ་རིམ་དགྲ་བོ་ཟེར་བར་བེད་སྤྱོད་བྱས་ཡོད། བོད་སྐད་ནང་ལྷ་འདྲེ་གདོན་བགེགས་ཟེར་བའི་ཚིག་འདི་མེད་པ་རེད། སེམས་ཅན་ཐམས་ཅད་འདྲ་མཉམ་དང་སྐྱེས་དངོས་ཐམས་ཅད་ལ་བླ་སྲོག་ལྡན་ཡོད་པ་སོགས་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྡན་པའི་བོད་མི་ཚོས་རིགས་བཞི་པོ་དེ་དག་རང་རང་ལ་ལྡན་པའི་སྐྱེས་ཐོབ་དེ་བཞིན་སེམས་ཅན་ཐམས་ཅད་དང་མཉམ་དུ་བཞག་པའི་དཔེ་དོན་དེ་གོ་བ་ལོན་དཀའ་བ་ཞིག་ཡིན་པ་རེད། ཡིན་ནའི་དཀའ་གནད་འདི་མཐར་ཐག་གཅོད་ཐུབ་ནས་ལྷ་འདྲེ་གདོན་བགེགས་ཟེར་བའི་མིང་བཏགས་ཡོད་པ་རེད། དོན་དངོས་ཐོག་རྒྱ་ཡིག་གི་ཚིག་འདི་དང་བོད་ཡིག་གི་ཚིག་འདི་མཚམས་པོ་མེད་ན་ཡང་ཨུ་ཚུགས་ཀྱིས་ཐད་སྒྱུར་བྱས་ཡོད།

དེར་བརྟེན་བོད་སྐད་ནང་ལྷ་འདྲེ་གདོན་བགེགས་ཟེར་བའི་ཆེད་མངགས་ཀྱི་ཚིག་ཅིག་བྱུང་ཡོད་པ་ཡིན་རུང་ཁ་སྐད་ནང་བོད་མི་མང་པོས་རྒྱ་སྐད་ཀྱི་ཐོག་ནས་མིང་ཚིག་འདི་བརྗོད་ཀྱི་ཡོད། དེ་ཡང་ཕལ་ཆེར་བོད་སྐད་ཐོག་གོ་དོན་གང་ཡིན་མ་ཤེས་པའི་ལྷ་འདྲེ་གདོན་བགེགས་ཟེར་བཤད་པ་ལས་ཆ་རྒྱུས་མེད་ལ་ཀློག་མི་བདེ་བའི་རྒྱ་སྐད་ཐོག་བཤད་ན་དེ་བས་སྟབས་བདེ་བ་ཡོད་པ་རེད། རྒྱ་སྐད་མ་ཤེས་པའི་རྩིས་སྐར་ནག་ལ་མཁས་པ་ཞིག་གིས་རིག་གནས་གསར་བརྗེའི་ནང་ཁོང་གིས་བརྒྱུད་མྱོང་ཡོད་པའི་གནས་ཚུལ་ཞིག་དགོད་བྲོའི་ངང་གསུངས་པར། དེའི་སྐབས་ང་ནི་ལྷ་འདྲེ་གདོན་བགེགས་ཤིག་ཡིན། ཡང་ལྷ་འདྲེ་གདོན་བགེགས་ཟེར་བའི་ཚིག་འདི་ངས་རྒྱ་སྐད་ཀྱི་ཐོག་ནས་བཤད་པ་ཡིན་གསུངས་བྱུང༌།

བོད་ནང་ལྷ་འདྲེ་གདོན་བགེགས་ཀྱི་གྲུབ་ཆ་འདི་རྒྱ་ནག་ནང་བཞིན་རྙོག་དྲ་ཆེན་པོ་འདི་འདྲ་ཡོད་པ་མ་རེད། གཙོ་བོ་ནི་བོད་གཞུང་གི་བཀའ་ཤག་དཔོན་རིགས་དང་སྐུ་དྲག བླ་སྤྲུལ་བཅས་ནས་ཚབ་བྱས་པའི་མངའ་བདག་ཆེན་པོ་གསུམ་ལ་ཟེར་བ་དེ་རེད། གོ་རྒྱུ་ཆེན་པོ་ཡོད་པ་ཞིག་ལ། ལྷ་འདྲེ་གདོན་བགེགས་ཟེར་བ་འདིའི་ནང་ནས་ཧ་ཅང་མང་པོ་ཞིག་ནི་ལོ་རབས་ལྔ་བཅུ་ནས་རིག་གནས་གསར་བརྗེའི་གོང་བར་ལ་རྒྱ་ནག་གུང་ཁྲན་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་གྱི་རྒྱལ་གཅེས་ཡར་ཐོན་ཟེར་བའི་མི་སྣ་ཚོ་ཡིན་པ་རེད། སྤྱི་ལོ་༡༩༥༩ ལོར་ངོ་ལོག་ཟིང་འཁྲུག་ཟེར་བ་འདིའི་ནང་ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱི་རྗེས་སུ་འབྲངས་ནས་མེས་རྒྱལ་ལ་རྒྱབ་གཏོད་ཀྱིས་བྲོས་བྱོལ་ལ་ཕྱིན་མེད་པ་ཟེར་བའམ་ཡང་ན་མུན་དོར་གསལ་ལེན་ཟེར་བ་བྱས་པའི་དབང་གིས་རྒྱ་ནག་གཞུང་ནས་ཁོ་པ་ཚོར་ལྟ་སྟངས་དམིགས་བསལ་ཞིག་འཛིན་ཡོད། ངོ་ལོག་ཟིང་འཁྲུག་ཟེར་བའི་ནང་ཞུགས་མཁན་ལྷ་ཀླུ་ཚེ་དབང་རྡོ་རྗེས་(དེ་སྔ་བོད་གཞུང་གི་བཀའ་བློན་ཡིན་པ་དང་སྤྱི་ལོ་༡༩༥༩ལོའི་ཟླ་བ་གསུམ་པའི་ལྷ་སའི་དོན་རྐྱེན་ཟེར་བ་འདིའི་རྒྱ་གཞུང་གིས་འབོད་པའི་ངོ་ལོག་དམག་སྤྱི་ཡིན་པས་ལོ་དྲུག་བཙོན་བཅུག་བྱས་པ་རེད། སྤྱི་ལོ་༡༩༦༥ ལོར་དམིགས་བསལ་གྱིས་བཙོན་འགྲོལ་ཐོབ་ནས་གྲོང་གསེབ་ལ་ངལ་རྩོལ་བསྒྱུར་བཀོད་དུ་བཏང་བ་རེད།) གསུངས་པ་ལྟར་ལྷ་འདྲེ་གདོན་བགེགས་ཟེར་བ་ཚང་མ་རྒྱལ་གཅེས་མི་སྣ་རེད། ཡང་ཁོང་ལྟ་བུའི་ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་ནི་དགྲར་འཛིན་པའི་གསར་བརྗེའི་ངོ་ལོག་པ་ཟེར་བ་འདི་རེད། ཁོང་ཚོ་དཔུང་ཁག་མི་འདྲ་བ་གཉིས་ཡིན་རུང་ལང་ལོང་དུ་འཕྱུར་བའི་རིག་གནས་གསར་བརྗེ་ཆེན་པོ་དེས་བསམ་ཡུལ་ལས་འདས་པ་ཞིག་ལ་དབྱེ་མཚམས་དེ་མཉམ་བསྲེས་བྱས་པ་རེད། ལྷ་ཀླུ་ཁོང་གི་དྲན་ཐོའི་ནང་ཟུར་ཟའི་ཐོག་ནས་འཁོད་དོན་ལ། དེ་སྔོན་ངའི་བསམ་པར་ཁོ་ཚོ་རྒྱལ་གཅེས་མི་སྣ་ཚོ་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཡང་རང་ཉིད་ནི་སྤྱི་ལོ་༡༩༥༩ ལོའི་ངོ་ལོག་ཟིང་འཁྲུག་ནང་ནོར་འཁྲུལ་ཤོར་ཏེ་སྒྱུར་བཀོད་བྱས་ཡོད། ཡིན་ནའི་ད་ལྟ་ཁོང་ཚོ་རྒྱལ་གཅེས་མི་སྣ་ཚོ་ཡང་ཁྲོམ་སྐོར་ལ་ཁྲིད་འདུག་པས་ང་ཚོ་དང་ཁྱད་པར་གང་ཡང་མི་འདུག་སྙམ་བྱུང་ཞེས་འཁོད་འདུག གང་ལྟར་དུས་སྐབས་དེར་རྒྱལ་གཅེས་ཟེར་བ་ཡིན་ནའི་འདྲ་མིན་ནའི་འདྲ་ཡང་ཟིང་འཁྲུག་ཟེར་བའི་ནང་ཞུགས་ཡོད་ནའི་འདྲ་མེད་ནའི་འདྲ་ཁོ་པ་ཚོའི་ལས་དབང་ནི་གཅིག་པ་གཅིག་རྐྱང་ཡིན་པས་ཚང་མར་ལྷ་འདྲེ་གདོན་བགེགས་ཀྱི་ཞྭ་མོ་རིང་པོ་གཡོགས་པ་དང་མགོ་སྒུར་ནས་གསར་རྗེའི་མང་ཚོགས་ཀྱིས་དགྲ་ལ་མཉམ་སྡང་གི་དགག་པ་རྒྱབ་ཡོད་པ་འདི་ཧ་ཅང་གི་འཕྱ་སྨོད་ཅིག་ཡིན་པ་གསལ་པོ་རེད།

རིམ་པ་བཞིན་གཏོར་དགྱེལ་བཏང་བའི་ཆོས་ཕྱོགས་མི་སྣ་མང་ཆེ་བ་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་རེད། བོད་ཀྱི་སྲོལ་རྒྱུན་ནང་དགེ་ འདུན་པ་ནི་དཀོན་མཆོག་གསུམ་སྟེ་སངས་རྒྱས་དང་ཆོས། དགེ་འདུན་ནང་གི་གཅིག་ཡིན་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འགྲོལ་བའི་ལམ་སྟོན་པ་ལྟ་བུ་དང༌། དགེ་འདུན་པ་ནི་དོན་དངོས་ཐོག་བོད་ཡོངས་ཀྱི་བླ་སྲོག་ལྟ་བུ་ཡིན་པ་རེད། ཡིན་ནའི་རྒྱ་ནག་གུང་ཁྲན་ཚོགས་པའི་སློབ་གསོའི་ནང་ཆོས་ལུགས་ནི་བཤུ་གཞོག་གྲལ་རིམ་གྱིས་མི་དམངས་དབུལ་ཕོངས་མགོ་རྨོངས་སུ་འཇུག་རྒྱུའི་བསམ་པའི་ཐོག་ཉལ་ཐ་ལྟ་བུ་ཞིག་ཡིན་པ་དང་གྲྭ་བཙུན་གྲལ་རིམ་ནི་དཀའ་ལས་མ་རྒྱབ་པར་འབྲས་བུ་ལེན་མཁན་གྱི་གཞན་རྟེན་སྲིན་འབུ་ལྟ་བུ་རེད་ཅེས་བརྗོད་ནས་བོད་ཀྱི་ཆོས་ལུགས་ལ་སྔར་བྱུང་མྱོང་མེད་པའི་དམའ་འབེབས་མཐོང་ཆུང་ཕོག་པ་དེས་གསར་བརྗེ་བྱས་པའི་བརྒྱུད་རིམ་ནང་ཡོངས་རྫོགས་རྩ་མེད་བཟོས་ཡོད་པ་རེད།

རིག་གནས་གསར་བརྗེ་ཆེན་པོ་རིམ་པས་གཏིང་ཟབ་སྤེལ་བའི་ནང་རྒྱ་ནག་གུང་ཁྲན་གཞུང་གི་སྲིད་དབང་ཆེད་མི་ཚེ་ཕྱེད་ཀ་ཙམ་ཁྲག་བཏོན་དམར་འཛིང་བྱས་པའི་གཞུང་གི་དཔོན་རིགས་དང་ཆེས་མཐོའི་དམག་དཔོན་ཚོ་མ་རྩ་རིང་ལུགས་ཀྱི་ལམ་ལ་སྐྱོད་མཁན་གྱི་དབང་འཛིན་ཤོག་ཁག་ཡིན་པར་ངོས་འཛིན་བྱས་ཤིང༌། ལམ་ཐོག་རྒྱུགས་མཁན་གྱི་ཙི་ཙིར་མི་ཚང་མས་གསོད་གསོད་ཟེར་བ་ལྟ་བུར་གྱུར་ཡོད་པ་རེད།

རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ནང་བསྐྱར་དུ་སླེབས་པའི་ལྷ་ཀླུ་ཚེ་དབང་རྡོ་རྗེ་(གཡོན་) ཧོར་ཁང་བསོད་ནམས་དཔལ་འབར་(དཀྱིལ་) (ཧོར་ཁང་བྱམས་པ་བསྟན་དར་ནས་འདྲ་པར་འདི་མཁོ་འདོན་གནང༌།)

ལྷ་འདྲེ་གདོན་བགེགས་ནང་ད་དུང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་དམངས་ཁྲོད་ཀྱི་སྨན་པ། དམངས་ཁྲོད་ཀྱི་རི་མོ་མཁས་ཅན། ཕྱོགས་བཞིར་སྐྱོད་མཁན་གྱི་དགེ་འདུན་པ་དང་སྒོམ་ཆེན་པ་སོགས་ཡོད་པ་རེད།

གོ་དོན་ཡོད་པ་ཞིག་ལ། རིག་གནས་གསར་བརྗེ་མཇུག་བསྒྲིལ་རྗེས་ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་ལྷ་ཀླུ་ཚེ་དབང་རྡོ་རྗེ་དང་ལྷ་འདྲེ་གདོན་བགེགས་བསམ་སྡིང་རྡོ་རྗེ་ཕག་མོ་སོགས་མི་སྣའི་ལས་དབང་དེ་སླར་ཡང་ཟློས་གར་རང་བཞིན་གྱི་འཁྲབ་ཚན་འདྲ་པོ་བྱུང་ཡོད། དེ་ཡང་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་དང་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གཙོ་འཛིན་གཞོན་པ་ཡང་ན་འགོ་ཁྲིད་གཞོན་པའི་གོ་གནས་དེའི་རིགས་འགན་འཁུར་གྱིས་ཚོགས་འདུ་ཆེ་ཆུང་ཚང་མའི་ནང་ཆབ་སྲིད་ཀྱི་མེ་ཏོག་བུམ་པ་ལྟར་བྱས་པའི་ཐོག་ནས་ད་ལྟའི་དུས་སྐབས་བར་གནས་མུས་ཡིན་པ་རེད།

རྣམ་པ་སྣ་ཚོགས་ཀྱི་ཧུར་བརྩོན་ཅན།

༄༅། དེའི་སྐབས་ལ་མདོར་ན་དམར་སྲུང་དམག་ཟེར་བ་འདིའི་འབྱུང་ཁུངས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ་གང་མྱུར་སྤྱི་ཚོགས་སྟེང་གི་རིམ་པ་མི་འདྲ་བ་མང་པོའི་ནང་རྒྱ་སྐྱེད་ཕྱིན་ཡོད་པ་སྟེ། ཐོག་མར་སློབ་གྲྭའི་ནང་ཐོན་པ་ནས་རིམ་བཞིན་ལས་ཁུངས་ཁག་དང་གྲོང་མི་ཨུ་ཡོན་ལྷན་ཁང༌། བཟོ་གྲ གྲོང་གསེབ་བཅས་ལ་ཁྱབ་ཡོད། མི་དེ་ཚོར་སྐབས་དེ་དུས་ཧུར་བརྩོན་པ་ཡང་ན་ཧུར་བརྩོན་ཅན་ཞེས་ཀྱང་འབོད་སྲོལ་ཡོད།

ཧུར་བརྩོན་ཅན་ཟེར་བ་བྱུང་ནས་དུས་ཡུན་རིང་པོ་སོང་ཡོད། དེ་སྔ་སྤྱི་ལོ་༡༩༥༠ ལོར་རྒྱ་ནག་གུང་ཁྲན་གཞུང་དེས་བོད་ལ་དཔུང་འཇུག་བྱེད་སྐབས་བོད་ལ་འོད་སྟོང་འཕྲོ་བའི་བོད་གསར་པ་ཟེར་བ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ཁས་ལེན་བྱས་པ་དང་དུས་མཚུངས་ནུས་ཤུགས་ཡོད་ཚད་ཀྱིས་བསམ་པའི་ཐོག་ཀླད་པ་འཁྲུས་པ་དང་དངོས་པོའི་ཐོག་ནས་ཁེ་ཕན་སྐྲུན་རྒྱུར་འབད་བརྩོན་བྱས་པར་བརྟེན་གཤམ་འོག་གི་བོད་མི་མང་པོའི་བློ་བཀུགས་ཐུབ་སྟེ་དེ་ནས་བཟུང་རྗེས་སུ་འབྲངས་ཡོད་པ་མ་ཟད། ད་དུང་མཐོ་རིམ་བོད་མིའི་ནང་གི་གཞོན་ནུ་སེམས་ཤུགས་ཆེན་པོ་ཚོ་ཡང་ཡོད་པ་རེད། རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཙུགས་ཐུབ་པའི་རྒྱུ་མཚན་ནི་ཀླད་པ་འཁྲུས་པའི་སློབ་གསོ་དེ་ལེགས་གྲུབ་བྱུང་ཡོད་པའི་དབང་གིས་ཡིན་པ་བརྗོད་ན་ཆོག དཔེར་ན་བཤུ་གཞོག་དང་གཉའ་གནོན་ཟེར་བའི་ནང་དོན་ཡང་ཡང་དྲིལ་བསྒྲགས་བྱས་པ་དང་དེ་བཞིན་ནང་ཆོས་ནང་སྐྱེ་བ་ཕྱི་མ་དང་ལས་རྒྱུ་འབྲས་ལ་ཁས་ལེན་མ་བྱས་པ་སོགས་བྱས་ཡོད། སྤྱི་ལོ་༡༩༥༩ ལོར་ཟིང་འཁྲུག་ཞོད་འཇགས་ཟེར་བ་དེ་བཏང་བའི་རྗེས་དམངས་གཙོའི་བཅོས་བསྒྱུར་བྱས་ནས་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་མངའ་བདག་ཆེན་པོ་གསུམ་དབྱེ་བ་ཕྱེས་ཡོད་ལ། ཧུར་བརྩོན་ཅན་ཟེར་བ་ཡང་དབྱེ་བ་ཕྱེས་ཡོད། དེའི་རྗེས་སྔ་རྗེས་སུ་སྤེལ་བའི་ལས་འགུལ་དཔེར་ན་སློབ་གསོ་ཆེན་པོ་གསུམ་ཟེར་བ་དང་གཙང་བཤེར་བཞི་ཟེར་བ་སྤེལ་ནས་སྤྱི་ལོ་༡༩༦༦ལོའི་རིག་གནས་གསར་བརྗེ་འགོ་འཚུགས་པའི་སྐབས་ཧུར་བརྩོན་ཅན་ཧ་ཅང་མང་པོ་ཞིག་གསོ་སྐྱོང་བྱེད་ཐུབ་པ་བྱུང་ཡོད།

དེ་ཡང་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་གཏོང་བཞིན་ཡོད་པའི་འདྲ་པར་འདི་ཚོའི་སྟེང་མི་སྣའི་དབར་གྲལ་རིམ་མི་འདྲ་བའི་དཔུང་ཁག་གཉིས་ཀྱི་དབྱེ་བ་གསལ་པོ་ཡོད་པ་མཐོང་ཐུབ། ཡང་དེ་སྔོན་གྱི་འབྲེལ་བ་ནང་བཞིན་མ་ཡིན། དེ་སྔོན་ནི་ཕྱུག་པོ་དང་དབུལ་པོའི་དབར་གྱི་ཁྱད་པར་ཡོད་ན་ཡང་མི་རིགས་གཅིག་པ་རེད་ལ། སྐྱ་སེར་བར་ཁྱད་པར་ཡོད་པ་ཡིན་རུང་ཆོས་ལུགས་གཅིག་པ་ཡིན་པ་རེད། ཡིན་ནའི་ད་ཆ་ནི་གྲལ་རིམ་གྱི་དབྱེ་བ་ཧ་ཅང་གི་གསལ་པོ་ཡོད་པ་མ་ཟད། ད་དུང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་གཤམ་འོག་གྲལ་རིམ་གྱིས་ཐོག་མར་མཐོ་རིམ་གྲལ་རིམ་ཐོག་ཁུ་ཚུར་བརྐྱངས་ཡོད་པ་དང༌། ལྷག་པར་དུ་མཐོ་རིམ་གྲལ་རིམ་ནང་གི་རྒྱུན་དུ་ནས་རིན་པོ་ཆེར་ངོས་འཛིན་ཞུས་ནས་གུས་བཀུར་ཞུ་ཡུལ་གྱི་བླ་སྤྲུལ་ཆེ་གྲས་ལ་ཁུ་ཚུར་བརྐྱངས་ཏེ་ངར་སྐད་སྒྲོགས་ཡོད་པ་རེད། འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ།

ཝང་ལིད་ཞུང་ནས་<<བྱ་གཏོར། བོད་ཀྱི་ལས་དབང༌།>>ཞེས་པའི་དེབ་འདིའི་ནང་གནས་ཚུལ་དེར་དབྱེ་ཞིབ་འདི་ལྟར་བྱས་པ་སྟེ། འདི་ནི་བོད་ཀྱི་དབང་བསྒྱུར་པ་གསར་པ་རྒྱ་ནག་གུང་ཁྲན་གཞུང་འདིས་གསལ་པོ་ཤེས་ཀྱི་ཡོད་པའི་དབང་གིས་རེད། བོད་ལ་གྲལ་རིམ་འཐབ་རྩོད་མེད་པའི་དབང་གིས་སྲོལ་རྒྱུན་གྱི་བོད་ཀྱི་སྤྱི་ཚོགས་འདི་གོང་བུ་གཅིག་ཏུ་འགྲིལ་ནས་ཆོས་ལུགས་དང་མི་རིགས་ཀྱི་དར་ཆ་གཅིག་གྱུར་གྱི་གནས་སྟངས་འོག་ཡོད་པ་རེད། དར་ཆ་དེ་གཉིས་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ཀྱི་ལག་ཏུ་འཛིན་ཏེ་ཡོད་པས་ཕྱི་ལོག་ནས་ཡོང་བའི་རྒྱ་མིའི་ལག་ཏུ་རགས་ཐབས་མེད་པ་རེད། དེར་བརྟེན་བོད་ཀྱི་སྤྱི་ཚོགས་འདི་ཁ་བྲལ་གཏོང་དགོས་ན་གཤམ་འོག་གི་བོད་མིའི་སེམས་བཀུགས་ཐུབ་པ་བྱས་ཏེ་རྒྱ་ནག་གུང་ཁྲན་གཞུང་ནས་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དབང་བའི་དར་ཆ་གཞན་ཞིག་བཙུགས་དགོས་ཀྱི་ཡོད། དེ་ནི་བོད་མི་རིགས་ནང་ཁུལ་ལ་གྲལ་རིམ་འཐབ་རྩོད་སྤེལ་རྒྱུ་འདི་རེད་ཅེས་དང༌། ཡང་གྲལ་རིམ་འཐབ་རྩོད་ནི་གུང་ཁྲན་ཚོགས་པའི་ཁྱད་ཆོས་ཤིག་ཆགས་ཀྱི་ཡོད། གལ་ཏེ་གྲལ་རིམ་གྱི་ཐོག་ནས་འཛམ་གླིང་དབྱེ་བ་འབྱེད་པར་འགྱུར་བ་ཕྱིན་པ་ཡིན་ན་བོད་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་གཅིག་གྱུར་རྣམ་པ་འདི་མེད་པ་ཆགས་རྒྱུ་རང་ཡིན་པ་རེད། དེར་བརྟེན་མའོ་ཙེ་ཏུང་གིས་གོ་དོན་གཏིང་ཟབ་ཀྱི་སྒོ་ནས་མི་རིགས་ཀྱི་གནད་དོན་ནི་དོན་དངོས་ཐོག་གྲལ་རིམ་གྱི་གནད་དོན་ཡིན་པ་རེད་ཅེས་མཛུབ་སྟོན་བྱས་ཡོད།

ཡང་ཧུར་བརྩོན་ཅན་ནང་མི་འཁྱམ་འདྲ་བའི་འབྱོར་མེད་པ་མི་མི་ཉུང་བ་ཞིག་ཡོད་པ་རེད། འཁྲབ་གཞུང་རྩོམ་བྲིས་མཁན་བོད་མི་ཞིག་གིས་གསུངས་པར་མི་འགའ་རེའི་སྤྱོད་པ་དང་གཤིས་ཀ་རྩ་བ་ནས་ཡག་པོ་མེད། ཟིང་འཁྲུག་ལྷིང་འཇགས་སྐབས་ཟིང་འཁྲུག་ནང་ཞུགས་མཁན་གྱི་མི་སྣའི་ཁྱིམ་ཚང་གི་རྒྱུ་དངོས་གཞུང་བཞེས་བཏང་བའི་བརྒྱུད་རིམ་ནང་ལག་པ་གཙང་མ་མེད་པའི་གནས་ཚུལ་བྱུང་ཡོད་པ་དང༌། ཡང་ཁོང་ཚོ་ཚང་མ་དེ་སྔ་གཉའ་གནོན་དང་བཤུ་གཞོག་མྱོང་མཁན་ཁྲལ་པ་དང་ནང་བཟན་གྱི་གྲས་རེད་ཅེས་དང་ཡང་ཁྲེང་ཀོན་ཆུས་ཀྱི་ཚན་པ་ཞིག་ནས་རྒས་ཡོལ་ཞུས་པའི་བོད་མི་ཞིག་གིས་བརྗོད་པར་གྲོང་མི་ཨུ་ཡོན་ལྷན་ཁང་འགའ་ཤས་ཀྱི་ལས་བྱེད་པས་རྙིང་པ་བཞི་གཏོར་བའི་མིང་འཁྱེར་ཏེ་དགོན་པ་དང་སྐུ་དྲག་གཟིམ་ཤག་གི་རྒྱུ་དངོས་མང་པོ་འཁྱེར་ཡོད་པ་རེད་ལ། དགོན་པ་གཏོར་མཁན་ཡང་ཁོ་པ་ཚོ་ཡིན་པ་དང་གཞན་གྱི་ཁྱིམ་ཚང་སྔོག་བཤེར་བྱེད་མཁན་ཡང་ཁོ་པ་ཚོ་ཡིན་པས་ཕྱུག་པོ་ཆགས་པ་ཡང་ཁོ་པ་ཚོ་རེད།

ཡིན་ནའི་ཧུར་བརྩོན་ཅན་རྫུན་མ་དང་གྱེན་ལོག་ཤོག་ཁ་རྫུན་མ་ཁག་ཅིག་ཐོན་ཡོད། དོན་དངོས་ཐོག་ཁོང་ཚོ་ནི་རང་མི་རིགས་ཀྱི་རིག་གཞུང་ལ་སྲུང་སྐྱོབ་བྱེད་མཁན་གྱི་མི་རེད་ཅེས་དགག་པ་འཐབ་འཛིང་ཐེངས་མང་ཕོག་མྱོང་ཡོད་པའི་ལྷ་འདྲེ་གདོན་བགེགས་ཤིག་གིས་འདི་ལྟར་གསུངས་བྱུང༌། མི་དེ་རིགས་མང་པོ་མེད་ཀྱང་ཡོད་པ་ནི་ལས་སླ་པོ་ཞིག་མ་ཡིན། གོ་ཐོས་བྱུང་བར་རིག་གནས་གསར་བརྗེའི་སྐབས་གཞིས་རྩེར་སྐད་གྲགས་ཡོད་པའི་གྱེན་ལོག་ཤོག་ཁའི་འགོ་ཁྲིད་ཅིག་བྱུང་ཡོད་པ་རེད། ཀུན་གཟིགས་པན་ཆེན་སྐུ་འཕྲེང་བཅུ་པ་མཆོག་རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་བོད་དབུས་གཙང་ཁུལ་ལ་ཐོག་མར་ཕེབས་སྐབས་སྔ་ས་ནས་དཔོན་རིགས་ཡིན་པའི་མི་དེས་ངུ་ཤར་བརྒྱབ་བཞིན་རྩྭ་རས་ཁ་ཤས་འཁྱེར་ཡོད་པ་འདིའི་ནང་པན་ཆེན་སྐུ་འཕྲེང་རིམ་བྱོན་གྱི་སྐུ་གདུང་ཆ་མི་ཚང་བ་ཁག་དང་དེ་མིན་ཧ་ཅང་རྩ་ཆེའི་རིག་དངོས་ཁག་ཅིག་ཡོད་པ་རེད། ཁོང་གིས་གཅེས་ཚགས་གནང་བ་འདི་རྣམས་རྗེས་སུ་པན་ཆེན་སྐུ་འཕྲེང་ལྔ་པ་ནས་དགུ་པ་བར་གྱི་སྐུ་གདུང་མཆོད་རྟེན་གསར་བཞེངས་གནང་སྐབས་དེའི་ནང་གི་གལ་འགངས་ཆེ་ཤོས་ལ་གྱུར་ཡོད་པ་རེད།

ཧུར་བརྩོན་ཅན་གྱི་ནང་ལྷག་བསམ་རྣམ་པར་དག་པ་དང་བློ་བརྟན་འགྱུར་མེད། སེམས་རྩ་འཁོལ་པོའི་སྒོ་ནས་གསར་བརྗེའི་ནང་ཞུགས་མཁན་གྱི་མི་མང་པོ་ཡོད། རིག་གནས་གསར་བརྗེའི་ནང་ཁྱིམ་ཚང་ལ་མི་ཤི་ཁྱིམ་སྟོངས་ལ་གྱུར་བའི་དེ་མོ་དབང་ཕྱུག་རྡོ་རྗེས་ཚོར་སྣང་ཟབ་པོའི་ངང་བརྗོད་དོན།

དུས་ཚོད་དེའི་སྐབས་མི་མི་ཉུང་བ་ཞིག་ནི་དངོས་གནས་གུང་ཁྲན་ཚོགས་པ་དང་གཙོ་འཛིན་མའོ་ལ་དགའ་ཞེན་བྱས་ནས་ལས་ཀ་འདི་འདྲ་བྱས་པ་རེད། ཡང་མི་མི་ཉུང་བ་ཞིག་ནི་སེམས་ངན་ཟུར་བཅངས་བྱེད་མཁན་ཡིན་པ་རེད། དོན་དངོས་ཐོག་གོང་གི་མི་དེ་རིགས་མང་བ་ཡོད། ད་དུང་མི་ཉུང་བ་ཞིག་ནི་རྦད་དེ་མགོ་སྐོར་ཐེབས་ཡོད་པ་རེད། རིག་གནས་གསར་བརྗེའི་ལས་འགུལ་སྤེལ་འགོ་ཚུགས་ཙམ་ལ་ངས་ཀྱང་གཙོ་འཛིན་མའོ་ཡི་གསུང་བཏུས་ལ་ཧ་ཅང་གི་དད་པ་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་སྐད་ཆ་དུམ་པོ་རེ་རེ་བཞིན་ཚང་མ་ནི་གང་དུ་བེད་སྤྱོད་བྱས་ནའང་འདིར་འཕྲོས་པ་ལྟར་གྱི་བདེན་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་བཤད་པ་དེར་ནོར་འཁྲུལ་ཡོད་མེད་དང་ཐ་ན་མཉམ་དུ་ནོར་འཁྲུལ་བྱེད་ཀྱི་ཡོད་པས་སྐབས་འདི་དུས་མི་མང་པོའི་སེམས་ནང་བསམ་བློ་ཡང་འཁོར་ཡོད་ཀྱི་མ་རེད། དུས་ཡུན་རིང་པོ་སོང་བའི་རྗེས་གཞི་ནས་གོ་རྟོགས་ལས་སད་པ་ལྟར་ཡོང་གི་ཡོད། ངས་ཤེས་རྟོགས་བྱུང་བར། རིག་གནས་གསར་བརྗེའི་ནང་གི་ཧུར་བརྩོན་ཅན་མང་པོ་རྗེས་སུ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང༌། ཐ་ན་མི་འགའ་རེ་བཟོད་སྒོམ་མ་ཐུབ་པར་ཐལ་ཆ་ཆེ་བའི་ལམ་དུ་སྐྱོད་ཡོད་པ་རེད།

རིག་གནས་གསར་བརྗེ་མཇུག་བསྒྲིལ་པའི་རྗེས་ལ་ཧུར་བརྩོན་ཅན་ཧ་ཅང་མང་པོ་ཞིག་ཁ་ཕྱོགས་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཏེ་ཁ་འདོན་བྱེད་པ་དང་གླིང་སྐོར་ལ་སྐྱོད་པ། དགོན་པར་ཆོས་མཇལ་ལ་ཕྱིན་པ་སོགས་བྱེད་ཀྱི་ཡོད། དེར་བརྟེན་མི་མང་པོས་བརྗོད་དོན་ལ། ཁོ་པ་ཚོས་ད་ལྟ་ཡང་བསྐྱར་ཆོས་ལ་དད་པ་བྱེད་པའི་གནས་སྟངས་འདི་དེ་སྔོན་ནང་ཆོས་རྩ་མེད་གཏོང་བའི་སྐབས་ཀྱི་ཤུགས་དྲག་དང་གཅིག་པ་རེད་འདུག གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཅིག་གིས་དགོན་པ་གཏོར་བ་དང་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་བྱེད་སྐབས་ཧུར་བརྩོན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་འཐབ་འཛིང་ཕོག་མཁན་གྱི་མི་སྣ་ཞིག་གིས་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་ངེས་ནས་བརྗེད་ས་མ་རེད་ཅེས་དང༌། ལོ་ཁ་ཤས་སྔོན་སྒོར་ཁྲི་བཅུ་ཙམ་བཏང་ཏེ་གཞིས་རྩེར་སྐད་གྲགས་ཡོད་པའི་ཞ་ལུ་དགོན་པ་ལ་རིག་གནས་གསར་བརྗེའི་ནང་གཏོར་བཤིག་བཏང་བའི་མཆོད་རྟེན་ཞིག་གསར་དུ་བཞེངས་པ་རེད་ཅེས་བརྗོད་མཁན་འདུག གུས་མོས་ད་དུང་གོ་ཐོས་བྱུང་བར། ལྷ་སའི་ཉེ་འགྲམ་གྲོང་གསེབ་ཅིག་གི་གྲོང་ཚོའི་གུང་ཁྲན་ཚོགས་པའི་དྲུང་ཆེ་ཞིག་རྒས་ཡོལ་མ་ཞུས་གོང་ཙམ་ནས་གླིང་སྐོར་ལ་ཕྱིན་པར་བརྟེན་མི་འགའ་རེས་བསམ་འཆར་བཏོན་པར་ཁོ་པ་མི་དགའ་བ་བྱུང་སྟེ་གོང་རིམ་ལ་གུང་ཁྲན་ཚོགས་པ་ནས་དགོངས་ཞུ་བྱ་རྒྱུའི་ཞུ་ཡིག་ཕུལ་ཡོད་པ་དང་ཁོང་གིས་བརྗོད་དོན་ལ་ལོ་ན་ཆུང་དུས་ལྷག་བསམ་རྣམ་དག་གི་སྒོ་ནས་གུང་ཁྲན་ཚོགས་པའི་ཆེད་དུ་ལས་ཀ་བྱས་ཡོད་པ་དང་ད་ལྟ་ལོ་ན་རྒས་དུས་ཆོས་ལུགས་ཟེར་བ་འདི་དབྱུག་ཐུབ་ས་མ་རེད། ཡིན་ནའི་གུང་ཁྲན་ཚོགས་མི་ནི་ཆོས་ལ་དད་པ་བྱེད་ཆོག་གི་མེད་པས་དེར་བརྟེན་གུང་ཁྲན་ཚོགས་མི་ནས་དགོངས་པ་ཞུ་འདོད་བྱུང་ཞེས་དགོངས་ཞུའི་ནང་འཁོད་ཡོད་པ་རེད་འདུག ཁོང་གི་རེ་འདུན་ལ་ཆོག་མཆན་ཐོབ་མེད་པ་ཡིན་རུང་དོན་དངོས་ཐོག་ཁོང་གི་བསམ་བློ་འདི་འདྲ་ཡོད་མཁན་གྱི་གཞི་རིམ་ལས་བྱེད་པ་མང་པོ་ཡོད་པ་རེད།

གསུང་ཆོས་རྭ་བ་དེ་སྔ་ནི་ལྷ་འདྲེ་གདོན་བགེགས་ལ་དགག་པ་འཐབ་འཛིང་བཏང་ཡུལ་ཞིག་དང་ད་ཆ་རྒྱུན་དུ་གྲོང་གསེབ་ནས་ཡོང་མཁན་གྱི་ཞིང་པ་ཚོས་རང་ཉིད་ཀྱིས་འཐག་པའི་སྣམ་བུ་བཙོང་ཡུལ་ཞིག་ཆགས་ཡོད།

འགྱུར་བ་ཆེན་པོ་འདི་འདྲ་བྱུང་བའི་རྒྱུ་རྐྱེན་གང་ཡིན་ནམ། དེའི་ནང་གནས་པའི་བསམ་བློའི་གནོན་ཤུགས་དང་འགྱོད་བཤགས་བྱས་པ་དེར་གོ་བ་གང་འདྲ་ལེན་དགོས་ཀྱི་ཡོད་དམ། སྐབས་དེ་དུས་ཀྱི་ཧུར་བརྩོན་ཅན་བྱམས་པ་རིན་ཆེན་གྱིས་འགྲེལ་བརྗོད་བྱ་དོན་ལ།

དང་ཐོག་ང་ཚོའི་བསམ་པར་གསར་བརྗེ་བྱས་ན་དེ་སྔོན་དང་རྩ་བ་ནས་མི་འདྲ་བའི་འཚོ་བ་སྐྱིད་པོ་ཞིག་ཡོང་གི་རེད་སྙམ་བྱུང༌། དེ་ཡང་ང་ཚོར་རང་ཁྱིམ་རང་བདག་བྱེད་འཇུག་རྒྱུ་ཡིན་པ་བཤད་པ་མ་རེད་དམ། དེའི་གོ་དོན་ནི་ང་ཚོ་ཡང་དཔོན་པོ་བྱེད་ཆོག་པ་དང་དངུལ་ཡང་མང་པོ་ཡོད་ཆོག་གི་རེད། མདོར་ན་དམིགས་བསལ་གྱི་འཚོ་བ་ཡག་པོ་ཞིག་ཡོད་ཀྱི་རེད་སྙམ་བྱུང༌། ཡིན་ནའི་རྗེས་ལ་གཞི་ནས་འདི་འདྲ་མིན་པ་ཤེས་རྟོགས་བྱུང༌། དངོས་གནས་བྱས་ན་མི་ཞིག་གི་མི་ཚེའི་རིང་འཚོ་བ་ཡག་ཉེས་གང་འདྲ་ཡོང་མིན་འདི་ལས་རྒྱུ་འབྲས་ལ་རགས་ལུས་ཡོད། ཚང་མ་ཚེ་སྔོན་མའི་ལས་ལ་རྟེན་ནས་ད་ལྟའི་འབྲས་བུ་འདི་བྱུང་བ་ཞིག་རེད། བསོད་ནམས་ཡོད་པའི་མི་འདི་ཚོར་སྔོན་མ་བཞིན་བསོད་ནམས་ཡོད་ལ། བསོད་ནམས་མེད་པའི་མི་ཞིག་ཡིན་ན་དེ་སྔ་ནང་བཞིན་གང་ལྟར་བསོད་ནམས་མེད་པ་རེད། འདི་ཚང་མ་ནི་ལས་རང་རེད། དེས་མ་ཚད་ལོ་ན་རྒས་ནས་འཆི་ཁ་དང་ཐག་ཉེ་རུ་འགྲོ་ཡི་ཡོད་པས་མི་འཆི་ཁར་སླེབས་དུས་གཞི་ནས་ཆོས་དྲན་གྱི་ཡོད། འོན་ཀྱང་དེ་སྔ་ལོ་ན་ཆུང་བས་གོ་དོན་འདི་རྟོགས་ཐུབ་མེད། ཆོས་ལུགས་ལ་གཏོར་བཤིག་གི་བྱ་བ་མང་དག་ཅིག་བརྩམས་ཡོད་པས་དངོས་གནས་ཉེས་པ་མང་པོ་བསགས་ཡོད། དེར་བརྟེན་ད་ལྟ་མ་ཤི་གོང་འགྱོད་བཤགས་མ་བྱས་ན་རྗེས་སུ་དུར་ཁྲོད་དུ་བསྐྱལ་སྐབས་རྒོད་ཀྱིས་ཀྱང་མ་ཟས་ན་དངོས་གནས་སྐྱོ་པོ་རེད་ཅེས་བརྗོད་ཀྱི་འདུག

དེ་འདྲ་སོང་ཙང་མནར་གཅོད་ཕོག་མྱོང་ཡོད་པའི་དགེ་འདུན་པ་བགྲེས་སོང་ཞིག་གིས་བློ་རྒྱ་ཡངས་པོའི་ངང་གསུངས་དོན་ལ། དེ་སྔ་ཧུར་བརྩོན་ཅན་ཡིན་པའི་མི་མང་པོ་ཞིག་ད་ཆ་ནང་ཆོས་ལ་དད་པ་ཆེན་པོ་ཡོད་མཁན་ཆགས་ཡོད། ཆོས་ཕྱོགས་ཐོག་ནས་ཞུས་ན་སྡིག་བཤགས་བྱས་པ་དང་འདི་ཡག་པོ་རེད། རང་ཉིད་ཀྱི་ངོས་ནས་ལྷག་བསམ་རྣམ་དག་ཞུས་ན་ཕལ་ཆེར་ཁོ་པ་ཚོས་དེ་སྔ་ནོར་འཁྲུལ་ཤོར་བ་དེ་དག་པར་བྱེད་ཐུབ་ངེས་རེད། གང་ཡིན་ཞུས་ན་སྐབས་དེ་དུས་མི་མང་པོ་ཞིག་གིས་གོ་དོན་རྟོགས་ཐུབ་མེད་པ་དང་གསལ་པོ་ཤེས་ཀྱི་མེད་པ་རེད་ཅེས་གསུངས་བྱུང༌། འོན་ཀྱང་བཅར་འདྲི་ཞུས་པའི་ནང་གུས་མོས་ཤེས་རྟོགས་བྱུང་བར་མི་མང་པོས་སྐབས་དེ་དུས་ཀྱི་ཧུར་བརྩོན་ཅན་ལ་མི་དགའ་བ་ཆེན་པོ་འདུག དེའི་སྐོར་གླེང་བ་ཙམ་གྱིས་ཞེན་པ་ལོག་སྟེ་བརྗོད་པར། ཁོ་པ་ཚོས་བྱ་བ་ངན་པ་མང་པོ་བྱས་པར་བརྟེན་སྔ་ས་ནས་ཤི་ཚར་བས་འདི་ནི་ལས་འབྲས་རེད་ཅེས་བརྗོད་ཀྱི་འདུག དེར་བརྟེན་དམངས་ཁྲོད་ལ་ད་ལྟ་ལས་འབྲས་འཁོར་བའི་གནས་ཚུལ་མང་པོ་དར་ཁྱབ་འགྲོ་བཞིན་ཡོད་པ་རེད་འདུག དཔེར་ན། གཙུག་ལག་ཁང་ནང་གི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་དེ་གཏོར་མཁན་གྱི་མི་དེ་རིག་གནས་གསར་བརྗེའི་དྲག་པོའི་འཐབ་རྩོད་ནང་ཏག་ཏག་ལྷ་ཁང་འདིའི་སྒོ་འགྲམ་ལ་བསད་ཡོད་པ་བརྗོད་མཁན་འདུག

སྤྱི་ལོ་༢༠༠༢ ལོའི་ཟླ་བ་གསུམ་པར་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་(གཡོན་)དང་བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང༌།(དཀྱིལ་) ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་(གཡས་)བཅས་ཀྱི་གཞུང་ལས་ཁང་ནང་ད་ལྟ་ལས་གནས་ཐོག་ཡོད་པའི་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོའི་ལས་བྱེད་མཉམ་དུ་འདྲ་པར་འདི་བརྒྱབ་པ་ཡིན། གཡོན་གྱི་འདྲ་པར་འདིའི་དཀྱིལ་ལ་རྒྱ་གར་ཞྭ་མོ་གྱོན་ཞིང་མིག་ཤེལ་རྒྱབ་པའི་མི་སྣ་རྒན་པོ་འདི་དེ་སྔའི་ཧུར་བརྩོན་ཅན་དང་ད་ལྟའང་གུང་ཁྲན་ཚོགས་པའི་དྲུང་ཆེ་བྱེད་བཞིན་ཡོད་པའི་རྐང་བཙུགས་རེད། དེ་མིན་གཞན་རྣམས་ཚང་མ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ནུས་ཤུགས་གསར་པ་ཆགས་ཡོད།

དངོས་གནས་ཧུར་བརྩོན་ཅན་མི་ཉུང་བ་ཞིག་ད་ལྟ་ཚེ་ལས་འདས་ཟིན་ཡོད་པས་འདི་ལས་རྒྱུ་འབྲས་ལ་བརྩིས་ནས་བརྗོད་ན་སེམས་གསོ་ཡོང་རྒྱུ་རང་རེད། འོན་ཀྱང་ད་ལྟ་གསོན་པོར་བསྡད་པ་ཡང་མི་ཉུང་བ་ཞིག་ཡོད་ལ། སྔར་རྒྱུན་བཞིན་ངོ་སོ་དོད་པོའི་ངང་འཚོ་བཞིན་ཡོད་པ་ཡང་མི་ཉུང་བ་ཞིག་ཡོད། ད་དུང་དེ་བས་ངོ་སོ་དོད་རུ་ཕྱིན་པ་དང་དེ་སྔོན་གྱི་བྱ་སྤྱོད་ལ་འགྱོད་པ་སྤུ་ཙམ་མེད་པའི་མི་ཡང་མཐོང་རྒྱུ་ཡོད་པས་གནམ་རྙི་གཞི་རྒྱ་ཆེ་ན་ཡང་མི་དེ་རིགས་ལ་གུ་ཡངས་གཏོང་དགོས་དོན་གང་ཡིན། བཟང་པོར་བཟང་ལན་དང་ངན་པར་ངན་ལན་ཟེར་བ་འདི་སྔ་ཕྱི་ཙམ་ཡིན་པ་རེད། དེས་མིན་ན་འོས་སུ་མ་མཆིས་པ་རང་རེད།

མི་རྣམས་སྐྲག་སྣང་སྐྱེ་བའི་གྲོང་མི་ཨུ་ཡོན་ལྷན་ཁང༌།

༄༅། གྲོང་ཁྱེར་ནང་གི་ཧུར་བརྩོན་ཅན་གྱི་སྐོར་གླེང་སྐབས་གྲོང་མི་ཨུ་ཡོན་ལྷན་ཁང་ཟེར་བའི་གཞི་རིམ་གྱི་རྣམ་པའི་ཐོག་ནས་བཙུགས་པའི་སྒྲིག་འཛུགས་དེ་མ་བཤད་ན་འགྲིག་ཐབས་མེད་པ་ཞིག་ཆགས་ཡོད། དེ་ནི་རྒྱ་ནག་གུང་ཁྲན་གཞུང་གི་ཁྱད་ཆོས་ལྡན་པའི་གཞི་རིམ་རྩ་འཛུགས་ཤིག་ཡིན་ཞིང༌། དོན་དངོས་ཐོག་གུང་ཁྲན་ཚོགས་པའི་འགན་ནུས་སྒྲུབ་མཁན་ཀྱི་ཚན་པ་ཆུང་ཤོས་ཤིག་རེད། འོན་ཀྱང་དེར་སྣང་ཆུང་བྱ་རྒྱུ་མེད་པ་སྟེ། དེས་སྤྱི་ཚོགས་ཚང་མའི་ནང་སྒོ་ཀུན་ནས་གཏིང་ཟབ་ངང་མང་ཚོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་ཆབ་སྲིད་ཀྱི་བསམ་བློ་བརྒྱུད་སྤེལ་བྱེད་པ། དེ་བཞིན་མང་ཚོགས་ཀྱིས་ལྟ་སྐུལ་བྱས་པའི་རྣམ་པའི་ཐོག་ནས་གྲོང་མི་རེ་རེ་ལ་དོ་དམ་བྱེད་ཀྱི་ཡོད་པ་རེད། དེའི་ཤུགས་རྐྱེན་གྱི་ནུས་པ་དང་བཏང་འཛིན་གྱི་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་དང་སྤྱིར་བཏང་དབང་ནུས་ཀྱི་རང་བཞིན་ལྡན་པའི་ཚན་པ་ཞིག་ལས་ལྷག་པ་ཡོད་པ་ནི་སྣང་མེད་ཆད་ལུས་མེད་པའི་དྲ་བ་ལྟ་བུས་མི་དཀྱུས་མ་ཚོའི་ལས་དབང་དེ་ཁོ་པ་ཚོས་དམ་པོར་འཛིན་ནས་ཡོད་པ་རེད། བོད་ཀྱི་ངོས་ནས་བཤད་ན། སྤྱི་ལོ་༡༩༥༩ ལོའི་ཟིང་འཁྲུག་ལྷིང་འཇག་ཟེར་བའི་རྗེས་གསར་བཙུགས་བྱས་པའི་གྲོང་མི་ཨུ་ཡོན་ལྷན་ཁང་དེ་བོད་ལ་སྔར་བྱུང་མ་མྱོང་བའི་ལས་དོན་གསར་པ་ཞིག་ཆགས་ཡོད། བོད་སྐད་ནང་ཚང་མས་ཨུ་ཡོན་ལྷན་ཁང་ཞེས་འབོད་ཀྱི་ཡོད།

སྐབས་དེ་དུས་ལྷ་ས་གྲོང་ཁྱེར་གྱི་གྲོང་སྡེའི་སྒྲིག་འཛུགས་ནི་གྲོང་རྡལ་ཁུལ་གྱི་ཁྲེང་ཀོན་ཆུས་ཟེར་བ་ས་ཁུལ་ཁག་གསུམ་ལས་སྒྲུབ་ཡོད་པ་སྟེ། ཤར་ཕྱོགས་ས་ཁུལ་དང་ལྷོ་ཕྱོགས་ས་ཁུལ། བྱང་ཕྱོགས་ས་ཁུལ་བཅས་ལ་ཟེར་ཞིང༌། རིག་གནས་གསར་བརྗེའི་སྐབས་ས་ཁུལ་རེ་ལ་དོན་གཅོད་ཁང་རེ་ཡོད་པ་ཁག་སོ་སོར་ཤར་ཕྱོགས་དམར་དོན་གཅོད་ཁང་དང་རྒྱལ་ཁ་ལམ་དོན་གཅོད་ཁང༌། ཤར་སྲུང་དོན་གཅོད་ཁང་བཅས་ཡིན་པ་རེད། དོན་གཅོད་ཁང་སོ་སོའི་གཤམ་ལ་ཨུ་ཡོན་ལྷན་ཁང་བཞི་རེ་ཡོད་པས་ཁྱོན་བསྡོམས་ཨུ་ཡོན་ལྷན་ཁང་བཅུ་གཉིས་ཡོད་པ་རེད། དཔེར་ན་ཤར་ཕྱོགས་དམར་དོན་གཅོད་ཁང་ཁོངས་གཏོགས་ལ་གྲོང་མི་ཨུ་ཡོན་ལྷན་ཁང་བཞི་ཡོད་པ་ནི་ཝ་པ་གླིང་དང་ཐལ་སྤུངས་སྒང་། སྦྲ་ནག་ཞོལ། སྐྱིད་རས་བཅས་དང༌། ཡང་རྒྱལ་ཁ་ལམ་དོན་གཅོད་ཁང་ཁོངས་གཏོགས་ཀྱི་ཨུ་ཡོན་ལྷན་ཁང་ནི་བར་སྐོར་དང་ཁྲོམ་གཟིགས་ཁང༌། ཀླུ་སྒུག རབ་གསལ་བཅས་ཡོད། ཤར་སྲུང་དོན་གཅོད་ཁང་ཁོངས་གཏོགས་སུ་རྨེ་རུ་དང་མཚོ་སྨོན་གླིང༌། བསྟན་རྒྱས་གླིང༌། ཞོལ་བཅས་ཡོད། རིག་གནས་གསར་བརྗེའི་སྐབས་གྲོང་མི་ཨུ་ཡོན་ལྷན་ཁང་དེ་ཚོ་རེ་རེ་བཞིན་མིང་ལ་བསྒྱུར་བ་བཏང་ནས་དཔེར་ན་གསར་འཛུགས་དང་གསར་སྲུང༌། རྒྱུན་གསར། ཉི་གཏད་ཟེར་བ་སོགས་བསྒྱུར་བ་བཏང་ཡོད། དེ་མིན་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོའི་ཐད་གཏོགས་ཁུལ་ལ་དགོན་སྡེ་ལྷ་ཁང་དང་ཡང་ན་དེ་མིན་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁག་ཡོད་པ་དཔེར་ན། གཙུག་ལག་ཁང་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཡིན་པ་རེད། དེར་བརྟེན་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོས་གཏོར་དགོས་པའི་རྙིང་པ་བཞི་ཆགས་ཀྱི་ཡོད། རིག་གནས་གསར་བརྗེའི་མཇུག་ཙམ་ལ་གྲོང་མི་ཨུ་ཡོན་ལྷན་ཁང་མང་པོར་གྱུར་བ་ཕྱིན་ཏེ་མཉམ་དུ་སྒྲིལ་བ་དང་ཡང་ན་ཁ་བྲལ་བ་བཅས་བྱས་ཡོད། ཉེ་དུས་ལོ་ཤས་ནང་མི་མང་རུ་ཕྱིན་པ་དང་འཛུགས་སྐྲུན་མང་དུ་ཕྱིན་པ། ས་རྒྱ་ཡང་ཆེ་རུ་བཏང་ཡོད་པས་ད་ཆ་ལྷ་ས་གྲོང་ཁྱེར་ལ་གྲོང་མི་ཨུ་ཡོན་ལྷན་ཁང་ཁྱོན་ཉི་ཤུ་རྩ་བརྒྱད་ཡོད་པ་རེད།

གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་མི་ཁག་ནི་དེ་སྔ་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་འགོ་ཁྲིད་བྱེད་མྱོང་ཡོད་པའི་བཅུ་བཞིས་(གསང་མིང་)བརྗོད་པ་ལྟར་ན། ཚང་མ་ནི་འདེམས་བསྐོ་བྱས་པའི་གཞི་རིམ་ལས་བྱེད་པ་ཡིན་པ་རེད། ཁོང་གིས་ངོ་སྤྲོད་གནང་བར། གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞི་གཞིར་བཟུང་བྱས་ན་ལས་བྱེད་པའི་ཁ་གྲངས་མི་བདུན་ཡོད་པ་སྟེ། འགན་འཛིན་འགོ་ཁྲིད་རྒན་པ་གཅིག་དང་གཞོན་པ་གཉིས། རྒྱུན་ལས་བཞི་བཅས་ཡིན་པས་དེའི་ནང་ བདེ་སྲུང་རྒྱུན་ལས་དང་བུད་མེད་མཉམ་འབྲེལ་རྒྱུན་ལས། འཕྲོད་བསྟེན་རྒྱུན་ལས། གཞོན་ནུ་སྡེ་ཚོགས་ཀྱི་རྒྱུན་ལས་བཅས་ཡོད་པ་རེད། གྲོང་མི་ཨུ་ཡོན་ལྷན་ཁང་ཚང་མར་གུང་ཁྲན་ཚོགས་པའི་རྩ་འཛུགས་རེ་ཡོད་པ་དང་སྤྱིར་བཏང་དྲུང་ཆེ་ཡིས་འགོ་ཁྲིད་གཙོ་བོ་བྱེད་ཀྱི་ཡོད།(དེང་སང་གཞི་རྩའི་ཐོག་ལས་འགན་གཅིག་ལྕོགས་འཁུར་གྱི་མེད།) འགན་འཁུར་བ་གཙོ་བོ་དེ་ལ་ཟླ་རེར་གླ་ཕོགས་ཡོད་པ་དང་དེ་མིན་ལས་བྱེད་གཞན་ཚོར་འཚོ་བའི་ཁ་སྣོན་སྤྲད་པ་ལས་གླ་ཕོགས་ལེན་རྒྱུ་མེད། དེང་སྐབས་གྲོང་མི་ཨུ་ཡོན་ལྷན་ཁང་ཚང་མར་མི་མངོན་པའི་ཡོང་འབབ་སྣ་ཚོགས་ཡོད་པ་དཔེར་ན། ཁྲོམ་སའི་ཡོང་འབབ་དང་ས་ཆའི་ས་རིན། འཁོར་གསུམ་རྐང་འཁོར་གྱི་ཡོང་འབབ། གླ་ཆེད་མོ་ཀྲའི་ཡོང་འབབ་སོགས་ཡོད། གོ་ཐོས་ལ་གྲོང་མི་ཨུ་ཡོན་ལྷན་ཁང་འགའ་རེའི་འགོ་ཁྲིད་གོང་གསལ་ཆ་རྐྱེན་རྣམས་ཡོད་པའི་དབང་གིས་ཧོབ་ཐོན་ཕྱུག་པོར་གྱུར་ཏེ་ཕྱུག་ཉམས་རྒྱས་སྤྲོས་དང་རུལ་སུངས་ཀྱི་ཚད་གཞི་ནི་དེ་སྔའི་བོད་ཀྱི་མངའ་བདག་ཆེན་པོ་གསུམ་ཟེར་བ་ལས་ལྷག་པ་ཡོད་པ་རེད་འདུག དེའི་ཐོག་ནས་གསལ་ཤེས་ཐུབ་པར་གང་ལྟར་ཆབ་སྲིད་མངོན་གསལ་དོད་པོའི་དུས་སྐབས་དང་དཔལ་འབྱོར་གཙོ་བོ་འགྱུར་དུས་སྐབས་གང་འདྲ་ཡིན་རུང་གྲོང་མི་ཨུ་ཡོན་ལྷན་ཁང་ནི་ཐོག་མཐའ་བར་གསུམ་དུ་ཆུ་དང་ཉེ་བའི་བ་གམ་ཐོག་ཟླ་བའི་འོད་ཟེར་སྔོན་དུ་ཕོག་ཟེར་བ་ལྟར་གྱི་གང་དུ་མཐུན་རྐྱེན་འཛོམས་པས་ན་དེར་ཁེ་བཟང་སྔོན་ལ་ཐོབ་ཀྱི་ཡོད་པ་ལྟ་བུ་ཆགས་ཡོད།

རིག་གནས་གསར་བརྗེའི་སྐབས་ལ་ཆ་མཚོན་ན། གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོ་ནི་མང་ཚོགས་དབྱེ་འཕྱེས་ཁ་ཕྲལ་གྱིས་འཛིན་སྐྱོང་བྱེད་རྒྱུ་འདི་ཡིན་པ་རེད།

ཞིབ་ཕྲ་ཞུས་ན། སྔོན་ལ་བར་རིམ་སྒྲིག་སྟེ་དེ་ནས་གྲོང་མི་རྣམས་དབྱེ་བ་ཕྱེས་ཡོད་པ་སྟེ། རྟེན་ཡུལ་དང་མཐུན་སྒྲིལ་བྱ་ཡུལ། སྲུང་སྐྱོབ་བྱ་ཡུལ། རྡུང་རྡེག་གཏོང་ཡུལ་བཅས་ཁག་བཞི་ལ་དབྱེ་བ་ཕྱེས་ཀྱི་ཡོད། དེ་ནས་ཟ་འབྲུ་དང་ཐེམ་ཐོ་བེད་སྤྱད་དེ་འཇིགས་སྐུལ་བྱས་ནས་གལ་ཏེ་ཁ་ལ་མ་ཉན་མཁན་ཡོད་ཚེ་འབྲུ་རིགས་ཉོ་ཆེད་ཀྱི་སྤ་སེ་མེད་པ་བཟོ་བ་དང་དེ་བཞིན་ཐེམ་ཐོ་མེད་པ་བཟོས་པའི་ཉེས་ཆད་སྤྲད་ནས་དོན་དངོས་ཐོག་འཚོ་གནས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་པའི་མི་ནག་པོ་ཞིག་ཆགས་ཀྱི་ཡོད་པ་རེད། འདི་ནི་ཧ་ཅང་གི་གདུག་རྩུབ་ཆེ་བ་ཞིག་དང་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་ཐབས་ཤེས་ཤིག་ཡིན་ཙང་སུ་འདྲ་ཞིག་གིས་ཀྱང་འདིར་མི་ཞེད་མཁན་ཡོད་པ་མ་རེད། རྨེ་རུ་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་བཅུ་གཅིག་(གསང་མིང་)གིས་བརྗོད་པར་སྐབས་དེ་དུས་ང་ཚོ་མི་རེར་ཟླ་བ་གཅིག་ལ་འབྲུ་རིགས་རྒྱ་མ་ཉི་ཤུ་རྩ་དྲུག་ཉོ་ཆོག་པའི་ལག་འཁྱེར་རེ་ཡོད་པས་དེའི་ནང་གྲོ་ཞིབ་རྒྱ་མ་བཅུ་དང་རྩམ་པ་རྒྱ་མ་བཅུ་དྲུག མར་རྒྱ་མ་གཅིག་བཅས་ཡོད། གལ་ཏེ་གྲོང་མི་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར་བཀའ་བརྩི་དང་ལེན་མ་ཞུས་ན་འབྲུ་རིགས་ཉོ་ཆོག་པའི་ལག་འཁྱེར་མེད་པ་བཟོས་ན་རྩམ་པ་བཟའ་རྒྱུ་མེད་པ་ཆགས་ཀྱི་ཡོད། དེར་བརྟེན་ཉེས་པ་དེ་ལས་ལྗི་བ་གང་ཞིག་ཡོད། ཕན་ཚུན་སོ་ལྟ་དང་ཕན་ཚུན་ཐེར་འདོན། ཕན་ཚུན་འཐབ་རྩོད་བྱེད་ཀྱི་ཡོད་ཅེས་གསུངས་བྱུང༌། བྱ་ཐབས་དེ་རིགས་གདུག་རྩུབ་ཧ་ཅང་ཆེན་པོ་ཡོད་པ་རེད་འདུག བོད་པའི་རྩོམ་པ་པོ་བགྲེས་སོང་ཞིག་གིས་དེ་ལྟར་མཇུག་བསྡོམས་གནང་དོན་ལ། གྲོང་མི་ཨུ་ཡོན་ལྷན་ཁང་ནི་དངོས་གནས་ཐལ་ཆ་ཆེ་བའི་གཡོན་གྱི་ལམ་ཕྱོགས་ལག་བསྟར་བྱེད་མཁན་གྱི་དཔེ་མཚོན་ཞིག་རེད། རིག་གནས་གསར་བརྗེའི་སྐབས་ཚན་པ་གང་འདྲ་ཞིག་ལས་ཐལ་ཆ་ཆེ་བ་ཡོད། གྲོང་མི་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོའི་ནང་མི་སུས་མ་ཞུགས་པ་ཡིན་ན་ལམ་སེང་གསར་བརྗེར་ངོ་ལོག་པར་མ་རྩིས་ན་ལམ་ཕྱོགས་བརྟན་པོ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གྲོང་མི་ཨུ་ཡོན་ལྷན་ཁང་དེ་ཚོའི་འགོ་ཁྲིད་ཚང་མ་ནི་ཡུལ་གྱི་རྒྱལ་པོ་ལྟ་བུ་ཡིན་པས་དབང་ཤེད་ཧ་ཅང་ཆེན་པོ་ཡོད། སྐབས་དེ་དུས་ཁྱིམ་ཚང་གི་སྐྱེ་ཁུངས་ཡག་པོ་མེད་པའི་རྐྱེན་གྱིས་མཐོང་ཆུང་ཚད་མེད་ཕོག་པའི་ཉི་མ་(གསང་མིང་)ནི་ཐལ་སྤུངས་སྒང་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཡིན་པས་ཁོང་ནས་ཀྱང་ཕྱིར་དྲན་གྱིས་གསུངས་པར་གྲོང་མི་ཨུ་ཡོན་ལྷན་ཁང་ལ་དབང་ཆ་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་དུས་སྐྱེ་ཁུངས་ཡག་པོ་མེད་པའི་ཁྱིམ་ཚང་གི་ཕྲུ་གུས་དུག་ལོག་གསར་པ་ཞིག་གྱོན་པ་ཡིན་ནའི་ལས་བྱེད་པ་ཚོས་སྐད་ཆ་དྲིས་ཏེ་ཁྱེད་རང་ཚོར་དུག་ལོག་གསར་པ་ཡོད་པ་དང་ང་ཚོར་མེད་པ་གང་རེད་ཅེས་བརྗོད་ཀྱི་ཡོད་པ་དང༌། ཡང་ཁྱིམ་ནང་ཇ་སྲུབ་མ་བཟོས་པ་ཡིན་ནའི་ཁྱེད་རང་ཚོར་མར་ག་ནས་བྱུང་ངམ་ང་ཚོར་མེད་པ་དང་ཁྱེད་རང་ཚོར་ཡོད་པ་ག་རེ་ཡིན་ཟེར་སྐད་ཆ་དྲིས་ཀྱི་ཡོད། ད་དུང་ཚལ་རྔོ་སྐབས་ཚལ་སླང་ནང་སྣུམ་ཏོག་ཙམ་བླུགས་ནས་རྔོས་པའི་ཚར་སྒྲ་ཐོན་ན་ཡང་ཁྱེད་རང་ཚོར་ཚལ་རྔོ་བའི་སྣུམ་གང་ནས་བྱུང་བ་རེད་དམ་ཞེས་སྐད་ཆ་དྲིས་ཀྱི་ཡོད་པས་དེ་ལྟར་འཚོ་བ་བསྐྱལ་དགོས་དུས་ད་ཆ་བསམ་བློ་བཏང་ན་ཡང་སེམས་ནང་ཞེད་སྣང་ཡོང་གི་འདུག

བོད་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་ཁག་གི་ཚོགས་ཁང་ནང་ད་དུང་ཡང་མའོ་ཙེ་ཏུང་གི་འདྲ་པར་བཀལ་ནས་འདུག་པས་ཡུད་ཙམ་རིང་རིག་གནས་གསར་བརྗེའི་རྣམ་པ་འདི་མིག་མདུན་འཁོར་བྱུང༌། ཧུར་བརྩོན་ཅན་རྒན་པོ་རྐང་བཙུགས་ནི་དེ་སྔོན་བཞིན་དམར་པོ་ཡོད་པ་རེད་འདུག་ལ། བཅའ་འདྲིར་ཁ་ཕྱོགས་སྐབས་དུས་རབས་འདྲ་མིན་གྱི་སྲིད་དོན་མིང་ཚིག་སྣ་ཚོགས་ཁ་ནས་དོན་ཆོག་ཆོག་འདུག གུས་མོས་ཆེད་མངགས་ཁོ་པར་འདྲ་པར་འདི་བརྒྱབ་པ་ཡིན།

དོན་དངོས་ཐོག་ད་ཆ་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྐོར་གླེང་སྐབས་ད་དུང་མི་མང་པོའི་སེམས་ནང་གི་སྐྲག་སྣང་དེ་མེད་པ་བཟོ་ཐུབ་ཀྱི་མེད། སྐྱེ་ཁུངས་སྐུ་དྲག་ཡིན་པའི་སློབ་འབྲིང་གི་དགེ་རྒན་ཁོང་སྐབས་དེ་དུས་གང་ཡང་མི་ཤེས་པའི་ཕྲུ་གུ་ཞིག་རེད། གུས་མོས་བཅར་འདྲི་མཇུག་སྒྲིལ་དུས་ཁོང་གིས་ཡང་ནས་ཡང་དུ་གཟབ་ནན་ངང་འདྲ་པར་ཐོག་གི་ཧུར་བརྩོན་ཅན་དེ་ཚོ་ཁོང་གིས་ངོ་ཤེས་ཏེ་བརྗོད་ཡོད་པ་རྩ་བ་ནས་མ་བྲིས་རོགས། དེས་མིན་ན་ཁོ་པ་ཚོས་ཤེས་པ་ཡིན་ན་འཁོན་ལན་སློག་རྒྱུ་ངེས་གཏན་རེད་ཅེས་ནན་མངགས་གནང་གི་འདུག གློ་བུར་དུ་ཁོང་གི་མདུན་ཐོན་པའི་སྐྲག་སྣང་དེས་ལམ་སེང་གུས་མོ་སྔ་ས་ནས་ཐག་རིང་ཆགས་པའི་རིག་གནས་གསར་བརྗེའི་དུས་སྐབས་དེར་ཁྲིད་པ་ལྟ་བུ་བྱུང༌།