ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་བཏང་བ།

༄༅།། ལྷ་སར་ལྷ་འདྲེ་གདོན་བགེགས་ཟེར་བ་ཁྲོམ་སྐོར་ལ་ཁྲིད་དེ་དགག་པ་དང་འཐབ་འཛིང་ཐེངས་དང་པོ་འདི་སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༧ཉིན་བཏང་ཡོད་པ་རེད། ཉིན་ལྟར་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་འོག་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་ཁག་གི་ཧུར་བརྩོན་ཅན་དང་གྲོང་མི་དཀྱུས་མ་སྒྲིག་འཛུགས་བྱས་ཏེ་སོ་སོའི་ཁོངས་གཏོགས་ཀྱི་ལྷ་འདྲེ་གདོན་བགེགས་ཁྲོམ་གཞུང་ལ་ཁྲིད་ནས་འཐབ་འཛིང་བཏང་ཡོད། དེ་རྗེས་ཚང་མ་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་མཉམ་འཛོམས་བྱས་ཏེ་དགག་པ་དང་འཐབ་འཛིང་བྱས་ཡོད་པ་རེད།

འདིར་འདྲ་པར་ཁག་ཅིག་ཡོད་པ་འདིའི་ཐོག་ནས་རྣམ་པ་སྣ་ཚོགས་ཀྱི་ལྷ་འདྲེ་གདོན་བགེགས་ཟེར་བ་ཡོད་པའི་ནང་གཙོ་ཆེ་བ་ཆོས་ཕྱོགས་ཀྱི་མི་སྣ་དང་སྲིད་གཞུང་རྙིང་པའི་དཔོན་རིགས། ཚོང་པ། དམག་དཔོན་རྙིང་པ། གྲོང་གསེབ་ནང་གི་མངའ་བདག་མངའ་ཚབ་ངོ་མ་བཅས་ཚུད་ཡོད་པ་རེད། དེ་དག་ཁག་སོ་སོ་མང་ཚོགས་ཀྱི་ཚོགས་ཆེན་ཐོག་ཁྲིད་དེ་མཉམ་དུ་དགག་པ་དང་འཐབ་འཛིང་བྱས་པ། ཁྲོམ་སྐོར་ལ་ཁྲིད་བཞིན་དུ་དགག་པ་དང་འཐབ་འཛིང་བཏང་བ། ཡང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རིམ་པ་བཞིན་དགག་པ་དང་འཐབ་འཛིང་བཏང་བ་བཅས་གཞི་ཁྱོན་མི་འདྲ་བའི་བྱེད་སྟངས་བརྒྱུད་སྡུག་སྤྱོང་ཚད་མེད་མྱོང་དགོས་བྱུང་བ་རེད། དུས་ཚོད་ནི་སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པའི་ཟླ་མཇུག་ནས་ཟླ་བ་དགུ་པ་བར་རེད། དེའི་སྐབས་དར་སྲོལ་ཡོད་པའི་ཆབ་སྲིད་ཀྱི་ཐ་སྙད་ཀྱིས་མཛེས་རྒྱན་སྤྲས་ནས་བརྗོད་པ་བཞིན་འདི་ནི་མང་ཚོགས་ཀྱི་སྲིད་དབང་སྒེར་འཛིན་བྱེད་པའི་ཐབས་ལམ་ཐོག་ནས་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་གྱི་སྟོབས་ཆེའི་འཇིགས་སྣང་སྐུལ་བའི་ནུས་པ་མངོན་པ་དེས་བོད་མི་ཡོངས་ལ་ཏན་ཏན་སློབ་གསོ་གཏིང་གཟབ་ཅིག་ཐེབས་ཡོད་ཀྱི་རེད།

དོན་དངོས་ཐོག་མུ་མཐུད་དགག་པ་དང་འཐབ་འཛིང་བྱས་པའི་དུས་ཡུན་ནི་ཟླ་བ་གསུམ་བཞི་ཙམ་འགོར་བ་དང་རྗེས་སུ་ཤོག་ཁའི་རང་བཞིན་གྱི་འཐབ་རྩོད་བྱེད་པའི་དབང་གིས་གཅིག་ནས་གཅིག་བརྒྱུད་དེ་ཤོག་ཁག་གཉིས་ཕན་ཚུན་མུ་མཐུད་འཐབ་རྩོད་བྱེད་ཀྱི་ཡོད་པ་དང༌། ད་དུང་ལྷ་འདྲེ་གདོན་བགེགས་རྣམས་ཕྱོགས་གཅིག་ལ་སྒྲིལ་ཏེ་ཚོགས་ཆུང་བཙུགས་ནས་གྲོང་མི་ལྷན་ཁང་གིས་དུས་ཡུན་རིང་པོའི་ནང་ངལ་རྩོལ་དང་སློབ་གསོ་བྱེད་དུ་བཅུག་པའི་མཇུག་འབྲས་ནི་སྨྱོ་ཡག་སྨྱོ་བ་དང་ནད་པ་ཆགས་པ། རྐྱེན་འདས་ཕྱིན་པ་བཅས་བྱུང་ཡོད། འདྲ་པར་ཐོག་གི་མི་ཁག་ཅིག་དུས་ཚོད་འདིའི་སྐབས་འདས་གྲོངས་ལ་སོང་ཡོད་པ་དང༌། མི་ཁག་ཅིག་ནི་ལོ་འགའ་ཤས་སྔོན་འདས་གྲོངས་ལ་སོང་ཡོད་པ་རེད། ད་ལྟ་བར་གསོན་པོར་གནས་པ་མང་པོ་མེད་ལ། འཚོ་གནས་ཐུབ་པའི་ནང་མི་ཁ་ཤས་བོད་ནས་ཁ་བྲལ་ཏེ་ཕྱི་རྒྱལ་ལ་སྐྱོད་ཡོད་པ་རེད། བོད་ལ་སྡོད་མཁན་ཚོ་ནི་ཡང་བསྐྱར་ཕོགས་ཐོབ་ཆེན་པོའི་དཔོན་རིགས་བྱེད་རྒྱུ་བྱུང་སྟེ་འཐབ་ཕྱོགས་གཅིག་གྱུར་བྱེད་ཡུལ་ཆགས་ཡོད་པ་རེད། ཁོང་ཚོ་ནི་ཆབ་སྲིད་གྲོས་ཚོགས་དང་མི་དམངས་འཐུས་མི་ཚོགས་ཆེན། ཆོས་དོན་ལྷན་ཁང་བཅས་སོ་སོར་ལས་བགོས་བྱས་ཡོད་པས་འདི་ནི་ཕྱིར་སྟོན་པའི་མེ་ཏོག་བུམ་པ་ལྟར་མིན་ན་གཞུང་སྐུལ་སྒེར་སྤྱོད་ཀྱི་མགྲིན་ཚབ་པ་རང་རེད།།

མི་ཚོགས་ཆེན་པོ་ཡོད་པའི་ལྷ་ལྡན་གཙུག་ལག་ཁང་གི་གསུང་ཆོས་རྭ་བ་འདི་ལྷ་འདྲེ་གདོན་བགེགས་ཟེར་བར་དགག་པ་དང་འཐབ་འཛིང་གཏོང་སའི་ཚོགས་རྭ་ཆེན་པོ་ཞིག་ཆགས་ཡོད། འདི་དང་འདྲ་བའི་གནས་ཚུལ་སྐབས་དེ་དུས་རྟག་ཏུ་ཐོན་གྱི་ཡོད་པ་རེད།

དེང་སང་ཡང་པར་ལེན་མཁས་ཅན་ཡིན་པའི་དེ་མོ་དབང་ཕྱུག་རྡོ་རྗེས་ཕ་མ་གཉིས་ཐོག་མར་ ཁྲོམ་སྐོར་ལ་འཐབ་འཛིང་བྱེད་པར་ཁྲིད་པའི་དུས་ཚོད་གསལ་པོ་ངེས་ཀྱི་འདུག དེ་ཡང་ནོར་བུ་གླིང་ཁའི་མིང་ལ་མི་དམངས་སྤྱི་གླིང་ཟེར་བསྒྱུར་བའི་སྔོན་གྱི་ཉིན་མོ་སྟེ་སྤྱི་ལོ་༡༩༦༦ལོའ་ིཟླ་༧ཚེས་༢༧ཉིན་ཡིན་པ་རེད། ཁོང་གི་པཱ་ལགས་དེ་མོ་བློ་བཟང་འཇམ་དཔལ་ལུང་རྟོགས་བསྟན་འཛིན་རྒྱ་མཚོ་ཞུ་བ་ནི་སྐད་གྲགས་ཡོད་པའི་དེ་མོ་སྐུ་འཕྲེང་བཅུ་པ་མཆོག་ཡིན་པ་དང་།དེ་མོ་ རིན་པོ་ཆེ་ནི་བོད་ཀྱི་ནང་ཆོས་ནང་གི་རྩ་ཆེའི་བླ་སྤྲུལ་གྲས་ཤིག་རེད། ལྷ་སར་སྐད་གྲགས་ཡོད་པའི་བསྟན་རྒྱས་གླིང་གི་དགོན་བདག་ཡིན། དེ་མོ་སྐུ་འཕྲེང་དྲུག་པ་དང་བདུན་པ། དགུ་པ་བཅས་ཀྱིས་དེ་སྔོན་བོད་ཀྱི་སྲིད་སྐྱོང་གནང་མྱོང་ཡོད། དེ་མོ་རིན་པོ་ཆེ་སྐུ་འཕྲེང་བཅུ་པ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་འདྲ་པར་ལེན་གནང་མཁན་སྔ་ཤོས་དང་བོད་ཀྱི་པར་པ་མཁས་ཤོས་ཀྱང་ཡིན་པ་རེད།

འདྲ་པར་ཐོག་དགུང་གྲངས་དྲུག་བཅུ་རེ་དྲུག་པ་ཕེབས་པའི་དེ་མོ་རིན་པོ་ཆེ་ཡི་དབུ་ལ་དབུ་ཞྭ་མཐོ་པོ་གཡོགས་པ་དང་དེའི་སྟེང་བོད་ཡིག་གིས་འདི་ལྟར་བྲིས་ཡོད་པ་སྟེ་ལོག་སྤྱོད་ཀྱི་ཞིང་བྲན་བདག་པོ་བསྟན་འཛིན་རྒྱ་མཚོ་རྩ་མེད་མཐར་ཕྱིན་གཏོང་རྒྱུ་ཞེས་དང་བྲང་ཁོག་མདུན་གྱི་པར་ཆས་འདི་ཁོང་གི་ནག་ཉེས་ཀྱི་དཔང་རྟགས་ལ་འཁྱེར་ཡོང་སྟེ་ཁོང་ནི་ཕྱི་རྒྱལ་དང་ངན་འབྲེལ་བྱེད་མཁན་གྱི་ལོག་སྤྱོད་པ་ཞིག་ཡིན་པར་གསང་བརྡ་བྱས་ཡོད།དོན་དངོས་ཐོག་ཧྲང་ཧད་༥༨II རྟགས་ཅན་གྱི་༡༣༥པར་ཆས་འདི་ཁོང་གི་བུ་དབང་ཕྱུག་རྡོ་རྗེའི་ཡིན་པ་རེད། དེ་མོའ་གསང་ཡུམ་གྱིས་རྩམ་ཁུག་ནང་སྦས་གནང་ཡོད་ཀྱང་གྲོང་མི་ལྷན་ཁང་གི་དམར་སྲུང་དམག་གིས་ཁྱིམ་ལ་སྔོག་བཤེར་བྱེད་སྐབས་ཐོན་པ་རེད་འདུག ཡང་དེ་མོ་རིན་པོ་ཆེ་སྐུ་སྒེར་གྱི་སྤུས་ལེགས་པར་ཆས་ཆ་ཚང་ལས་དོན་རུ་ ཁག་གིས་སྔ་ས་ནས་གཞུང་བཞེས་བཏང་ཚར་བ་རེད། ཁོང་ཚོས་རྒྱུ་མཚན་བརྗོད་ཡག་ལ་པར་ཆས་ནི་གསང་མྱུལ་གྱི་ཉེས་པ་གསོག་པའི་ལག་ཆ་ རེད་ཟེར་ བ་དང་པར་ཆས་དེ་ཚོའི་ནང་ནས་པར་ཆས་གཅིག་རུས་མིང་ལ་ཡན་ཟེར་བའི་ལས་དོན་རུ་ཁག་ གི་འགོ་ཁྲིད་དེས་སྒེར་སྤྱོད་བྱས་ཏེ་རྩ་བ་ནས་སྤྲད་མེད་པ་རེད་འདུག

དགུང་ལོ་བཞི་བཅུ་ཞེ་བདུན་ལ་ཕེབས་པའི་དེ་མོའ་གསང་ཡུམ་ལ་དེ་སྔ་ལྷ་སའི་སྐུ་དྲག་ལྷ་ལྕམ་གྱི་མཛེས་ཤིང་ཡིད་དུ་འོང་བའི་གྱོན་ཆས་གཡོགས་པ་དང་ལག་གཉིས་ཀྱི་སྟེང་ཡོད་པའི་ཤིང་བཀྲོལ་ནང་གསེར་དངུལ་ནོར་བུའི་རིགས་བླུགས་པ་ཡོད་པ་རེད། དེ་མོ་དབང་ཕྱུགས་རྡོ་རྗེས་དྲན་གསོས་གནང་སྟེ་གསུངས་དོན་ལ། ཁྲོམ་སྐོར་ལ་ཁྲིད་རིམ་བཞིན་ཁོ་པ་ཚོས་ངའི་པཱ་ལགས་ལ་ང་ཚོའི་ཁྱིམ་ཚང་གི་སྲུང་མ་རྩི་དམར་རའི་ན་བཟའ་གཡོགས་པ་དང་ངའི་ཨ་མ་ལགས་ལ་ལྷ་ལྕམ་ གྱི་གྱོན་ཆས་རྒྱས་པོ་གཡོགས་ཀྱིན་འདུག རྗེས་སུ་པཱ་ལགས་ཀྱིས་ང་ལ་གསུངས་དོན། དེའི་སྐབས་ང་བཟུང་ནས་ཁྲོམ་སྐོར་བྱེད་སྐབས་སེམས་ཁྲལ་ཆེ་ཤོས་ནི་ཁོ་པ་ཚོས་ང་ལ་བཙན་ཤེད་ཀྱིས་དགེ་འདུན་པའི་ན་བཟའ་གྲ་ཆས་གཡོག་ཡོང་བསམ་པའི་སེམས་ཁྲལ་བྱུང༌། དེ་འདྲ་བྱས་ན་ང་ངོ་ཚ་བཟོད་ཐབས་མེད་པ་ཡོང་ངེས་ཡིན་པས་སྟབས་ལེགས་པར་ཁོ་པ་ཚོས་ང་ལ་ལྷ་ཆས་སྲུང་མ་རྩི་དམར་རའི་ན་བཟའ་གཡོགས་བྱུང་བ་དེས་མི་ཚོར་ཟློས་གར་འཁྲབ་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་ཡོད་ཀྱི་རེད། ད་དུང་ཁྲོམ་སྐོར་ལ་ཁྲིད་སྐབས་ཕྲུ་གུ་བུ་ཆུང་ཆུང་ཞིག་གིས་ང་ལ་དྲང་བདེན་གྱིས་རང་སྐྱོན་ངོས་ལེན་བྱེད་དགོས་ཞེས་བརྗོད་པ་ལས་མཐའ་སྐོར་ནས་ལྟ་མཁན་ནང་མི་སུ་ཞིག་གིས་ཀྱང་ཉེས་རྡུང་གཏོང་མཁན་མ་བྱུང་ལ་གཤེ་གཤེ་གཏོང་མཁན་ཡང་མ་བྱུང་བས་ཡག་པོ་བྱུང༌། ཡིན་ནའི་དེ་མོའ་གསང་ཡུམ་ལ་མཚོན་ན་ཁྱིམ་ཚང་ལ་སྔོག་བཤེར་བྱས་པ་དང་ཁྲོམ་སྐོར་ལ་ཁྲིད་དེ་དགག་པ་འཐབ་འཛིང་གཏོང་བ་སོགས་འཛེམ་བག་མེད་པའི་སྒོ་ནས་བརྙས་བཅོས་བཏང་བ་དང་ད་དུང་གྲོང་མི་ལྷན་ཁང་ནང་ཡུན་རིང་ཁེར་རྐྱང་བཅུག་པར་བརྟེན་རྗེས་སུ་ཁོང་ལ་སེམས་སྡུག་ཆེན་པོ་བྱུང་ནས་ལོ་གཅིག་རང་ནང་ལ་སྨྱོ་བ་དང་སྐུ་ཚེ་མ་ཟིན་པ་རེད། དེ་ནས་ལོ་དྲུག་སོང་བའི་རྗེས་དེ་མོ་རིན་པོ་ཆེ་ཡང་དགོངས་པ་རྫོགས་པ་ཡིན་ནའི་ཁོང་གི་མཚན་སྙན་དང་མཚུངས་པའི་ བོད་ཀྱི་སྲོལ་རྒྱུན་ལྟར་རྗེས་མཇུག་ཁག་བྱེད་བཅུག་མེད་པ་རེད།

འདི་ནི་བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བྱས་པའི་ཁྲོམ་ སྐོར་འཐབ་འཛིང་བཏང་བའི་རུ་སྒྲིག་རེད་ལ་ཧུར་བརྩོན་ཅན་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་མུར་མཛོག་བསྒྲེངས་བཞིན་དེ་མོ་རིན་པོ་ཆེ་དང་གསང་ཡུམ་གཉིས་ལྟ་སྐུལ་འོག་ཁྲིད་པ་ནི་ཁོ་པ་ཚོས་ལྷ་འདྲེ་གདོན་བགེགས་ཟེར་བར་སྡང་སེམས་ཆེར་སྐྱེད་ཡོད་པ་མངོན་པར་བྱས་པ་དང་གཡོན་གྱི་མི་དེའི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད། དེ་སྔ་ཁོ་པ་ནི་ཐེར་གེ་གཏོང་མཁན་ཡིན་པ་དང་རིག་གནས་གསར་བརྗེའི་སྐབས་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བྱས་པ་རེད། དེ་མོའ་ཁྱིམ་ཚང་སྔོག་བཤེར་བྱེད་སྐབས་ཁོ་པས་རྙིང་པ་བཞི་གཏོར་བའི་མིང་འཁྱེར་ཏེ་གྱོན་ཆས་དང་ནོར་བུའི་རིགས་ཆས་སོགས་འཕྲོག་ནས་མ་སྤྲད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་བླུ་ཉོ་(སྤྱི་ལོ་༡༩༥༩ལོའ་རྗེས་ཀྱི་དམངས་གཙོ་བཅོས་སྒྱུར་སྐབས་ངོ་ལོག་ཟིང་འཁྲུག་ནང་མ་ཞུགས་པའི་སྐུ་དྲག་དང་ཞིང་ཁའི་བདག་པོ།དགོན་སྡེ་གྲྭ་ཚང་གི་རྒྱུ་ནོར་ལ་བླུ་ཉོ་སྲིད་ཇུས་ལག་བསྟར་བྱས་ཏེ་བླུ་ཉོ་བྱེད་པའི་དངུལ་སྤྲོད་བྱེད་འཛིན་ཤོག་སྤྲད་ཀྱི་ཡོད། འཛིན་ཤོག་འདི་འཁྱེར་ནས་དངུལ་ཁང་ལ་དངུལ་ལེན་རྒྱུ་ཡོད།)བྱས་ཏེ་དེ་མོ་རིན་པོ་ཆེའི་དངུལ་འཛིན་ཡང་འཕྲོག་ནས་མ་སྤྲད་པ་རེད། རྗེས་སུ་དབང་ཕྱུག་རྡོ་རྗེས་མཐའ་གཅིག་ཏུ་དེད་པའི་དབང་གིས་མ་སྤྲད་ཐབས་མེད་བྱུང་ཡོད། ཡིན་ནའི་ཁོ་པས་དངུལ་འཛིན་ནས་སྒོར་ཉིས་བརྒྱ་ལེན་ཚར་ཡོད་པས་སྐབས་དེ་དུས་མཚོན་ན་གྲངས་ཀ་ཉུང་ཉུང་ཞིག་རྩ་བ་ནས་མ་རེད། རྗེས་སུ་བཀྲ་ཤིས་རྩེ་ཕོ་བྲང་གི་མདུན་སྒོའ་སྒོ་སྲུང་བ་རེད་བཞག སྤྱི་ལོ་༢༠༠༣ལོའ་ཟླ་བ་གཉིས་པའི་ནང་མ་གཞི་བྱས་ན་ངས་ཁོང་ལ་བཅའ་འདྲི་ཞུ་རྩིས་བྱས་པ་ཡིན་ན་ཡང་གོ་ཐོས་ལ་ཁོང་དེའི་སྔོན་ཙམ་ལ་ནད་གཞིའི་དབང་གིས་ཚེ་ཟིན་མི་འདུག

གཡས་ཕྱོགས་ཀྱི་གྱོན་ཆས་སྟོད་ཐུང་གོས་ཐུང་གཉིས་ཀ་རྩབ་རལ་ཡིན་པའི་མི་དེའི་མིང་ལ་བསྟན་འཛིན་ཟེར་གྱི་ཡོད་པ་དང་ཁོ་པ་ནི་ལྷ་འདྲེ་གདོན་བགེགས་ཟེར་བའི་ཚོགས་ཆུང་གི་འགོ་ཁྲིད་རེད། བཤད་ཡག་ལ་ཁོ་པ་ནི་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་གཏོང་མཁན་ཧུར་བརྩོན་ཆེ་ཤོས་དང་དེ་མོའི་གསང་ཡུམ་ཁོ་པས་ཉེས་རྡུང་ཚད་མེད་བཏང་ཡོད་པ་བརྗོད་ཀྱི་འདུག་པ་དང༌། ཁོ་པ་ནི་སྔ་ས་ནས་ཚེ་ལས་འདས་ཟིན་འདུག

བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་ཁྲོམ་སྐོར་འཐབ་འཛིང་རུ་ཁག་འདི་གཙུག་ལག་ཁང་མདུན་གྱི་ཁྲོམ་གཞུང་བརྒྱུད་སྐྱོད་བཞིན་ཡོད་པ་དང་སྐབས་དེ་དུས་ས་ཆ་འདིར་ཡངས་ཤིང་རྒྱ་ཆེན་པོ་ཞེ་དྲག་འདུག འོན་ཀྱང་ད་ལྟ་སྐད་སྒྲ་ཆེན་པོ་དང་འཚང་ཁ་ཤིག་ཤིག་གི་ཕར་འགྲོ་ཚུར་འོང་བྱེད་མཁན་མི་དང་འཁོར་ལོའི་རིགས། ཁྲོམ་སྟོན་མཁན་བཅས་ཀྱི་ཁེངས་བསྡད་ཡོད། འདྲ་པར་ཐོག་གི་བོད་ཁང་དེ་དག་མར་བཤིག་སྟེ་ད་ལྟ་ཁང་པ་གསར་པ་རྒྱབ་ཡོད་པ་རེད། དེ་སྔ་ཁང་པ་དེ་ནི་འབྲས་སྤུངས་དགོན་པའི་འཛིན་སྐྱོང་འོག་གི་མིང་ལ་ཇུས་གཏིང་གླིང་ཟེར་གྱི་ཡོད། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་དངོས་མང་པོ་ཡོད། ཡིན་ནའི་དྲག་པོའི་འཐབ་རྩོད་སྐབས་གྱེན་ལོག་ཤོག་ཁག་གི་རྟེན་གཞི་ཆགས་ཡོད་པ་དང། བཤད་སྲོལ་ལ་ཐོག་ཁའི་སྟེང་མེ་མདའ་སྦག་སྦག་བཙུགས་ནས་གཤམ་འོག་ལ་འཕེན་གྱི་ཡོད་པ་རེད་འདུག་ལ། རྗེས་ལ་ཁང་པ་འདི་བཤིག་པ་རེད།

དོན་དངོས་ཐོག་བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལྷ་འདྲེ་གདོན་བགེགས་ཁོངས་སུ་ད་ལྟ་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཡང་ཡོད། ཁོང་ཡང་དེ་ལྟར་ཁྲོམ་སྐོར་ལ་འཐབ་འཛིང་བཏང་མྱོང་ཡོད་པ་རེད། འོན་ཀྱང་ཁྲོམ་སྐོར་ལ་ཁྲིད་པ་འདིའི་ནང་མེད། འདྲ་པར་ཐོག་གི་ལྷ་འདྲེ་གདོན་བགེགས་རྣམས་ནས་དེ་སྔ་རང་གི་མིང་ཐོབ་དང་གོ་གནས་བཅས་དང་མཚུངས་པའི་ཆ་ལུགས་ཀྱི་གྱོན་ཆས་སྤྲས་ཡོད་པ་དེས་ཁོ་པ་ཚོ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་ལོག་སྤྱོད་ཀྱི་མངའ་བདག་ཆེན་པོ་གསུམ་ཡིན་པ་གསལ་འདོན་བྱས་པའི་རྐྱེན་ཁོ་པ་ཚོའི་མགོའི་སྟེང་གི་ཞྭ་མོ་མཐོ་པོ་དང་བྲང་ཁོག་མདུན་གྱི་ཤོག་བུའི་སྟེང་ཁོང་ཚོར་བརྙས་བཅོས་ཀྱི་རང་བཞིན་ལྡན་པའི་ཡི་གེ་སྣ་ཚོགས་བྲིས་ཡོད་པ་རེད།

དེ་མོ་རིན་པོ་ཆེའི་རྒྱབ་ཏུ་ཁྲིད་པའི་ལྷ་འདྲེ་གདོན་བགེགས་འདི་ནི་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཡིན་པ་ངོ་ཤེས་བྱུང༌། ཁོང་ནི་པན་ཆེན་རིན་པོ་ཆེ་སྐུ་འཕྲེང་དགུ་པ་དང་སྐུ་འཕྲེང་བཅུ་པའི་སྐུ་བཅར་གྱི་དཔོན་རིགས་ཤིག་རེད། ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་སྐུ་ཚབ་ཡིན་པར་བརྟེན་སྤྱི་ལོ་༡༩༥༦ལོར་གསར་བཙུགས་བྱས་ནས་དུས་ཡུན་རིང་པོ་མ་ཕྱིན་པའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞོན་པ་དང་དེ་རྗེས་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་བཅས་ཀྱི་ལས་འགན་འཁུར་ཡོད་པ་རེད། ཡིན་ནའི་དུས་ཚོད་བཟང་པོ་འདི་ཡུན་རིང་མ་འགོར་བར་སྤྱི་ལོ་༡༩༦༤ལོར་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་ནས་ཐུགས་སྟོབས་ཆེན་པོས་རྒྱ་ནག་གཞུང་ལ་ཐད་ཀར་བོད་ཡོངས་ནང་གི་མི་དམངས་ཀྱི་གནས་སྟངས་དང་བསམ་ཚུལ་འཁོད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་ཕུལ་གནང་བའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་རྒྱས་འཛོམས་གྲོས་ཚོགས་ཐོག་ལོག་སྤྱོད་ཞིང་བྲན་བདག་པོ་ཆེ་ཤོས་ཤིག་རེད་ཟེ་དགག་པ་རྒྱབ་ཡོད། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་བཅས་མི་ཁག་ཅིག་པན་ཆེན་རྒྱལ་ཁབ་ལ་ངོ་ལོག་ཚོགས་པའི་ཁོངས་མིར་བརྩིས་པ་རེད། འོན་ཀྱང་པན་ཆེན་རིན་པོ་ཆེ་ལ་དགག་པ་དང་འཐབ་འཛིང་བཏང་བའི་སྐབས་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་གཅུང་པོ་ལྷ་སྨོན་བསོད་ནམས་ལྷུན་གྲུབ་(དེ་སྔ་པན་ཆེན་རིན་པོ་ཆེའི་དྲུང་ཡིག་རེད།)དང་བཀྲ་ཤིས་ལྷུན་པོ་དགོན་པའི་བླ་མ་སེང་ཆེན་བློ་བཟང་རྒྱལ་མཚན། ཡང་དེ་སྔ་རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་མཆོག་གི་མཚན་ཞབས་རྒྱ་མཚོ་གླིང་རིན་པོ་ཆེ་བཅས་མི་དེ་ཚོས་རྣམ་འགྱུར་ཧུར་བརྩོན་ཆེན་པོ་སྟོན་ནས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་ལ་སྲོག་ལ་ཐུགས་པའི་དམའ་འབེབ་རང་བཞིན་གྱི་སྐྱོན་བཙུགས་བྱས་ཡོད་པར་བརྟེན་ཡུན་རིང་མ་སོང་བར་ཁོང་ཚོར་མཐོང་ཆེན་བྱས་ཏེ་གོ་གནས་སྤར་ཡོད། དེ་ནི་ཁོ་པ་ཚོས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་ལ་དགག་པ་རྒྱབ་པའི་གསོལ་རས་ཡིན་པ་ཐེ་ཚོམ་མི་དགོས་པ་ཞིག་རེད། ཡིན་ནའི་བོད་ཀྱི་དམངས་ཁྲོད་ནང་ཀུན་གཟིགས་པན་ཆེན་རིན་པོ་ཆེར་འཐབ་རྩོད་བྱས་ཏེ་ཁྱིམ་གཞིས་འཛུགས་མཁན་གྱི་མི་དེ་ཚོར་ཆེད་མངགས་མིང་གཅིག་བཏགས་ཡོད་པ་སྟེ་པན་འབར་ཟེར་གྱི་ཡོད། ལྷ་སྨོན་བསོད་ནམས་ལྷུན་གྲུབ་ནི་ད་ལྟ་ཡང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རེད། འོན་ཀྱང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ལ་དགག་པ་ཐེངས་མང་ཕོག་པའི་རྗེས་ཡུན་རིང་དཀའ་ངལ་གྱིས་ལུས་ལ་ནད་གཞི་ཕོག་སྟེ་སྤྱི་ལོ་༡༩༧༨ལོར་ཚེ་ལས་འདས་པ་རེད།

ཡང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་གྱི་རྗེས་སུ་ཡོད་པའི་ཕྱག་གཅིག་ལ་རྡོ་རྗེ་དྲིལ་བུ་བསྣམས་པ་དང་ཕྱག་གཅིག་ལ་མཊལ་བསྣམས་པའི་དགེ་འདུན་པ་འདི་སྐད་ཆ་དྲིས་པ་བརྒྱུད་ཤེས་རྟོགས་བྱུང་བར་ཁོང་ནི་སེ་ར་དགོན་པའི་ལྷ་བཙུན་རིན་པོ་ཆེ་རེད་འདུག དགུང་གྲངས་བརྒྱད་བཅུར་ཕེབས་པ་དང་དེ་རྗེས་ཡུན་རིང་མ་སོང་བར་ཐེངས་གཅིག་ཁྱིམ་ཚང་སྔོག་བཤིེར་བྱེད་སྐབས་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་གིས་གཞུང་བཞེས་བཏང་བའི་རྡོ་རྗེ་ཕུར་པ་ཁོང་གི་དབུ་ལ་བཞུས་ཏེ་སྐབས་དེར་ཁྲག་རྒྱུན་མི་ཆད་པ་འདོན་ཏེ་ཉིན་གཉིས་པར་སྐུ་ཚེ་མ་ཟིན་པ་རེད། དེ་དུས་སྲོལ་རྒྱུན་གོམས་གཤིས་ཀྱི་བྱེད་སྒོ་དང་དེའི་ཁོངས་བོད་ཀྱི་རིག་གཞུང་ནང་ཚེ་འདས་ཀྱི་རྗེས་མཇུག་བྱེད་ཕྱོགས་སོགས་གང་ཡང་བྱེད་ཆོག་གི་མེད་པས་རིན་པོ་ཆེའི་སྐུ་གདུང་སྟབས་བདེའི་ངང་དུར་ཁྲོད་ལ་གདན་འདྲེན་ཞུས་ནས་བྱ་གཏོར་བྱེད་དགོས་བྱུང་བ་རེད། འདྲ་པར་འདིའི་སྟེང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཁྲིད་མཁན་བུད་མེད་ཧུར་བརྩོན་ཅན་དེའི་མིང་ལ་པད་སྒྲོན་ཟེར་གྱི་ཡོད། དེ་སྔ་ནི་དེ་མོ་རིན་པོ་ཆེའི་གཟིམ་ཤག་གི་སྒོ་རྭའི་ནང་བསྡད་ཀྱི་ཡོད་པ་དང་གཡོག་མོ་རེད། ཡང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་དང་ལྷ་འདྲེ་གདོན་བགེགས་བར་དུ་ཡོད་པའི་བུད་མེད་ཧུར་བརྩོན་ཅན་འདི་ནི་ཧུར་བརྩོན་ཅན་བསྟན་འཛིན་གྱི་དགའ་རོགས་ཡིན་པ་དང་མིང་ལ་ལྷ་མོ་ཟེར་གྱི་ཡོད་ལ། དེ་སྔ་སྐུ་དྲག་གཟིམ་ཤག་ཅིག་གི་གཡོག་མོ་ཡིན་པ་དང་ད་ལྟ་ཚེ་ལས་འདས་ཟིན་འདུག དེར་ཐག་པས་མཐའ་སྐོར་ནས་ལྷ་འདྲེ་གདོན་བགེགས་དང་མང་ཚོགས་བར་དབྱེ་བ་ཕྱེ་སྟེ་སུས་དེ་ལས་བརྒལ་མི་ཆོག་པའི་དབྱེ་མཚམས་ཐིག་ཅིག་ཡིན་པ་སྟོན་གྱི་ཡོད་ལ་ཡང་དེའི་ནང་ནས་ཧུར་བརྩོན་ཅན་ཚོས་མངོན་གསལ་འདོད་པོ་བྱེད་པ་ནི་གསར་བརྗེ་མཐར་ཕྱིན་གྱི་རང་བཞིན་ལྡན་པ་ཡང་ན་གོ་རྟོགས་ལྡན་པ་དང་གཞན་དང་མི་འདྲ་བའི་ཐོབ་ཐང་ཞིག་ཐོབ་པ་བཅས་གསལ་པོར་མངོན་ཐུབ།

བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བྱས་པའི་ཁྲོམ་སྐོར་གྱི་འཐབ་རྩོད་རུ་ཁག་འདི་བར་སྐོར་བརྒྱུད་གྲ་བཞི་ཤར་(ད་ལྟ་ལྷག་པའི་ཁང་པའི་ནང་རྙིང་ཤོས་ཀྱི་གྲས་དང་དེ་སྔ་སེ་རའི་སྔགས་པ་གྲ་ཚང་དང་ད་ཆ་མང་ཚོགས་ཀྱི་སྡོད་གནས་ཡིན་པ་རེད།)དང་སྣང་རྩེ་ཤར་(དེ་སྔ་དགའ་ལྡན་ཕོ་བྲང་སྲིད་གཞུང་སྐབས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཁྲིམས་ཁང་དང་གཅིག་ཐོག་ལ་བཙོན་ཁང་དང་ཉིས་ཐོག་ལ་ལས་བྱེད་པའི་ཡིག་ཚང་རེད། ད་ལྟ་ནི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་དང་རྒྱལ་གཅེས་རིང་ལུགས་ཟེར་བའི་སློབ་གསོ་བྱེད་སའི་ལྟེ་གནས་ཤིག་ཆགས་ཡོད།) དགའ་ལྡན་དར་ཆེན་བཅས་བརྒྱུད་དེ་མཐར་གསུང་ཆོས་རྭ་བར་གྲོང་མི་ཨུ་ཡོན་ལྷན་ཁང་གཞན་གྱིས་ཁྲོམ་སྐོར་འཐབ་འཛིང་ལ་ཁྲིད་པའི་ལྷ་འདྲེ་གདོན་བགེགས་དང་མཉམ་དུ་མཉམ་འབྲེལ་ཐོག་དགག་པ་དང་འཐབ་འཛིང་ཚོགས་ཆེན་ཚུགས་ཀྱི་ཡོད། དགོད་བྲོ་བ་ཞིག་ལ་ཁྲོམ་སྐོར་འཐབ་འཛིང་ལ་ཁྲིད་པའི་རུ་ཁག་གིས་བར་སྐོར་བྱང་ངོས་སྲང་ལམ་ནས་འཛུལ་ཏེ་ནང་སྐོར་རྒྱབ་ནས་འགྲོ་ཡི་ཡོད་པ་ནི་དངོས་གནས་བྱས་ན་བོད་ཀྱི་ཆོས་ལུགས་དད་ལྡན་པ་ཚོས་དུས་རྒྱུན་ནས་སྐོར་བ་རྒྱབ་སྟངས་ཤིག་ཆགས་ཡོད་པས་དེ་ཡང་རྙིང་པ་བཞིའི་ནང་རྩིས་དགོས་ཀྱི་ཡོད། གསར་བརྗེའི་མང་ཚོགས་ཀྱིས་དངོས་གནས་བྱས་ན་ཕྱི་སྐོར་རྒྱབ་དགོས་ཀྱི་ཡོད།

ཁྲོམ་ལམ་འདིའི་ཐོག་དེ་སྔོན་ཡང་འདི་དང་འདྲ་བའི་མི་ཚོགས་མང་པོས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པའི་དར་ལྕོག་དང་སྙན་ཞིང་རིང་བའི་དུང་གི་སྒྲ་དབྱངས་ཁྲོད་སེམས་འགུལ་ཆེན་པོས་སྐྱོད་མྱོང་ཡོད། འོན་ཀྱང་དེ་དུས་ནི་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཡིན་པ་དང་དམངས་ཁྲོད་ཀྱི་བྱེད་སྒོ་ཞིག་ཀྱང་ཡིན་པ་རེད། ལོ་ལྟར་བོད་ཀྱི་ལོ་གསར་ཟླ་བ་དང་པོའི་ཚེས་༢༥ཉིན་རྒྱལ་བ་བྱམས་པ་གདན་འདྲེན་གྱི་ཉིན་མོ་རེད་ལ། སྨོན་ལམ་ཆེན་མོའི་མཛད་སྒོའི་གྲས་ཤིག་ཀྱང་ཡིན་པ་རེད། འདྲ་པར་འདི་ཚོའི་ཐོག་གི་མཐའ་སྐོར་ནས་ལྟ་མཁན་དང་ཐ་ན་ལྷ་འདྲེ་གདོན་བགེགས་ཁྲིད་དེ་ཁྲོམ་སྐོར་བྱེད་མཁན་མི་ཚོའི་ནང་ལ་ཡང་དེ་སྔ་ནང་ཆོས་ལ་ལུས་ངག་ཡིད་གསུམ་གྱིས་དད་པ་གུས་བཀུར་ཞུ་མཁན་ཡང་ཡོད་པ་ངེས་པ་མེད། ཡིན་ནའི་ད་ལྟ་རྒྱལ་བ་བྱམས་པའི་སྐུ་འདྲའི་ཚབ་ལ་མའོ་ཙེ་ཏུང་གི་འདྲ་པར་གྱིས་ཚབ་བྱས་པ་དང་དེའི་རྗེས་ལ་མཐོན་པོར་སྒྲེང་པའི་དར་ཆ་དམར་པོ་དང་འཁར་རྔ་ཡིན་པ་རེད། ན་གཞོན་ཕྲུ་གུ་ཚོས་དར་ཆ་འཁྱེར་མཁན་དང་འཁར་རྔ་རྡུང་མཁན་བྱེད་ཀྱི་ཡོད་པ་ཁོང་ཚོ་ཚང་མ་ནི་གསར་བརྗེའི་ནུས་ཤུགས་གསར་པ་ཞིག་རེད་འདུག

ཁྲོམ་སྐོར་འཐབ་འཛིང་བྱེད་མཁན་གྱི་རུ་ཁག་བར་སྐོར་ཤར་རྒྱུད་ལ་སྐྱོད་བཞིན་ཡོད། དེའི་རྒྱུད་ཀྱི་བོད་ཁང་ཉམས་འདོད་པོ་འདི་དེ་སྔའི་སྐུ་དྲག་ཟུར་ཁང་གི་གཟིམ་ཤག་རེད། (ཁང་པ་འདི་ནི་དུས་རབས་བཅུ་བདུན་ནང་བརྒྱབས་པ་དང་སྤྱི་ལོ་༡༩༩༣ལོར་བཤིག་ནས་ད་ལྟ་ཚོང་རྭ་ཆེན་པོ་ཞིག་བཟོས་ཡོད) དེའི་འགྲམ་དུ་སྲུང་མ་དཔལ་ལྡན་ལྷ་མོའི་ཚགས་ཁང་ཞིག་ཡོད་པ་དེར་ད་ཆ་འདམ་བག་བྱུགས་ནས་མཐོང་རྒྱུ་མེད་པ་དང་དེའི་མདུན་གྱི་བསང་ཁུངས་ཡང་གཏོར་ཏེ་མེད་པ་བཟོས་འདུག ཟུར་ཁང་ནི་དེ་སྔ་བོད་ཀྱི་སྲིད་གཞུང་རྙིང་པའི་སྐབས་གོ་གནས་ཡོད་པའི་སྐུ་དྲག་ཅིག་ཡིན་པ་དང་ཡང་ནག་ཉེས་ཚབས་ཆེན་གྱི་གསར་བརྗེར་ངོ་ལོག་པ་ཞིག་ཀྱང་ཡིན་པ་རེད། སྤྱི་ལོ་༡༩༥༩ལོར་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་མེད་ན་ཁོང་གསར་བརྗེའི་མང་ཚོགས་ནས་ཁྲོམ་གཞུང་ཐོག་ཁྲིད་དེ་མང་ཚོགས་མདུན་རྐང་པའི་འོག་མནན་ནས་ཁོང་དུས་ནམ་ཡང་ཡར་ལངས་རྒྱུ་མེད་པ་བཟོ་རྒྱུ་ངེས་ཅན་རེད།

ཡང་བསྐྱར་འདྲ་པར་འདི་ལ་ཞིབ་ཕྲ་ལྟ་དུས་མི་ཚོགས་ནང་མི་དེ་འདྲ་ཁག་ཅིག་མཐོང་རྒྱུ་ཡོད་པ་ནི་སྐེ་ལ་པར་ཆས་འཁྱེར་ནས་གད་མོ་བགད་བཞིན་ཡོད་པའི་མི་གཅིག་དང༌། ཡང་གཅིག་ནི་ལྷ་འདྲེ་གདོན་བགེགས་ཀྱི་མདུན་དུ་སྐྱོད་ནས་འདྲ་པར་ལེན་བཞིན་པའི་གྲིབ་གཟུགས་མཐོང་རྒྱུ་ཡོད་པ། དེ་བཞིན་གཞན་ཞིག་ནི་ལག་པར་པར་ཆས་འཁྱེར་ནས་ཕྱི་བལྟས་བྱེད་བཞིན་པ་བཅས་ཁོ་པ་ཚོ་སུ་ཡིན་ནམ། གསར་འགྱུར་འགོད་མཁན་ཡིན་ནམ། ཤེས་རྟོགས་བྱས་པ་བརྒྱུད་གད་མོ་བགད་བཞིན་ཡོད་པའི་མི་དེ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཡིན་པ་དང་ཕྱི་བལྟས་སློག་ནས་ལྟ་མཁན་འདི་ཤིན་ཧྭ་གསར་འགྱུར་ཁང་གི་བོད་ནང་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་གསར་འགོད་པ་རེད་འདུག

སྐབས་དེ་དུས་བོད་ལ་གསར་འགྱུར་ལས་ཁུངས་དེ་འདྲ་ཁ་ཤས་ཡོད་པ་སྟེ་ཤིན་ཧྭ་གསར་འགྱུར་ཁང་གི་བོད་ནང་ཡོད་པའི་ཡན་ལག་ལས་ཁུངས་དང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་དམག་ཁུལ་ཁང་གིས་གཉེར་བའི་ས་མཐོའི་དམག་མིའི་ཚགས་པར། བོད་ལྗོངས་མི་དམངས་རླུང་འཕྲིན་ལས་ཁུངས། དབུས་གསར་འགྱུར་ཟིན་ཐོའི་གློག་བརྙན་བཟོ་གྲའི་ལྷ་སར་བཅར་སྡོད་གསར་འགྱུར་ལས་ཁུངས་བཅས་ནི་བོད་ཀྱི་རིག་གནས་གསར་བརྗེའི་རིང་ལ་འཁྲུག་ཆ་དོད་ཤོས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཡིན་པ་རེད། འོན་ཀྱང་སྐབས་དེ་དུས་ཀྱི་ཚགས་པར་ཐོག་ལྷ་འདྲེ་གདོན་བགེགས་ལ་དགག་པ་དང་འཐབ་འཛིང་བྱས་པའི་འདྲ་པར་ང་ཚོས་གཅིག་ཀྱང་མཐོང་མ་བྱུང༌།

ཞལ་རས་ལ་རི་མོ་ཁྲ་ཁྲ་སིལ་སིལ་བྲིས་པའི་མི་འདི་སུ་རེད་དམ། ཁོང་གི་སྐུ་གཟུགས་སྟེང་གི་སྐུ་གཟན་ཐོག་ནས་ཁོང་ནི་དགེ་འདུན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཀྱི་འདུག སྐུ་གཟན་བཞེས་པའི་ཁོང་ནས་ཕྱག་གཉིས་ལ་ཆོས་གཤོམ་ཆུང་ངུ་ཞིག་བསྣམས་པ་དང་སྐེ་ལ་ཏིང་ཤག་ཆ་གཅིག་གཡོགས་ཡོད་པ་རེད་འདུག ཁོང་ཧུར་བརྩོན་ཅན་གཉིས་ཀྱིས་ཁྲོམ་གཞུང་དང་སྲང་ལམ་ཐོག་བཙན་ཁྲིད་བྱེད་སྐབས་ཟུར་ཟའི་རི་མོ་ལྟར་བྲིས་པའི་ཞལ་རས་སྟེང་ནས་ཁོང་ལ་དཀའ་སྡུག་ཆེན་བའི་བྱུང་ཡོད་པ་མངོན་ཐུབ་ཀྱི་འདུག འདིར་མདོག་ཉེས་པོ་བཟོས་པའི་དགེ་འདུན་གྱི་དབུ་ལ་གཡོགས་པའི་ཞྭ་མོ་མཐོ་པོ་དེའི་སྟེང་ཁོང་གི་མཚན་འཁོད་ཡོད་པ་སྟེ་ལྷ་འདྲེ་གདོན་བགེགས་ངག་དབང་རྒྱ་མཚོ་ཞེས་ཡི་གེ་འདི་ལས་མཐོང་རྒྱུ་མི་འདུག ཡིན་ནའི་ཁོང་ངོ་ཤེས་ཐུབ་ཀྱི་འདུག ཁོང་ནི་སེ་ར་དགོན་པའི་རི་འབུར་རིན་པོ་ཆེ་ཡིན་པ་དང་ཁོང་གི་མཚན་ཆ་ཚང་ལ་རི་འབུར་ངག་དབང་རྒྱ་མཚོ་ཞུ་ཡི་ཡོད། རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་ཁོང་བོད་ནས་ཞལ་བྲལ་ཏེ་རྒྱ་གར་ལ་ཕེབས་ཡོད་པ་དང་དེ་ནས་ཨ་རིའི་ནང་བཞུགས་ཡོད་ལ། སྤྱི་ལོ་༢༠༠༥ལོར་རྒྱ་གར་ལ་ཕྱིར་ཕེབས་ཀྱིས་སྤྱི་ལོ་༢༠༠༦ལོར་དགོངས་པ་རྫོགས་ཡོད་པ་རེད།

ཧྥ་རན་སིའི་གསར་འགོད་པ་རྡུང་ཉི་རྡ་ཡི་བརྩམས་བྲིས་བྱས་པའི་<<བོད་ཀྱི་འཆི་གསོན་ཏེ་གངས་ལྗོངས་ཀྱི་མི་རིགས་རིང་ལུགས་>>ཞེས་པའི་དེབ་འདིའི་ནང་བོད་ཀྱིས་རིག་གནས་གསར་བརྗེའི་ནང་དཀའ་སྡུག་མྱང་བ་ཁག་འཁོད་ཡོད་པ་དང༌། དམིགས་བསལ་རིན་པོ་ཆེ་ཞིག་ལ་བཅར་འདྲི་ཞུས་ཡོད་པ་རེད། དངོས་ཡོད་གནས་ཚུལ་ཁག་ཅིག་ལ་ལྟ་དུས་ཕལ་ཆེར་རི་འབུར་རིན་པོ་ཆེ་ཡིན་ས་རེད། དེ་ཡང་ཁོང་གིས་འཐབ་འཛིང་ཚོགས་འདུ་ཆེ་ཆུང་ཁྱོན་སུམ་ཅུ་སོ་ལྔ་བརྒྱུད་མྱོང་བ་དང་འཐབ་འཛིང་གི་ཚོགས་འདུའི་སྐབས་ངས་ངེས་པར་དུ་ཞྭ་མོ་རིང་པོ་རྩེ་རྣོ་པོ་འདི་གྱོན་པ་དང་གྲ་ཆས་གྱོན་དགོས་ཀྱི་ཡོད་པ་ནི་མང་ཚོགས་ཀྱིས་ང་ནི་ནག་པོ་རིགས་ལྔའི་ཁོངས་ཡིན་པ་ཤེས་སུ་བཅུག་གི་ཡོད། ཁོང་ཚོས་ངའི་གྲ་ཆས་སྟེང་ཆོས་ཆས་དང་མཚོན་རྟགས་སྣ་ཚོགས་བསྐལ་ཏེ་ང་ལ་འཕྱ་སྨོད་བྱེད་ཀྱི་ཡོད། དེ་སྔ་ཐེངས་གཉིས་ཙམ་ང་ནི་གདུང་དང་འཁར་རྔ་དེ་བཞིན་དམར་སྲུང་དམག་གིས་ཁྲེད་བགོད་ཀྱི་སྒྲའི་ཁྲིད་སྟོན་འོག་རང་དབང་མེད་པར་ལྷ་ས་གྲོང་ཁྱེར་ནང་ཁྲོམ་སྐོར་ལ་བཙན་ཁྲིད་བྱས་བྱུང༌། འཐབ་འཛིང་གཏོང་བའི་ཚོགས་འདུ་ནི་སྤྱིར་བཏང་ལས་མཚམས་བཞག་པའི་རྗེས་དགོང་དྲོ་ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་བར་ཚོགས་པ་དང༌། ཉིན་མོ་ཡང་ལས་ཀ་བྱེད་དགོས་ཀྱི་ཡོད། གུས་པ་ཆེད་མངགས་ཨར་ལས་དང་རྡོ་གཤག་པར་གཏོང་གི་ཡོད། ང་ལ་ནག་ཉེས་བཙུགས་མཁན་ནི་རྒྱ་མི་ཞིག་ཡིན་པ་དང་ཁོ་པའི་མིང་ལ་ཀོའོ་ཞང་ཀྲེ་ཟེར་གྱི་ཡོད། ངས་ཧ་ཅང་གསལ་པོ་ངེས་ཀྱི་འདུག ཁོ་པ་ནི་ང་བསྡད་སའི་ས་ཁུལ་འདིའི་འགན་འཛིན་ཡིན་པ་རེད། ཁོ་པས་ང་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་ཕྱི་རྒྱལ་གྱི་ངོ་ལོག་པ་དང་འབྲེལ་བ་བྱས་ནས་བོད་ཀྱི་རང་བཙན་ལས་འགུལ་སྤེལ་བའི་སྒྲིག་འཛུགས་འཛུགས་རྩིས་ཀྱི་ངན་ཇུས་གཤམ་ཡོད་པའི་ནག་ཉེས་བཙུགས་བྱུང་། ཁོ་པ་ཚོས་བཙན་ཤེད་ངང་མི་ཚོགས་ཀྱི་མདུན་ང་རང་མགོ་སྒུར་སྒུར་དུ་བཞག་ནས་དགག་པ་དང་ཉེས་རྡུང་གཏོང་གི་ཡོད། ཐེངས་གཅིག་ཁོང་ཚོས་མེ་མདའི་ལག་འཇུ་གུས་པའི་རྣ་ཅོག་གཡས་པའི་སྟེང་ཤུགས་ཆེན་པོས་གཞུས་པར་བརྟེན་ད་ལྟ་ཡིན་ནའི་གུས་པས་གསལ་པོ་ཐོས་ཐུབ་ཀྱི་མི་འདུག ཉེས་རྡུང་བཏང་ཚར་བའི་རྗེས་གུས་པས་ལག་དམར་བ་དེ་ཚོའི་རྐང་པ་ལས་མཐོང་གི་མི་འདུག དོན་དངོས་ཐོག་ང་ལྷ་སའི་བླ་སྤྲུལ་ཁག་གི་ནང་ནས་མནར་གཅོད་ཕོག་མཁན་ཉུང་ཤོས་ཀྱི་གྲས་ཤིག་རེད། ང་ད་ལྟ་གསོན་པོར་གནས་ཤིང་གནས་ཚུལ་འདིའི་ཐོག་དཔང་པོ་བྱེད་རྒྱུ་བྱུང་བ་འདི་དཔང་རྟགས་ཤིག་ཡིན་པ་རེད།

འདྲ་པར་སྟེང་དུ་ཡོད་པའི་རི་འབུར་རིན་པོ་ཆེའི་མགུལ་ནས་འཇུས་ཏེ་གོམ་པ་ཆེན་པོ་སྤོ་མཁན་གྱི་ཧུར་བརྩོན་ཅན་འདི་གཉིས་ནང་གཡོན་གྱི་ཞྭ་མོ་ཨོག་ཞྭ་གྱོན་པའི་མི་འདི་དེ་སྔ་དེ་མོ་རིན་པོ་ཆེའི་གསང་ཡུམ་བཙན་དབང་ངང་ཁྲོམ་སྐོར་ལ་ཁྲིད་མཁན་གྱི་བསྟན་འཛིན་ཡིན་པ་དང་གཡས་ཀྱི་དམག་མིའི་ཞྭ་མོ་གྱོན་པའི་མི་འདི་བསྟན་རྒྱས་གླིང་ཨུ་ཡོན་ལྷན་ཁང་གི་བདེ་སྲུང་ཨུ་ཡོན་ཡེ་ཤེས་ཡིན་པ་རེད། ཁོ་པའི་མཇིང་པ་ཀྱོག་ཀྱོག་ཡིན་པས་མི་ཚོས་ཡང་ཡེ་ཤེས་རྩེ་ཀྱོག་ཟེར་གྱི་ཡོད། མི་དེས་རྗེས་ལ་དྲག་པོའི་འཐབ་རྩོད་ནང་ཞིང་འབྲོག་དམག་སྤྱི་ཁང་གི་དམག་སྤྱི་གཞོན་པ་བྱས་ཡོད། ཤོག་ཁག་གཉིས་ཀྱི་ནང་མཉམ་འབྲེལ་ཤོག་ཁའི་ཁོངས་ཀྱི་གཙོ་བོའི་མི་སྣ་ཞིག་ཡིན་པ་རེད། རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་བཟའ་ཟླ་དང་ཁ་བྲལ་ནས་ཇ་ཁང་ཆུང་ཆུང་ཞིག་བཙུགས་ཏེ་འཚོ་བ་བསྐྱལ་ཞིང་ལོ་ཤས་སྔོན་ནད་གཞིས་རྐྱེན་པས་ཚེ་ལས་འདས་འདུག

བསྟན་འཛིན་དང་ཡེ་ཤེས་གཉིས་ནི་སྤྱི་ཚོགས་རྙིང་པ་བརྒྱུད་ནས་ཡོང་བའི་ཡར་ལངས་ཞིང་བྲན་ཟེར་བ་ཞིག་ཡིན་པས་ཁོང་གཉིས་ཀྱིས་བླ་སྤྲུལ་ལ་ཞུ་བ་འདི་གང་ཡིན་མིན་མི་ཤེས་པ་རྩ་བ་ནས་མ་རེད། གཅིག་བྱས་ན་ཁོང་གཉིས་ཀྱིས་ད་ལྟ་ཉེས་རྡུང་བཏང་སའི་བླ་མར་དེ་སྔ་སྐུ་ཕྱག་ཕུལ་མྱོང་ཡོད་ཀྱི་རེད། ཡིན་ནའི་ད་ཆ་ཁོང་ཚོས་བླ་མའི་ཞལ་རས་སྟེང་གང་བྱུང་གིས་རི་མོ་བྲིས་པ་དང་ད་དུང་ཁོང་བཙན་ཤེད་ཀྱིས་ཁྲོམ་གཞུང་ཐོག་བཙན་ཁྲིད་བྱེད་ཀྱི་ཡོད། ཁོང་ཚོས་འདི་འདྲ་གང་འདྲས་བྱེད་ཕོད་ཀྱི་ཡོད་པ་ཡིན་ནམ། ཡིན་ནའི་ཁོང་ཚོའི་ལུས་པོའི་སྟེང་གྱོན་པའི་གྱོན་ཆས་རལ་པར་ལྟ་དུས་དེ་མོ་དབང་ཕྱུག་རྡོ་རྗེས་བརྗོད་པ་བཞིན་ཞུས་ན། ཕར་ལྟ་དུས་ཧ་ཅང་གི་སྐྱོ་པོ་ཡོད་པ་དང་སྐྱོ་ཐག་ཆོད་བཞག་ཟེར་བ་བཞིན་དེའི་ཁྲོད་ནས་ཁོང་ཚོས་གསར་བརྗེ་བྱེད་རྒྱུ་ཡིན་པ་ལོས་ཡིན། ཡར་ལངས་ནས་བདག་པོ་བྱེད་རྒྱུའི་ཆོད་སེམས་ཀྱང་ཡོད་པ་རེད།

ཞྭ་མོ་མཐོ་པོ་གཡོགས་པའི་ལྷ་འདྲེ་གདོན་བགེགས་ཚོ་དམར་སྲུང་དམག་དང་གསར་བརྗེའི་མང་ཚོགས་ཀྱིས་ལྟ་སྐུལ་འོག་ལྷ་ས་གྲོང་ཁྱེར་ལ་སྐོར་ར་རྒྱབ་ནས་ཁྲོམ་སྐོར་ལ་ཁྲིད་འགྲོ་ཡི་ཡོད། དེའི་ནང་ཞལ་རས་ལ་ཁྲ་ཁྲ་སིལ་སིལ་བྲིས་པའི་རི་འབུར་རིན་པོ་ཆེ་དང་དེ་བཞིན་ཧུར་བརྩོན་ཅན་བསྟན་འཛིན་དང་ཡེ་ཤེས་ཡོད་པ་རེད།

གདོང་ལ་ཨ་ར་བྲིས་པ་དང་རྣ་ཅོག་སྟེང་སོག་བྱིལ་རིང་པོ་བཏགས་པའི་མི་དེ་ནི་ཕུན་ཁང་ཚེ་རིང་དོན་གྲུབ་རེད། ཁོང་གི་པཱ་ལགས་ལོ་རབས་བཞི་བཅུའི་ནང་བཀའ་བློན་གནང་མྱོང་ཡོད་པ་དང་ཁོང་གི་སྤུན་ཞིག་འབྲས་ལྗོངས་རྒྱལ་པོའི་མག་པ་ཡིན་ཞིང་ཁོང་གི་བཟའ་ཟླ་ཚ་རོང་གཟིམ་ཤག་གི་སྲས་མོ་ཡིན་པ་རེད། ཁོང་ཉིད་ཀྱང་སྐུ་དྲག་གི་སྲས་དང་བོད་གཞུང་གི་རིམ་བཞིའི་གོ་གནས་ཡོད་པ་དང་ཁོང་ལ་ཡང་ཡབ་གཞིས་ཕུན་ཁང་ཟེར་གྱི་ཡོད། མི་ཚེའི་རིང་སྤྱིར་བཏང་གྲགས་པ་ཆེ་བ་གང་བྱུང་མེད། དེ་སྔ་རྒྱལ་བ་སྐུ་འཕྲེང་བཅུ་གཅིག་པ་མཆོག་གཟིམ་ཤག་དེར་འཁྲུངས་སྐབས་ཡབ་གཞིས་ཕུན་ཁང་ཞེས་ཟེར་གྱི་ཡོད་པ་རེད།

གོ་རྒྱུ་ཡོད་པ་ཞིག་ལ་འདྲ་པར་ཐོག་ཕུན་ཁང་ཁོང་ལ་བསྟན་བཤིག་འཁྲབ་མཁན་ཨ་ཙ་ར་ནང་བཞིན་གྱི་གྱོན་ཆས་གཡོགས་པ་མ་ཟད། ཁོང་གི་ལག་གཉིས་ལ་གྲི་བླུག་པའི་སྒམ་ཆུང་ཞིག་བསྐུར་ཡོད་པ་འདི་ཕལ་ཆེར་བཤུ་གཞོག་གྲལ་རིམ་གྱི་རུལ་སུངས་འཚོ་བ་སྐྱེལ་གྱི་ཡོད་པ་མངོན་པའི་ཆེད་དུ་ཡིན་ས་རེད། གྲོང་མི་ལྷན་ཁང་གི་གསར་བརྗེའི་མང་ཚོགས་ཚོས་ཆེད་མངགས་ཁོང་གི་ལག་པར་གྲི་དང་ཀང་ཁྲ་བླུག་པའི་སྒམ་ཆུང་བསྐུར་ནས་ཁྲོམ་སྐོར་ལ་ཁྲིད་དགོས་པའི་བཀའ་བཏང་ཡོད། ནུབ་ཕྱོགས་ཀྱིས་ཟ་མ་ཟ་བྱེད་ཡོ་ཆས་འདིར་ལྟ་དུས་ཧ་ཅང་གི་སྙིང་རྗེ་པོ་འདུག ཡིན་ནའི་བཤུ་གཞོག་བཏང་བའི་ནག་ཉེས་མང་པོ་འདི་འདྲའི་ནང་ནས་ཆེད་མངགས་གྲི་དང་ཀང་ཁྲའི་སྒམ་ཆུང་འདི་བདམས་དགོས་དོན་གང་ཡིན་ནམ། ཕལ་ཆེར་ཡར་ལངས་ཞིང་བྲན་གྱིས་གྲི་དང་ཀང་ཁྲ་སྤུས་ལེགས་འདི་འདྲ་མཐོང་མྱོང་མེད་ཙང་མཐར་གསེར་དངུལ་ནོར་བུའི་རིགས་ཆས་ནང་ནས་མིག་ལ་མཐོང་སྣང་དོད་ཤོས་འདི་བ་སོའི་ཡུ་བ་ཡིན་པའི་ཕྱི་རྒྱལ་གྱི་གྲི་དང་ཀང་ཁྲ་བླུགས་པའི་སྒམ་ཆུང་འདི་བདམས་པ་ཡིན་ས་རེད། ཕུན་ཁང་གདོང་པ་གློད་ནས་ཁྲོམ་གཞུང་དུ་ཁྲོམ་སྐོར་ལ་བསྐྱོད་པ་དེས་ཐེངས་འདིའི་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་གཏོང་བའི་ཁྲོམ་སྐོར་གྱི་ལས་འགུལ་དེ་དགོད་བྲོའི་རྣམ་པ་ཞིག་བྱུང་ཡོད་པ་རེད་འདུག ཡང་འགའ་རེས་བརྗོད་པར། འདི་ནི་གཟིམ་ཤག་ཕུན་ཁང་དང་ཕྱི་རྒྱལ་གྱི་མིའི་དབར་དེ་སྔ་ནས་འབྲེལ་བ་དམ་ཟབ་ཡོད་པས་ཆེད་མངགས་ནུབ་ཕྱོགས་ཀྱི་གསོལ་ཆས་ཡོ་བྱད་བདམས་ནས་ཕུན་ཁང་ལ་བསྐུར་ཏེ་ཁྲོམ་སྐོར་བྱས་པ་འདི་ནི་ཁོང་དང་ཕྱི་རྒྱལ་དབར་འབྲེལ་བ་ཡོད་པའི་དཔང་རྟགས་སྟོན་པའི་ཆེད་ཡིན་པ་རེད་ཟེར། ཕུན་ཁང་ཁོང་ཡང་བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལྷ་འདྲེ་གདོན་བགེགས་ཡིན་པ་རེད།

རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་ཁོང་ལ་དག་སེལ་བྱུང་ནས་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མིར་བཀོད་སྒྲིག་བྱས་ཡོད། ཁོང་སྤྱི་ལོ་༡༩༩༠ལོ་ཙམ་ལ་ཚེ་ལས་འདས་པ་རེད།

ད་ཆ་བར་སྐོར་ཁྲོམ་གཞུང་རྙིང་པའི་བྱང་ངོས་སུ་ཡོད་པའི་ཕུན་ཁང་སྒོ་རྭ་འདི་བཞིན་སྲུང་སྐྱོབ་བྱ་ཡུལ་གྱི་གནའ་བོའི་འཛུགས་སྐྲུན་གྱི་གྲས་སུ་ཚུད་ཡོད་པ་དང་གོ་ཐོས་ལ་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་རེད་འདུག སྤྱི་ལོ་༢༠༠༠ལོར་ཉམས་གསོ་བྱས་ནས་འདིའི་ནང་སྡོད་མཁན་ནི་གྲོང་མི་ལྷན་ཁང་ནས་བཀོད་སྒྲིག་བྱས་པའི་གྲོང་མི་དང་སྒེར་གྱིས་དངུལ་སྤྲད་དེ་ཁང་པ་ཉོ་མཁན་བོད་པའི་ཁམས་པ་ཡོད་པ་རེད། ༧གོང་ས་སྐུ་འཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་བཞུགས་གདན་འཇགས་མྱོང་ཡོད་པའི་གཟིམ་ཆུང་དང་ཕུན་ཁང་གཟིམ་ཤག་གི་དེ་སྔའི་ཆོས་ཁང་ནང་ཤིན་ཏུ་མཛེས་པའི་དེ་སྔའི་ལྡེབས་རིས་དང་ཀ་བ། དེ་བཞིན་ཀ་གདུང་སྟེང་བརྐོས་རིས་མེ་ཏོག་ལ་སོགས་ད་དུང་ཡང་མཐོང་རྒྱུ་འདུག

འདི་ལྟ་བུའི་དགྲ་ལ་མཉམ་སྡང་གིས་དགག་པ་དང་འཐབ་འཛིང་བཏང་བའི་རྣམ་པ་དེ་རིགས་སྐབས་དེ་དུས་རྟག་ཏུ་མཐོང་རྒྱུ་ཡོད་པ་ཞིག་རེད། གྲངས་ལས་འདས་པའི་ཁུ་ཚུར་དམ་པོ་དང་གྲངས་ལས་འདས་པའི་ཁོང་ཁྲོ་ཆེན་པོས་ཁ་རྡུང་བཏང་བའི་རྣམ་པ་འདི་ཕྱོགས་བཞི་མཚམས་བརྒྱད་ནས་རླུང་འཚུབ་དྲག་ཆར་འབབ་པ་བཞིན་མི་ཚོགས་ཀྱི་དཀྱིལ་ལ་ཁ་ཕྱོགས་ནས་ཡོད་པའི་འདྲ་པར་དེས་མཐོང་སྣང་ལ་རྒྱུག་ཆུ་འཁོར་བ་ལྟ་བུ་འདུག ཡང་མི་དམངས་མང་ཚོགས་ཀྱི་རྒྱ་མཚོ་ཆེན་པོ་ལྟ་བུའི་མཚོ་འཁོར་གྱི་དཀྱིལ་དུ་ལྷུང་པའི་མགོ་དང་སྐེད་པ་གུག་གུག་བྱས་ནས་དགག་པ་དང་འཐབ་འཛིང་ཕོག་བཞིན་པའི་ལྷ་འདྲེ་གདོན་བགེགས་ཀྱི་མི་འདི་སུ་ཡིན་ནམ། ཁོང་ནི་བོད་ཀྱི་སྐད་གྲགས་ཡོད་པའི་བུད་མེད་སྤྲུལ་སྐུ་བསམ་སྡིང་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་ཡིན་པ་དང༌། དགུང་ལོ་༢༦ལ་ཕེབས་ཀྱི་ཡོད་པ་རེད་ལ། སྐབས་དེས་ན་ཁོང་གི་ཕྲུ་གུ་གསུམ་པ་འདི་སྐྱེས་ནས་ཟླ་བ་གཅིག་ལྷག་ཙམ་ལས་འགྲོ་ཡི་མེད་པ་རེད། དེའི་སྔོན་སྤྱི་ལོ་༡༩༥༩ལོར་དང་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་འབྲངས་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་ཡིན་རུང་ཡང་མི་རིང་བར་བོད་ལ་ཕྱིར་ལོག་བྱས་ཡོད། ཁོང་ནི་མུན་དོར་གསལ་ལེན་ཟེར་བ་བྱེད་མཁན་གྱི་རྒྱལ་གཅེས་རིང་ལུགས་པ་ཟེར་བར་བརྩིས་ཏེ་གུང་ཁྲན་ཚོགས་པའི་མེ་ཏོག་བུམ་པ་ལྟ་བུར་གྱུར་ནས་མའོ་ཙེ་ཏུང་གི་མཇལ་འཕྲད་ཐོབ་ཡོད་པ་དང༌། ཆབ་སྲིད་ཀྱི་གོ་གནས་མཐོ་པོ་དང་དངོས་པོའི་ཐོབ་ཐང་ཡག་པོ་རག་ཡོད་པ་རེད།

རྡོ་རྗེ་ཕག་མོ་ཁོང་ཝ་པ་གླིང་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་ལྷ་འདྲེ་གདོན་བགེགས་རེད། ཁོང་ལ་དགག་པ་འཐབ་འཛིང་བྱེད་མཁན་གྱི་གསར་བརྗེའི་མང་ཚོགས་ཚང་མ་ཝ་པ་གླིང་ཨུ་ཡོན་ལྷན་ཁང་གི་གྲོང་མི་དང༌། འཐབ་འཛིང་བཏང་ས་ནི་རྡོ་རྗེ་ཕག་མོའི་གཟིམ་ཤག་ལ་ཡིན། དེ་བར་སྐོར་ཤར་ལམ་གྱི་ཁ་ཆེ་ལྷ་ཁང་ཉེ་འགྲམ་ལ་ཆགས་ཡོད། རྡོ་རྗེ་ཕག་མོ་ཁོང་གི་སྐུ་ཟླ་སྔོན་མ་ཀ་ཤོད་ལྷུན་གྲུབ་རྣམ་རྒྱལ་ནས་གུས་མོའི་བཅར་འདྲིར་དང་ལེན་གནང་བྱུང༌། ཁོང་གིས་ཚོར་སྣང་ཟབ་པོའི་ངང་ནས་བརྗོད་པར། འདྲ་པར་འདི་ཚོ་མི་གཞན་གྱིས་མཐོང་བ་ཡིན་ཚེ་གང་བཤད་གྲབས་ཡོད་དམ། མ་གཞི་རྡོ་རྗེ་ཕག་མོ་ཁོང་༥༩ལོར་རྒྱ་གར་ནས་ཕྱིར་ལོག་བྱེད་སྐབས་ཏག་ཏག་ང་ཚོའི་རྒྱལ་ཁབ་ནས་འཛམ་གླིང་ཡོངས་ལ་མི་བྱེད་པ་བཞིའི་སྲིད་ཇུས་ཁྱབ་བསྒྲགས་བྱས་པའི་སྐབས་ཡིན་པ་རེད། དེ་ཡང་རང་ཡུལ་ལ་ཕྱི་ལོག་བྱས་ན་མི་གསོད་པ་དང་མི་བཅུག་པ། ཁྲིམས་གཅོད་མི་བྱེད་པ། འཐབ་རྩོད་མི་བྱེད་པ་བཅས་ཡིན་པ་རེད།

ཉིན་མོ་འདིའི་གནས་ཚུལ་ལ་དྲན་གསོས་བྱེད་དུས་ཁོང་གིས་སེམས་ནད་ལྗིད་པོའི་ངང་བརྗོད་པར། དེ་ནི་ཟླ་བ་བརྒྱད་པའི་ཟླ་མཇུག་གི་ཉིན་ཞིག་གི་ཉིན་དགུང་ཆུ་ཚོད་གཉིས་པ་གསུམ་པ་ཙམ་ཡིན་ས་ཡོད། སྐབས་དེར་ཁོང་ལ་བུ་སྐྱེ་ནས་ཉིན་མ་མང་པོ་སོང་མེད་པར་བརྟེན་ཁྱིམ་དུ་བྲེལ་འཚུབ་ངང་ང་ཚོས་ལྟ་སྐྱོང་བྱེད་བཞིན་ཡོད་པ་དང༌། གློ་བུར་དུ་སྒོ་རྭའི་ནང་རྔ་དང་འཁར་རྔ་རྡུང་པའི་སྒྲ་དང་འབོད་ཚིག་སྒྲོག་པའི་སྐད་སྒྲ་ཐོས་བྱུང༌། དུས་ཡུན་རིང་པོ་མ་སོང་བར་མི་ཁྱུ་གཅིག་ང་ཚོའི་ནང་ལ་རྒྱུགས་སླེབས་ནས་ཡར་འཛུལ་མ་ཐག་ཁང་པ་བསྔོགས་ཏེ་གཏོར་བཤིག་བཏང་བ་དང་མེར་བསྲེགས་བཏང་བ་སོགས་གང་ཡོང་བྱས་རྗེས་རྡོ་རྗེ་ཕག་མོ་སྒོ་རྭའི་ནང་བུད་ནས་ཁོང་ལ་དགག་པ་འཐབ་འཛིང་བཏང་སོང༌། ཡིན་ནའི་ལམ་སེང་བཅིངས་འགྲོལ་དམག་འགའ་ཤས་ཤིག་དང་ཁྲེང་ཀོན་ཆུས་ཀྱི་འགོ་ཁྲིད་ཁག་ཅིག་ནས་ཁོང་ཚོས་རྡོ་རྗེ་ཕག་མོ་ཁྲོམ་གཞུང་ཐོག་ཁྲོམ་སྐོར་ལ་འཁྲིད་ན་འགྲིག་གི་མ་རེད་ཅེས་བཀག་འགོག་བྱས་སོང༌། གང་ཡིན་ཞུས་ན་ཁོང་ནི་རང་འགུལ་ངང་རྒྱལ་ཁབ་ལ་ཕྱིར་ལོག་གིས་མུན་དོར་གསལ་ལེན་ཟེར་བ་བྱས་ཡོད། ལྷ་འདྲེ་གདོན་བགེགས་གཞན་དང་གཅིག་པ་མིན་པས་དམིགས་བསལ་གྱིས་ལྟ་སྟངས་འཛིན་ན་མ་གཏོགས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ངན་པ་བཟོ་རྒྱུ་ཡིན་པར་ངོས་འཛིན་བྱས་ནས་སྒོ་རྭའི་ནང་དགག་པ་འཐབ་འཛིང་བཏང་བ་ལས་ཞྭ་མོ་རིང་པོ་གཡོག་མེད་པ་རེད།

འདི་ང་ཚོའི་ནང་གི་སྒོ་རྭ་རེད་ཅེས་ཁོང་གིས་འདྲ་པར་ལ་མཛུབ་མོ་བཙུགས་ཏེ་བརྗོད་པར། ཁྱེད་རང་གཟིགས་དང་གཡས་ཕྱོགས་ཀྱི་ཤིང་སྡོང་དང་གཡོན་ཕྱོགས་ཀྱི་སྒེའུ་ཁུང༌། ཨོའོ། ཨ་མ་ཨ་སྐྱིད་ལགས་འདིར་འདུག་ཅེས་ཁོང་གིས་གཡས་ཕྱོགས་ཀྱི་ཤིང་སྡོང་འོག་ཡོད་པའི་བུད་མེད་འདིར་མཛུབ་མོ་བཙུགས་ནས་ཧང་སངས་སངས་ངང་བརྗོད་བྱུང༌། ཁོང་སྐབས་དེ་དུས་ང་ཚོའི་སྒོ་རྭའི་ནང་སྡོད་ཀྱི་ཡོད་པ་དང་མང་ཚོགས་དཀྱུས་མ་ཞིག་རེད། ཁོང་གིས་རྡོ་རྗེ་ཕག་མོའི་འགྲམ་ནས་བལྟས་པ་མ་གཏོགས་འཐབ་འཛིང་བཏང་མྱོང་མེད། ཨོའོ། ཨ་ནི་ལྷག་སྒྲོན་ཡང་འདིར་འདུག ཁོ་མོ་གྲོང་མི་ལྷན་ཁང་གི་འགོ་ཁྲིད་རེད་ལ། འཐབ་འཛིང་བཏང་སྐབས་ཁྲོ་སྡང་ངར་ཤོས་རེད། དེ་བཞིན་བདེ་འཇགས་འགོ་ཁྲིད་སྤེན་པ་ཚེ་རིང་དང་ཧུར་བརྩོན་ཅན་ཕུར་བུ་ཚེ་རིང་ཡང་འདིར་འདུག ཁོང་ཚོ་འདས་གྲོངས་ལ་ཕྱིན་ཟིན་པ་རེད། ཡང་གཙོ་འཛིན་མའོ་ཡི་འདྲ་པར་གྱི་གཡོན་ཕྱོགས་སུ་ཡོད་པའི་བུད་མེད་གཟུགས་པོ་རིང་པོ་འདི་ཁམས་པ་རེད། ཁོང་སྦྱར་པ་ཁང་གསར་ནང་སྡོད་ཀྱི་ཡོད། ད་ལྟ་ཁོང་ཡང་ཚེ་འདས་ཡོད་ཀྱི་རེད། ཨོའོ། ཚེ་ལྷ་མོ་ཡང་འདིར་འདུག དེ་ལྟར་ལྷུན་གྲུབ་རྣམ་རྒྱལ་ནས་སྐབས་དེ་དུས་ཚང་མས་དོ་སྣང་བྱེད་སའི་མི་མང་པོ་ཞིག་ངོ་ཤེས་སོང༌།

མཐོ་པོར་འདེགས་པའི་མའོ་ཙེ་ཏུང་གི་འདྲ་པར་དེར་གོ་རྒྱུ་ཆེན་པོ་འདུག་ཅིང༌། ཡ་ང་སྙིང་རྗེ་མེད་པའི་ཁོ་པའི་རྣམ་འགྱུར་དང་རྒྱང་རིང་ལ་མིག་ཧུར་རེར་ལྟ་བཞིན་ཡོད་པས་འདི་དེ་ལྟ་བུའི་མང་ཚོགས་ཀྱི་ཚ་ཚ་འུར་འུར་གྱི་ཛ་དྲག་རྣམ་པ་དང་ཆ་མ་མཚུངས་པ་ཞིག་འདུག་ཀྱང་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་པོ་ཡོད་ཁུལ་དང༌། ཚང་མར་བཀོད་འདོམས་དང་རྒྱལ་ཁ་ལག་ཏུ་འཛིན་ཐུབ་པའི་དབང་གྲགས་ཆེན་པོའི་ཚོར་སྣང་ཞིག་ཡོད་པ་རེད།

མགོ་ལ་ཞྭ་མོ་སྒོར་སྒོར་གྱོན་པ་དང་ལུས་ལ་གྲ་ཆས་གཡོགས་པ། ལག་པར་བུམ་པ་བསྐུར་བའི་གཞོན་སྐྱེས་བུ་མོ་ཁོང་ནི་བུད་མེད་ཀྱི་སྤྲུལ་སྐུ་རྡོ་རྗེ་ཕག་མོ་རེད། ཁོང་གི་གཡས་གཡོན་ལ་ལངས་ནས་ཡོད་པའི་གདོང་པ་སྐྱོ་ཞིང་ཞེད་སྣང་གིས་འདར་གསིག་རྒྱབ་བཞིན་པ་ལྟ་བུའི་བགྲེས་སོང་གཉིས་པོ་ནི་བུད་མེད་སྤྲུལ་སྐུ་ཁོང་གི་ཕ་མ་ཡིན་པ་རེད།

རྡོ་རྗེ་ཕག་མོའི་པཱ་ལགས་ལ་རིག་འཛིན་རྒྱལ་པོ་ཟེར་གྱི་ཡོད། སྐུ་དྲག་གཟིམ་ཤག་ཅིག་གི་ཕྱག་མཛོད་ཡིན་པ་དང་ཨ་མ་ལགས་ནི་ཚོང་པའི་ཁྱིམ་ཚང་ཞིག་ནས་རེད། ཁོང་གཉིས་ནི་བུ་མོའི་དམིགས་བསལ་གནས་སྟངས་ཐོག་ནས་ཁོང་དང་ཆབས་ཅིག་ཡག་དུས་ཡག་མཉམ་དང་སྡུག་དུས་མཉམ་སྡུག་མྱོང་དགོས་བྱུང་ཡོད། བཤད་ཡག་ལ་ཁོང་གི་པཱ་ལགས་ནས་ཟིང་འཁྲུག་ལྷིང་འཇགས་ཟེར་བའི་སྐབས་བཅིངས་འགྲོལ་དམག་ལ་ལམ་ཁྲིད་བྱས་པ་དང་གསང་འཕྲིན་བརྒྱུད་སྤྲོད་ཀྱིས་ནང་འཛུལ་ཉན་པ་རྒྱབ་མཁན་བྱས་ཡོད་པས་རྒྱལ་གཅེས་མི་སྣ་ངོ་མ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའི་རྒྱལ་གཅེས་མི་སྣ་ཁོང་ཡང་བུ་མོ་དང་མཉམ་དུ་དགག་པ་འཐབ་འཛིང་ཕོག་ཡོད་པ་མ་ཟད། ཟླ་བ་གཉིས་ཕྱིན་པའི་རྗེས་བཙོན་ཁང་ལ་བཅུག་ཡོད་པ་རེད་འདུག

ལྷུན་གྲུབ་རྣམ་རྒྱལ་ནས་བརྗོད་པར། དངོས་གནས་བྱས་ན་ཁོང་ལ་ཉེས་པ་མེད་པ་རེད། ཡིན་ནའི་ཁོང་ལ་ནག་ཉེས་ལྗིད་པོ་ཕོག་ཡོད། འདི་གང་ཡིན་ཞེ་ན། མང་ཚོགས་ཀྱིས་ཁོང་ར་བཟི་བའི་སྐབས་གཙོ་འཛིན་མའོ་ལ་སྐྱག་པ་བཟོ་ཞེས་ལབས་ཡོད་པ་བརྗོད་ནས་དེའི་རྐྱེན་གྱིས་ཁོང་ལ་དགག་པ་འཐབ་འཛིང་ཐེངས་མང་བཏང་བ་དང་འཐབ་འཛིང་གཏོང་སྐབས་ཧ་ཅང་གི་ཡ་ང་བ་ཡོད་པས་ཉེས་རྡུང་བཏང་ཏེ་དཔུང་པའི་རུས་པ་ཡང་ཆག་ཡོད་པ་རེད་འདུག བཙོན་ཁང་ནས་གློད་འགྲོལ་བཏང་བའི་རྗེས་ལ་ཡང་ཁོང་ལ་རིགས་བཞིའི་མི་སྣ་ཟེར་བའི་ཞྭ་མོ་གཡོགས་ཏེ་མང་ཚོགས་ལ་རྩིས་སྤྲད་ནས་ལྟ་སྐུལ་བསྒྱུར་བཅོས་གཏོང་ཡུལ་དུ་བཞག་ཡོད། ལྟ་སྐུལ་ཚོགས་ཆུང་ནས་ཁོང་ལ་ཉིན་བཅུ་ཙམ་དང་ཡང་ན་ཟླ་ཕྱེད་ཙམ་ལ་འཐབ་འཛིང་རེ་བཏང་སྟེ་ཉེས་རྡུང་དྲག་པོ་ཕོག་ནས་ཁོང་གི་གདོང་པ་ཆ་ཚང་ཁྲག་གིས་ཁེངས་ཡོད་ན་ཡང་ད་དུང་ཉེས་རྡུང་བཏང་བའི་སྐོར་གཞན་ལ་བཤད་མི་ཆོག་པ་དང་གལ་ཏེ་བཤད་པ་ཡིན་ན་རྗེས་ལ་དེ་བས་ཉེས་རྡུང་དྲག་པོ་ཕོག་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་པ་རེད་འདུག

རིག་གནས་གསར་བརྗེའི་སྐབས་འདི་ལྟར་ཡིན་པ་མ་ཟད། སྤྱི་ལོ་༡༩༧༦ལོར་མའོ་ཙེ་ཏུང་འདས་གྲོངས་ལ་ཕྱིན་པའི་རྗེས་ལ་ཡང་འདི་ལྟར་ཡིན་པ་རེད། དྲན་ཐོག་ལ་ཉིན་དེར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཚོ་ཡང་བསྐྱར་ནང་དུ་སླེབས་སོང༌བས་ཅོག་ཙེའི་སྟེང་གི་ཚགས་པར་འདི་མཐོང་བ་དང་དེའི་སྟེང་རྡོ་རྗེ་ཕག་མོའི་པཱ་ལགས་ནས་དུས་རྒྱུན་ལག་ཞོར་དུ་བྲིས་པའི་ཡི་གེ་ཡོད་པ་སྟེ་དེ་རིང་ང་ཚོའི་ནང་ལ་ཤ་ཟས་པ་ཡིན་ཟེར་བ་དང༌། ང་ཚོའི་ནང་ལ་བོད་ཇ་འཐུང་པ་ཡིན་ཟེར་བ་སོགས་བྲིས་ཡོད་པ་ཚང་མ་རྩེད་མོའི་ཐོག་ནས་བྲིས་པ་ཞིག་ཡིན་པ་རེད། མཐར་ཁོ་པ་ཚོས་མཐོང་མ་ཐག་སྐད་ཅོར་རྒྱབ་ནས་བརྗོད་པར། ཁྱོད་ཀྱིས་ལོག་སྤྱོད་ཡི་གེ་གང་བྲིས་ཡོད། ཨའ། གཙོ་འཛིན་མའོ་འདས་གྲོངས་ལ་ཕྱིན་པར་ཁྱོད་དགའ་པོ་བྱུང་ངམ། ད་དུང་ཤ་ཟས་བོད་ཇ་འཐུང་བྱེད་ཀྱི་ཡོད་དམ། ཁྱོད་ནི་ད་ལྟའི་གསར་བརྗེར་ངོ་ལོག་བྱེད་མཁན་ཞིག་རེད་ཟེར་ནས་ཁོང་ཡང་ཁྲིད་དེ་འཐབ་འཛིང་དྲག་པོ་བཏང་བཞག རྗེས་ལ་ཁོང་གིས་དེ་སྔ་རང་ཉིད་ཀྱི་རྒྱལ་གཅེས་ཟེར་བའི་བྱ་སྤྱོད་དེ་ཡང་ཟིང་འཁྲུག་ལྷིང་འཇགས་ཟེར་བའི་སྐབས་ཀྱི་གནས་ཚུལ་འདི་ཚོར་བློ་འགྱོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སྤྱི་ལོ་༡༩༧༧ལོ་དང་ཡང་ན་སྤྱི་ལོ་༡༩༧༨ལོར་ཁོང་འདས་གྲོངས་སུ་ཕྱིན་ཡོད་པ་རེད་འདུག ཡང་རྡོ་རྗེ་ཕག་མོའི་ཨ་མ་ལགས་ལ་མཚོན་ན། བུད་མེད་སེམས་ཆུང་ཞིག་ཡིན་ཞིང་ཉིན་ལྟར་གཡོ་ཟོལ་མེད་པར་ངལ་རྩོལ་སྒྱུར་བཀོད་ལ་སྐྱོད་པ་ལས་སྐད་ཆ་འཐོལ་པ་ཚིག་གཅིག་ཀྱང་ཤོད་ནུས་ཀྱི་མེད།

ཡང་བུད་མེད་སྤྲུལ་སྐུའི་བཟའ་ཟླའི་ངོས་ནས་ཁོང་དང་མཉམ་དུ་འཐབ་འཛིང་ཕོག་ཡོད་དམ། ང་ལ་འཐབ་འཛིང་ཕོག་མྱོང་མེད། ཡིན་ནའི་ང་ལ་འཐབ་འཛིང་གཏོང་རྩིས་ཡོད་པ་གོ་ཐོས་བྱུང་ལ། ད་དུང་ང་བཙོན་ཁང་ནང་བཅུག་རྩིས་ཀྱང་ཡོད་པ་འདྲ། ཡིན་ནའི་སྟབས་ལེགས་པ་ཞིག་ལ་དེ་ནས་ཐར་བྱུང༌། ཉིན་མོ་དེར་ལྷུན་གྲུབ་རྣམ་རྒྱལ་ནས་འགྱོད་པ་ཕྲན་བུ་སྐྱེས་པའི་རྣམ་པའི་ཐོག་ནས་ཕྱིར་དྲན་བྱ་དོན་དུ། སྐབས་དེ་དུས་མི་དེ་ཚོས་རང་ཉིད་ཀྱི་ཁྱིམ་ཚང་སྔོག་བཤེར་བྱས་པ་མ་ཟད། ད་དུང་ང་ཚོར་ཅ་དངོས་སྒོ་རྭའི་ནང་དབྱུགས་དགོས་པའི་བཀའ་གཏོང་གི་འདུག ངས་དཀར་ཡོལ་ཁག་ཅིག་འཁྱེར་ནས་འགྲོ་སྐབས་ཁ་ཤས་ཆག་སོང༌། དེའི་སྐབས་གློ་བུར་དུ་ང་ལ་བོད་ཀྱི་སྔ་མོའི་སྙན་ངག་གི་ཕྱག་དཔེ་ཞིག་ཡོད་པ་དྲན་བྱུང༌། འདི་ནི་ངའི་པཱ་ལགས་ནས་གནང་བ་ཞིག་ཡིན་ནའང་ང་ཚོའི་ཁྱིམ་རྒྱུད་ཀྱི་མེས་པོའི་ཤུལ་བཞག་ཅིག་རེད། ངས་གང་མགྱོགས་དེབ་འདི་འཚོལ་བར་སྐྱོད་ནས་གསང་བའི་ངང་གསང་སྤྱོད་ནང་འཁྱེར་ཏེ་དབྱུགས་པ་ཡིན། ད་ལྟ་བསལ་བློ་བཏང་དུས་བློ་འགྱོད་ཧ་ཅང་ཆེན་པོ་ཡོང་གི་འདུག སྐབས་དེ་དུས་ཞེད་སྣང་ཆེ་ཐག་ཆོད་པས་ཡིན་པ་དང་ང་རང་ཞེད་སྣང་ཧ་ཅང་ཆེན་པོ་བྱུང་བས་གསང་སྤྱོད་ནང་ཡིབ་ནས་བསྡད་པ་ཡིན། མར་ཕྱི་ལ་ཐོན་ནུས་ཀྱི་མི་འདུག ཡིན་ནའི་གཞན་གྱིས་རྩད་གཅོད་བྱེད་མཁན་ཡང་མ་བྱུང་བས་དེ་ནས་ཐར་བྱུང༌། ད་ལྟ་འདྲ་པར་འདི་ཚོ་མཐོང་སྐབས་དངོས་གནས་ང་ལ་འགྱོད་པ་ཆེན་པོ་ཡོང་གི་འདུག གལ་ཏེ་ངས་གསང་སྤྱོད་ནང་ཡིབ་ནས་བསྡད་མེད་ན་འདྲ་པར་འདིའི་ཐོག་ཏན་ཏན་ང་ཡོད་ཀྱི་རེད། དེ་དུས་ང་ལོ་༢༡ལ་སླེབས་ཀྱི་ཡོད།

དེ་ནས་གུས་མོས་ཁོང་ལ་དྲིས་པར། རྡོ་རྗེ་ཕག་མོ་ཕྱི་ལ་ཡོད་པས་ཁྱེད་ནས་ཁོང་ལ་སྙིང་རྗེ་སྐྱེས་མ་སོང་ངམ། དབུགས་རིང་བཏང་ནས་བརྗོད་པར། ཁོང་གཅིག་པུ་མ་རེད། ཁོང་དང་ཕ་མ་གཉིས་མཉམ་དུ་ཡོད་ཅེས་དང༌། ཡང་གུས་མོས་ཕྲུ་གུ་ག་པར་ཡོད་དམ་བརྗོད་སྐབས་ཁོང་ནས་ཕྲུ་གུ་ཧ་ཅང་གི་ཆུང་ཆུང་རེད། ཚང་མ་ཁང་པའི་ནང་ངུས་ནས་ཡོད་པ་དང་ལྟ་སྐྱོང་བྱེད་མཁན་མེད་པ་རེད་ལ། དོ་འཁུར་ཡང་བྱེད་ཐུབ་ཀྱི་མ་རེད། ངུས་ནའི་རེད། ལྟོགས་ནའི་རེད་ལྟ་སྐྱོང་བྱེད་ལོང་མེད་པ་རེད་བརྗོད་བྱུང༌། གུས་མོས་མུ་མཐུད་དྲིས་པར་བུ་ཆུང་ཆུང་ག་པར་ཡོད་དམ། སྐབས་དེ་དུས་ཁོང་ཕྲུ་གུ་དམར་འབྱར་མ་རེད་དམ་ཟེར་སྐབས་ཁོང་ནས་རེད། ཁོང་སྐྱེ་ནས་ཟླ་བ་གཅིག་ལྷག་ཙམ་ལས་ཕྱིན་མེད། རྗེས་ལ་ང་དང་རྡོ་རྗེ་ཕག་མོ་ངལ་རྩོལ་སྒྱུར་བཀོད་ལ་སྐྱོད་སྐབས་ཕྲུ་གུ་སླེ་པོའི་ནང་བཅུག་ནས་སའི་སྟེང་བཞག་གི་ཡོད། གཡུལ་ཁ་བཏང་དུས་ཐལ་བ་དང་འབྲུའི་སྙེ་མ་མང་པོ་ཡོད་པར་བརྟེན་ཕྲུ་གུའི་མིག་ནང་འཛུལ་མི་ཡོང་ངམ་སྙམ་ནས་ང་ཚོས་མགོ་རས་ཀྱིས་ཕྲུ་གུའི་མགོ་བཀབ་ཀྱི་ཡོད་ལ། སྐབས་དེས་ན་རྡོ་རྗེ་ཕག་མོས་རྟག་ཏུ་དེའི་དོན་དུ་མིག་ཆུ་བཏང་གི་ཡོད་ཅེས་བརྗོད་ཀྱི་འདུག

བུད་མེད་ཀྱི་སྤྲུལ་སྐུའི་ཞལ་རས་མདུན་ཁུ་ཚུར་གཡུག་གཡུག་གཏོང་མཁན་གྱི་གཞོན་སྐྱེས་བུད་མེད་དེར་མི་ཚོ་ཚང་མས་ཨ་ནི་ལྷག་སྒྲོན་དང་ཡང་ན་ཝ་པ་གླིང་གི་ཨ་ནི་ཞེས་འབོད་ཀྱི་ཡོད། བཤད་ཡག་ལ་ཁོ་མོ་ནི་བོད་ཀྱི་ཁམས་བྲག་གཡབ་ནས་ཡིན་པ་དང་སྔ་ས་ནས་གནས་མཇལ་ཞུ་བར་ལྷ་སར་སླེབས་ཏེ་ཝ་པ་གླིང་རྒྱུད་ལ་གནས་སྡོད་བྱེད་མུས་ཡིན་པ་རེད། རྒྱུན་དུ་ཕྱུ་པ་དམར་པོ་དང་སྐྲ་ཐུང་ཐུང༌། དེ་བཞིན་བཟའ་ཟླ་བུ་ཕྲུག་མེད་པར་བརྟེན་མི་ཚོས་ཁོ་མོ་ཨ་ནི་ཡིན་པར་རྩིས་ཀྱི་ཡོད། བརྗོད་ཡག་ལ་ཁོ་མོ་ནི་སྦྱིན་པ་གཏོང་མཁན་ལ་བརྟེན་ནས་འཚོ་བ་དང༌། ཡང་ཁ་ཆེའི་ཁྱིམ་ཚང་ལ་གཡོག་པོ་རྒྱུགས་པར་འགྲོ་ཡི་ཡོད་པ་རེད་འདུག རིག་གནས་གསར་བརྗེའི་སྔོན་མཉམ་ལས་ཁང་ལ་ཚལ་འདེབས་མཁན་བྱེད་མྱོང་ཡོད་ལ། བཤས་རྭར་སེམས་ཅན་བསད་པའི་རྒྱུ་མ་འཁྲུ་བར་སྐྱོད་མྱོང་ཡོད་པ་རེད་འདུག རིག་གནས་གསར་བརྗེ་འགོ་ཚུགས་པ་ནས་དམིགས་བསལ་གྱིས་ཧུར་བརྩོན་ཆེན་པོ་ཡོད་པ་དང་ལྷག་པར་དུ་ལྷ་འདྲེ་གདོན་བགེགས་ལ་དགག་པ་དང་འཐབ་འཛིང་གཏོང་སྐབས་དེ་བས་གདུག་རྩུབ་ཆེ་བ་ཡོད་པས་དེ་དུས་སྐད་གྲགས་ཆེན་པོ་ཡོད། དེར་བརྟེན་གང་མྱུར་ཝ་པ་གླིང་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞོན་པ་དང་དེ་ནས་འགོ་ཁྲིད་ལ་བསྐོ་བཞག་བྱས་པ་མ་ཟད། གུང་ཁྲན་ཚོགས་པའི་ནང་ཞུགས་ཡོད་པ་རེད། ཁོ་མོ་ད་དུང་གྱེན་ལོག་ཤོག་ཁག་གི་གཤམ་འོག་ལ་ཡོད་པའི་གྱེན་ལོག་ཀུང་ཧྲེའི་འགོ་པ་དང༌། དྲག་པོའི་འཐབ་རྩོད་བྱ་སྐབས་གདོང་མཆོངས་དཔུང་གཏོར་བྱེད་མཁན་གྱི་གྲས་ཡིན་པ་རེད།

ཨ་ནི་ལྷག་སྒྲོན་དང་བུད་མེད་ཀྱི་སྤྲུལ་སྐུ་བསམ་སྡིང་རྡོ་རྗེ་ཕག་མོའི་དབར་ལ་འཁོན་འཛིན་ཡོད་མེད་ཤེས་ཀྱི་མེད། འོན་ཀྱང་ཆོས་ཕྱོགས་ཀྱི་རྒྱུན་སྲོལ་དང་ཡང་ན་དམངས་ཁྲོད་ཀྱི་གོམས་སྲོལ་ཐོག་ནས་དེ་འདྲ་ཡོང་མི་སྲིད་པ་ཞིག་རེད། ཡིན་ནའི་འདྲ་པར་འདི་གསུམ་གྱི་ཐོག་ཨ་ནི་ལྷག་སྒྲོན་གྱིས་ཁོང་ཁྲོའི་ངང་འགྲེང་པའི་ཁུ་ཚུར་འདི་མགོ་བོ་གུག་གུག་བྱས་ནས་ཡོད་པའི་བུད་མེད་ཀྱི་སྤྲུལ་སྐུར་བརྐྱངས་ཡོད་པས་ལྟ་དུས་མཉམ་གནས་ཐུབ་ཐབས་མེད་པའི་འཁོན་འཛིན་ཟབ་མོ་ཞིག་བཅངས་ཡོད་པ་ལྟ་བུ་འདུག་པས་དེ་དངོས་གནས་དཀོན་པོ་རེད། མི་ཚོགས་དཀྱིལ་ནས་ཡར་ལངས་ཏེ་སྔར་ནས་ཚང་མས་མིའི་ནང་གི་ནོར་བུ་ལྟར་རྩིས་པའི་ཆོས་ཕྱོགས་ཀྱི་བླ་སྤྲུལ་ཞིག་ལ་དགག་པ་རྒྱག་གི་ཡོད་ཅིང༌། ཁོ་མོ་ནི་སྲིད་དབང་གསར་པར་དགོས་མཁོ་ཡོད་པའི་མི་ཞིག་ཡིན་པ་རེད། ལྟ་དུས་ཁོ་མོའི་བྱ་སྤྱོད་ཀྱིས་མཐའ་སྐོར་ལ་ཡོད་པའི་མང་ཚོགས་ལ་སློབ་གསོ་དང་ཤུགས་རྐྱེན་ཐེབས་ནས་ཐ་ན་ཕྲུ་གུ་ཆུང་ཆུང་དེ་ཚོས་ཀྱང་ཁུ་ཚུར་བརྐྱངས་བཞིན་འདུག

རིག་གནས་གསར་བརྗེའི་མཇུག་ཙམ་ལ་གྱེན་ལོག་གི་དབང་ཤུགས་རིམ་བཞིན་ཉམས་ནས་ཨ་ནི་ལྷག་སྒྲོན་གྱིས་དེ་ཙམ་ཧམ་པ་ཆེན་པོ་བྱེད་ནུས་ཀྱི་མེད། གང་ཡིན་ཞེ་ན། ཁོ་མོ་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་དང་འབྲེལ་བ་ཆགས་ཏེ་ལོ་གཅིག་ལྷག་ཙམ་བཙོན་ལ་བཅུག་པ་རེད། ཡིན་ནའི་མི་འགའ་རེས་བརྗོད་པར་ཁོ་མོར་མ་ཉེས་ཁག་གཡོགས་རགས་པ་དང་དོན་དངོས་ཐོག་ཁོ་མོ་དེ་འདྲ་མིན་པར་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་བརྗོད་ཡག་ལ་དོན་ངོ་མའི་རྒྱུ་མཚན་ནི་གྱེན་ལོག་ཤོག་ཁག་གི་ངན་རེངས་པ་ཞིག་གི་ངོས་ནས་རུ་སྟར་སྒྲིག་ས་ནོར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་ཁོ་མོས་རྔ་ལ་བསྟུན་ནས་འཆམ་རྒྱག་པ་དང་མདུང་རྩེའི་ཁ་ཕར་བསྒྱུར་ནས་སྟོབས་ཤུགས་རྒྱས་བཞིན་པའི་མཉམ་འབྲེལ་སྒྲིག་འཛུགས་ནང་ཞུགས་པ་ཡིན་ན་ཁོ་མོ་ཕལ་ཆེར་སྔར་ལྟར་ངོ་སོ་ཆེ་བ་ཞིག་ཡོང་སྲིད་པ་དང༌། གལ་སྲིད་དངོས་གནས་ལྐོག་ཟ་བྱས་པའི་དབང་དུ་བཏང་ནའང་རྩིས་རིན་གང་ཞིག་ཡོད་དམ། བཙོན་ཁང་ནས་གློད་འགྲོལ་བྱུང་སྟེ་དུས་ཡུན་རིང་པོ་མ་སོང་བར་ཁོ་མོ་འདས་གྲོངས་སུ་ཕྱིན་པས་དེ་དུས་ཕལ་ཆེར་སྤྱི་ལོ་༡༩༨༥ལོ་དང་ལོ་ན་དྲུག་བཅུ་ལྷག་ཙམ་ཡིན་ས་རེད།

ད་དུང་ཡང་ལྷ་སའི་གྲོང་ཁྱེར་རྙིང་པའི་ཁུལ་གྱི་མི་མང་པོས་རྒྱ་བཟོའི་སྟོད་ཐུང་དང་འོག་ལ་ཕྱུ་པ་གྱོན་པའི་ཨ་ནི་ལྷག་སྒྲོན་བརྗེད་མི་འདུག ཚང་མས་ཁོ་མོ་ནི་སྐབས་དེ་དུས་ཀྱི་ཧུར་བརྩོན་ཅན་ངོ་མ་དེ་རེད་ཟེར་གྱི་འདུག་ལ། མི་མང་པོས་ཞེན་པ་ལོག་པའི་རྣམ་པའི་ཐོག་ནས་ཁོ་མོའི་སྒྲུང་མང་པོ་བཤད་ཀྱི་འདུག འོན་ཀྱང་ཁོ་མོར་སྐད་ཆ་ཡག་པོ་བཤད་མཁན་ཡང་ཡོད་པ་སྟེ། ཁོ་མོ་ནི་བློ་གཅིག་སེམས་གཅིག་གིས་གཞུང་དོན་གྲུབ་པ་ལས་སྒེར་དོན་རྩ་བ་ནས་མི་གྲུབ་མཁན་ཞིག་ཡིན་པས་ཁོ་མོ་དྲན་མཁན་ཡང་འདུག གུས་མོས་ཨ་ནི་ལྷག་སྒྲོན་གྱིས་ཆོས་ཕྱོགས་ཐོག་ལ་རྣམ་འགྱུར་གང་འདྲ་འཛིན་གྱི་ཡོད་མེད་སྐོར་གླེང་སྐབས་མི་དེས་བརྗོད་པར། ཁོ་མོ་ཆོས་ལ་དད་པ་མེད་པ་དང་ཁོ་མོས་སྐྲ་ཐུང་ཐུང་བཟོས་པ་དང་མི་ཚོས་ཨ་ནི་ཞེས་འབོད་པ་ཡིན་རུང་ནང་ཆོས་ལ་དད་པ་མེད་པ་རེད། མ་མཐར་ཕྱི་ཚུལ་ནས་དད་པ་རྩ་བ་ནས་མེད་པའི་རྣམ་འགྱུར་ཞིག་སྟོན་གྱི་ཡོད། ང་ཚོས་ཁོ་མོའི་སེམས་ནང་ལ་གང་བསམ་གྱི་ཡོད་མེད་ཤེས་ཀྱི་མེད། ཕལ་ཆེར་ཁོ་མོས་ཡིད་ཆེས་བྱེད་ས་དེ་གུང་ཁྲན་རིང་ལུགས་ཡིན་ས་རེད། དེར་བརྟེན་གུང་ཁྲན་ཚོགས་པའི་ནང་འཛུལ་པ་རེད།

བུད་མེད་ཀྱི་སྤྲུལ་སྐུ་ཁོང་ལ་དགག་པ་འཐབ་འཛིང་བྱེད་པའི་གནས་སྟངས་འདི་རིམ་པས་ཛ་དྲག་རུ་འགྲོ་ཡི་ཡོད་ས་རེད། བུད་མེད་སྤྲུལ་སྐུའི་བཤུ་གཞོག་གི་ནག་ཉེས་ཕྱིར་སྟོན་བྱེད་པའི་ཆེད་ཁོང་གི་སྒལ་པའི་སྟེང་དར་གོས་ལྗིད་པོ་བསྐུར་བ་དེས་གཟུགས་སྟོབས་སྐྱོ་བའི་ཁོང་མར་མནན་ནས་མི་འཁྱོག་པ་ལྟ་བུ་འདུག མཐའ་སྐོར་ལ་ལྟད་མོ་ལྟ་མཁན་གྱི་མི་ཚོགས་ནང་མདུན་དུ་ཡོད་པའི་ཁུ་ཚུར་བརྐྱངས་བཞིན་ཡོད་པའི་ཕྲུ་གུ་དེ་ཚོས་ཁོང་ལ་རྡོ་དབྱུགས་ཀྱི་ཡོད་པ་མ་རེད་དམ།

དམིགས་བསལ་སྟོན་དགོས་པ་ཞིག་ལ། ཁོང་གི་དབུའི་སྟེང་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཞྭ་ནག་པོ་འདི་འདྲ་པར་ཐོག་ལྟ་དུས་རལ་པ་ཞིག་འདུག ཡིན་ནའི་དངོས་གནས་བྱས་ན་དབུ་ཞྭ་འདིའི་མཐའ་སྐོར་ལ་གསེར་སྐུད་དང་གསེར་གྱི་སྐུ་ཆུང་ཆུང་ཡོད་པ་རེད་ལ། ད་དུང་གྲངས་ལས་འདས་པའི་མུ་ཏིག་གིས་བརྒྱན་ཡོད་པར་བརྟེན་རིན་ཐང་བྲལ་བ་དང་ཧ་ཅང་གི་སྙིང་རྗེ་པོ་ཡོད་པ་རེད། ཡིན་ནའི་དགག་པ་འཐབ་འཛིང་མ་བཏང་གོང་དབུ་ཞྭའི་སྟེང་གི་མུ་ཏིག་དང་གསེར་གྱི་སྐུ་ཆས་ཆད་ལུས་མེད་པར་བཀོག་སྟེ་དངུལ་ཁང་ནས་རིན་གོང་དམའ་པོའི་ཐོག་ཉོ་སྒྲུབ་བྱས་ཡོད་པ་རེད་འདུག ལྷུན་གྲུབ་རྣམ་རྒྱལ་ནས་བརྗོད་པར། ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འོག་སྐབས་དེ་དུས་རྡོ་རྗེ་ཕག་མོར་མི་དམངས་ཤོག་སྒོར་སྟོང་ཕྲག་གཉིས་སྤྲད་པ་ངས་དྲན་གྱི་འདུག ཡིན་ནའི་གསེར་གྱི་སྐུ་འདྲ་དེ་རྣམས་མ་རྩིས་པར་མུ་ཏིག་གཅིག་པུར་ཆ་མཚོན་ན་ཡང་གདོང་འཁྲུ་བྱེད་ཀྱི་གཞོང་པ་སྒང་འདུག

བརྗོད་ཡག་ལ་བོད་ས་ཡོངས་ནང་དབུ་ཞྭ་ནག་པོ་དེ་རིགས་གཉིས་ལས་མེད་པ་དང༌། གཅིག་ནི་ཀརྨ་བཀའ་བརྒྱུད་ཀྱི་ཀརྨ་པ་རིན་པོ་ཆེའི་དབུ་ཞྭ་ནག་པོ་འདི་ཡིན་པ་དང་གཅིག་ནི་བུད་མེད་སྤྲུལ་སྐུ་རྡོ་རྗེ་ཕག་མོའི་དབུ་ཞྭ་ནག་པོ་འདི་གཉིས་ཡིན་པ་རེད། ཆོས་ཕྱོགས་ཀྱི་དོན་སྙིང་ཐོག་ནས་ཞུས་ན། དབུ་ཞྭ་འདི་ཕྱོགས་བཅུའི་མཁའ་འགྲོ་མས་རང་གི་སྐྲས་ལྷས་མ་རྒྱབ་ནས་རྡོ་རྗེའི་དབུ་ཞྭ་ནག་པོ་འདི་བྱུང་བར་བསམ་གྱིས་མི་ཁྱབ་པའི་སྦྱིན་རླབས་ལྡན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་དབུ་ཞྭ་འདི་བཞིན་རྡོ་རྗེ་ཕག་མོའི་སྐུ་འཕྲེང་རིམ་བྱོན་དང་ཁོང་གི་དགོན་པར་ཆ་མཚོན་ན་རྩ་ཆེའི་དོན་སྙིང་ལྡན་ཡོད། ལྷུན་གྲུབ་རྣམ་རྒྱལ་ནས་བརྗོད་པར། རྡོ་རྗེ་ཕག་མོ་སྤྱི་ལོ་༡༩༥༩ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་དབུ་ཞྭ་འདི་བསྣམས་ཡོད་པ་དང་ཡང་རྒྱ་གར་ནས་ཕྱིར་ལོག་ཕེབས་སྐབས་ཡང་མཉམ་དུ་ཚུར་བསྣམས་ཕེབས་ཡོད་པ་རེད། ཡིན་ནའི་དབུ་ཞྭ་དེ་གསར་བརྗེའི་མང་ཚོགས་ནས་མེ་ཕུང་ནང་དབྱུགས་ཏེ་ཐལ་བར་གྱུར་ཡོད་པ་བརྗོད་མཁན་ཡང་འདུག དེ་བཞིན་མེད་པ་བཟོས་པའི་དངོས་པོའི་ནང་ནས་ཕངས་ཤོས་ནི་དབུ་ཞྭ་འདི་ཡིན་པ་རེད།

འདྲ་པར་ཐོག་རྡོ་རྗེ་ཕག་མོའི་ཕྱག་ལ་ཡོད་པའི་བུམ་པ་དེ་བོད་ཀྱི་གོམས་སྲོལ་ནང་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། དེའི་ནང་འབྲུ་སྣ་ལྔ་དང་ཆོས་ཕྱོགས་ཀྱི་ཆོས་རྫས་སྣ་ཚོགས་བླུགས་ཡོད་ལ། དེ་ཁྱིམ་ཚང་དུ་བཞག་པ་དང་རིའི་སྟེང་ཡང་ན་ཆུའི་ནང་སྦས་ཀྱི་ཡོད། སྤྱིར་བཏང་སྨོན་འདེབས་དང་བྱ་བ་ལམ་འགྲོ་ཡོང་བ་སོགས་ཀྱི་ཐད་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། རྡོ་རྗེ་ཕག་མོའི་བུམ་པ་དེ་བུམ་པ་སྣ་ཚོགས་ཡོད་པའི་ནང་གི་གཡང་བུམ་ཡིན་པ་བརྗོད་མཁན་འདུག་ལ། ལོ་རྒྱུས་ཡུན་རིང་ལྡན་ཞིང་བཟོ་རྩལ་ཧ་ཅང་མཛེས་པོ་ཡོད་རུང་དགག་པ་འཐབ་འཛིང་གི་རྗེས་ལ་མཐོང་རྒྱུ་མེད་པ་ཆགས་ནས་ད་ལྟ་བར་ག་པར་ཡོད་མིན་ཤེས་རྟོགས་མེད་པ་རེད།

མིའི་མགོ་མང་པོ་རུབ་ཡོད་པ་དང་ཁུ་ཚུར་བརྐྱངས་བཞིན་ཡོད་པའི་འདྲ་པར་ཐོག་ང་ཚོས་ཞིབ་ཕྲའི་གནས་ཚུལ་གཅིག་གི་ཐོག་དོ་སྣང་བྱེད་དགོས་པ་ནི་ཞྭ་མོ་ཁ་ལེབ་གྱོན་པའི་ན་གཞོན་དེས་ལག་པ་བུམ་པའི་སྟེང་ཡོད་པའི་གའུ་ལ་འཕྱང་བཞིན་བློ་གཅིག་སེམས་གཅིག་ངང་ཟབ་ཟབ་ཀྱིས་ལྟ་བཞིན་འདུག ཡང་ཁོ་པའི་བྱེད་སྟངས་ནས་བལྟས་ན་ཡ་མཚན་སྐྱེས་པ་ཞིག་ཡིན་ནམ་ཡང་ན་དེ་ལྟར་མ་ཡིན། གང་ལགས་ཤེ་ན་རྙིང་པ་བཞི་ཟེར་བ་གཏོར་བའི་ནང་གཏོར་བ་དང་བཤིག་པ་ཕུད་མང་ཆེ་བ་ནི་འཕྲོག་བཅོམ་བྱེད་ཀྱི་ཡོད་པས་དེའི་སྐབས་ཧུར་བརྩོན་ཅན་རྒྱུན་ཆད་མེད་པར་ཐོན་པའི་རྒྱུ་རྐྱེན་ཡང་དེ་ལྟར་ཡིན་པ་རེད།

གའུ་ནི་བོད་མི་ཚོས་ལྷའམ་རྩ་ཆེའི་བྱིན་རྟེན་འཇུག་སྣོད་གཟུགས་ཆུང་བའི་མཆོད་གཤོམ་ལྟ་བུ་ཡིན་པས་དེ་རྒྱུན་དུ་ལུས་པོར་འཁྱེར་བའམ་ཡང་ན་ཁྱིམ་དུ་རྩ་ཆེར་འཇོག་པའི་རྟེན་ཆས་ཤིག་ཡིན་པ་རེད། གའུའི་རྒྱུ་ཆ་ཟངས་དང་རག གསེར་དངུལ་སྤེལ་མའམ། དངུལ་རྐྱང་གསེར་རྐྱང་ལས་བཟོས་པ་དང༌། བུད་མེད་ཀྱི་རྒྱན་ཆའི་གའུ་ཟུར་བཞི་མ་དང་ཟུར་བརྒྱད་མ། སྒོར་དབྱིབས་བཅས་སྣ་ཚོགས་ཡོད། (གའུ་ཡི་འགྲེལ་པ་དུང་དཀར་ཚིག་མཛོད་ཆེན་མོ་ནས།) བུད་མེད་སྤྲུལ་སྐུ་ཁོང་གི་གའུ་ཏན་ཏན་རིན་ཐང་ལྡན་པ་ཞིག་ཡོད་པ་ལས་དད་ལྡན་མང་ཚོགས་དཀྱུས་མའི་གའུ་དང་འདྲ་ཡི་ཡོད་ཀྱི་མ་རེད།

དོ་སྣང་བྱུང་བ་ཞིག་ནི་མཐའ་སྐོར་མང་ཚོགས་ཀྱི་རྣམ་འགྱུར་འདི་འདྲ་ཡིན་ཞིང༌། ལ་ལས་མིག་ལོག་ལྟ་བ་དང་ལ་ལས་སྨིན་མ་བསྡུས་པ། ལ་ལས་ཁ་གདང་ནས་འབོད་ཚིག་སྒྲོག་གི་ཡོད་པ་འདྲ་པོ་འདུག ལ་ལས་ཕྱོགས་གང་ནས་ཡིན་མིན་མ་ཤེས་པར་བརྐྱངས་ཡོང་བའི་ཁུ་ཚུར་ལ་ཡ་མཚན་ངང་ལྟ་བཞིན་འདུག་ལ། ཡང་ལ་ལ་ནི་གུག་ཙམ་བྱས་ནས་འོག་མིག་ལྟ་བཞིན་འཇིགས་སྣང་གི་རྣམ་འགྱུར་ཐོག་བསམ་བློ་གང་གཏོང་གི་ཡོད་པ་ཡིན་ནམ། དེ་བཞིན་ཡང་གའུ་དེར་ཨ་སློག་རྒྱབ་མཁན་གྱི་ན་གཞོན་འདི་རྗེས་ལ་ཁ་ཆེ་ཞིག་ཡིན་པ་ཤེས་རྟོགས་བྱུང༌། ཝ་པ་གླིང་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་ཁ་ཆེ་གནས་ཡུལ་དེའི་ནང་གི་ཧུར་བརྩོན་ཅན་ཞིག་ཡིན་པ་དང་མིང་ལ་གཡུ་ལུ་སི་ཟེར་གྱི་ཡོད། རྗེས་ལ་མཉམ་འབྲེལ་ཤོག་ཁག་འོག་གི་ཞིང་འབྲོག་མང་ཚོགས་ཀྱི་དམག་སྤྱི་ཁང་གི་དམག་སྤྱི་བྱས་ཡོད། ད་ཆ་ལོ་ངོ་ལྔ་བཅུ་ང་བདུན་ང་བརྒྱད་ཙམ་ལ་སླེབས་ཀྱི་ཡོད་པ་དང་ཁྱིམ་ཚང་ནང་ལ་རྒྱན་འཛུགས་བྱེད་ས་བཙུགས་ནས་ཕྱུག་པོའི་འཚོ་བ་བསྐྱལ་བཞིན་ཡོད་པ་རེད། ཁོ་པའི་འགྲམ་དེར་ཡོད་པའི་བུད་མེད་དེའི་མིང་ལ་ཚེ་སྒྲོལ་མ་ཟེར་གྱི་ཡོད་པ་དང་ཡང་ཧུར་བརྩོན་ཅན་ཞིག་རེད། མཉམ་ལས་ནང་ལྷམ་བཟོ་ཡི་ཡོད། ད་ལྟ་ཚེ་ལས་འདས་ཟིན། ཚེ་སྒྲོལ་མའི་རྒྱབ་ལ་ལག་པར་དར་དམར་ཆུང་ཆུང་འཁྱེར་བའི་བུད་མེད་བགྲེས་སོང་འདི་སྙོམས་ཆུང་ཚུལ་ལྡན་ཞིག་འདུག་པས་ཕལ་ཆེར་ཨུ་ཡོན་ལྷན་ཁང་གིས་སྐད་བཏང་པ་ཡིན་ས་རེད། རྡོ་རྗེ་ཕག་མོའི་གཡས་ཕྱོགས་སུ་ཡོད་པའི་སྐྲ་ཐུང་ཐུང་གི་བུ་མོ་འདིའི་མིང་ལ་ཟ་མཱ་ཟེར་བ་དང་ཡང་ཁ་ཆེ་རེད། ད་ལྟ་ཁྱིམ་ཚང་གི་བདག་མོ་བྱས་ནས་ཡོད།

དགག་པ་འཐབ་འཛིང་གཏོང་ཡུལ་དེ་ནས་སྒོ་རྭ་སྦུག་ནས་སྒོ་འགྲམ་ལ་ཕྱིར་སྤོས་ཤིང་རྒྱལ་སྒོའི་སྟེང་ད་དུང་རྒྱང་བསྒྲགས་ཆུང་ཆུང་ཞིག་བཙུགས་བཞག མི་སྣ་འདྲ་མིན་དང་ལྟ་བཟོ་འདི་བཟོ་མི་འདུག

ལྟ་སྟངས་ཁྱད་མཚར་ངང་རྡོ་རྗེ་ཕག་མོར་ལྟ་བཞིན་ཡོད་པའི་སྐྱེས་པ་དེའི་མིང་ལ་རྡོ་རྗེ་ཚེ་རིང་ཟེར་གྱི་ཡོད། ཁོ་པ་ཡང་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་ཅན་ཞིག་ཡིན་ཞིང༌། ད་ལྟ་ཚེ་ལས་འདས་ཟིན་པ་རེད། དགག་པ་འཐབ་འཛིང་འདི་ཡིན་ནམ་ཡང་ན་གཞན་ཞིག་གི་ཐོག་ཡིན་མ་ཤེས། མིང་ལ་ཚེ་རིང་དབང་མོ་ཟེར་མཁན་གྱི་བུད་མེད་ཧུར་བརྩོན་ཅན་ཞིག་གིས་གློ་བུར་དུ་ལག་པ་བརྐྱངས་པ་དང་ཁྲོ་སྡང་ཧ་ཅང་ཆེན་པོའི་སྒོ་ནས་རྡོ་རྗེ་ཕག་མོའི་མིག་རིལ་འདོན་པར་ཡོང་བ་དང་འདྲ་བ་བྱས་པར་བརྟེན་རྡོ་རྗེ་ཕག་མོ་ཞེད་ཐག་ཆོད་ནས་ཁྱིམ་ལ་ཕྱིར་ལོག་ཟིན་རྗེས་སྐད་ཤུགས་ཆེན་པོས་ངུས་ཡོད་པ་རེད།

འདྲ་པར་དེ་ཚོའི་ནང་རྡོ་རྗེ་ཕག་མོའི་དབུ་ཡར་རྩ་བ་ནས་བཀྱག་མྱོང་མེད་ལ། སྐེད་པ་འདྲོང་པོར་བཞུགས་མྱོང་མེད། ཡང་ཟང་ཟིང་གི་དབུ་སྐྲ་དེས་ཁོང་གི་ཞལ་རས་བཀབ་བཞག སྐབས་དེ་དུས་ཁོང་གི་སྣེ་མང་རྙོག་འཛིང་ཆེ་བའི་བསམ་བློ་འདི་ང་ཚོས་ཉམས་ཞིབ་རྩ་བ་ནས་བྱེད་ཐུབ་ས་མ་རེད། ད་དུང་བྱ་ཐབས་རིགས་གཞན་ལས་གང་ཞིག་གི་ཐོག་ནས་དེ་སྔ་ཆས་དེ་འདྲ་སྤྲས་ཏེ་མང་ཚོགས་ཀྱིས་སྐུ་ཕྱག་ཕུལ་བར་དང་ལེན་བྱེད་མཁན་སྤྲུལ་སྐུ་ཚོར་བརྙས་བཅོས་འདི་འདྲ་ཞིག་གཏོང་ཐུབ་པ་རེད་དམ་ཞེ་ན། དེ་འདྲ་མེད་པ་གསལ་པོ་རེད། གསར་བརྗེ་དེས་རང་གི་དམིགས་ཡུལ་མང་པོ་ཞིག་ཡོད་པའི་ནང་གི་གཅིག་དེ་ལྟར་གྲུབ་ཡོད་པ་སྟེ། མི་ཁག་ཅིག་བེད་སྤྱོད་བཏང་ནས་དེ་མིན་མི་ཁག་ཅིག་ལ་བརྙས་བཅོས་བཏང་བ་དང་དེ་མིན་མི་ཁག་ཅིག་གི་ལ་རྒྱར་ཡིད་ཆེས་མེད་པ་བཟོས་ཤིང་དོན་དངོས་ཐོག་དེས་རེ་རེ་ཚང་མའི་ལ་རྒྱ་མེད་པ་བཟོ་ཡི་ཡོད་པ་རེད།

ད་ཆ་བསམ་སྡིང་རྡོ་རྗེ་ཕག་མོ་སྐུ་འཚོ་བཞུགས་ཡིན་པ་དང་ཁོང་ལ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་དང་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་གཞུང་ཕྱོགས་ཀྱི་གོ་གནས་མང་དག་ཅིག་ཡོད་པས་རྒྱུན་དུ་བརྙན་འཕྲིན་གྱི་གསར་འགྱུར་ནང་ཚོགས་འདུ་སྣ་ཚོགས་ཐོག་ཡོད་པ་རེད། གུས་མོས་དེ་སྔོན་གཞུང་གི་དཔོན་རིགས་ཤིག་གི་བུ་མོའི་ཆང་སའི་རྟེན་འབྲེལ་ཐོག་ཁོང་མཇལ་མྱོང་ཡོད། ཁོང་ནས་གོམ་པ་སྤོ་སྐབས་ཀྱ་ཀེ་ཀྱོ་ཀེ་རེད་འདུག་ལ། སྙོམས་ཆུང་མཐོང་དོད་པོ་ཞིག་དང་ལྷ་སའི་བུད་མེད་རྒན་རབས་ཚོའི་ན་བཟའ་བཞེས་སྟངས་ནང་བཞིན་གྱི་བགྲེས་སོང་ཞིག་འདུག གུས་མོས་ཁོང་ལ་བཀའ་འདྲི་ཞུ་འདོད་ཆེན་པོ་བྱུང་ལ། འདྲ་པར་འདི་རྣམས་ཁོང་ལ་སྟོན་འདོད་ཆེན་པོ་བྱུང༌། ཡིན་ནའི་ཡག་ཤོས་བྱུང་ན་དེ་འདྲ་མ་བྱེད་ཅེས་བརྗོད་མཁན་བྱུང༌། གོ་ཐོས་ལ་ཁོང་རྟག་ཏུ་སྒོ་བརྒྱབ་སྟེ་ཕྱག་དཔེ་གཟིགས་བཞུགས་ཀྱི་ཡོད་པ་དང་ལོ་ལྟར་ཉུང་མཐར་ཡང་དགོན་པར་ཐེངས་གཅིག་ཕེབས་ཀྱི་ཡོད་པ་རེད་འདུག དེ་ནི་དེ་སྔ་ཧང་སངས་བའི་དགོན་པ་ཆེན་པོ་ཞིག་དང་ད་ཆ་གཞི་ཁྱོན་ཆུང་ཆུང་ཆགས་པའི་དགོན་པ་ཞིག་རེད། ཁོང་གི་གཟིམ་ཆུང་གི་སྒེའུ་ཁུང་ནས་ཕྱི་ལ་ལྟས་པ་ཡིན་ན་གཡང་ཌི་ལྟ་བུའི་མཛེས་པའི་ཡམ་འབྲོག་གཡུ་མཚོ་མཇལ་གྱི་འདུག་ལ། ཉི་འོད་ཀྱི་འོག་ལ་དེ་བས་འོད་མདངས་བཀྲ་བ་ཞིག་འདུག

སྡུག་བསྔལ་གྱིས་ཡིད་སྐྱོ་པོའི་རྣམ་འགྱུར་བཏོན་མཁན་གྱི་བུད་མེད་འདི་ད་ལྟའང་ལྷ་སའི་ནང་གི་བགྲེས་སོང་ཁ་ཤས་ཀྱིས་ཁོང་ངོ་ཤེས་ཀྱི་འདུག ཁོང་ཚོའི་དྲན་ཤེས་ནང་དེ་སྔ་ཁོང་ནི་རྒྱུ་ནོར་འཕེལ་ཞིང་སྙན་གྲགས་ཆེ་བའི་སྐུ་དྲག་གི་ལྕམ་གནང་མྱོང་བ་དང་དེ་ནས་ཁོང་གིས་རང་འགུལ་ཐོག་དེ་དག་ཚང་མ་བློས་བཏང་བྱས་ནས་དམ་པའི་ཆོས་ལ་བཞུགས་ཏེ་བཙུན་མ་གནང་བ་རེད། ཁོང་ཐུགས་གཤིས་འཇམ་ལ་བློ་རྩེ་སྒྲིམ་པའི་ངང་ལྷ་བླ་མར་དད་གུས་དང་གཞན་ལ་རྩོད་གླེང་མི་གནང་མཁན་ཞིག་ཡིན་པས་ཚང་མས་ཁོང་ལ་ཨ་ནི་སྲིད་མཐར་ལགས་ཞུ་ཡི་ཡོད།

འོན་ཀྱང་དགག་པ་འཐབ་འཛིང་གི་ཚོགས་འདུའི་ཐོག་ཁོང་ལ་ཆོས་ཕྱོགས་ཀྱི་མཛད་སྒོའི་ཐོག་བེད་སྤྱོད་བྱེད་པའི་རིགས་ལྔ་གཡོག་པ་དང་དཔུང་པ་གཉིས་ལ་མཊལ་ཕུལ་ཆེད་ཀྱི་ཆོས་ཆས་བསྡམས་འདུག ཡང་གསར་བརྗེའི་མང་ཚོགས་ཟེར་བའི་མི་ཞིག་གི་ལག་པ་གཅིག་གིས་ཁོང་གི་སྐེ་ནས་འཛིན་བཞག ཁོང་གིས་འདི་ལྟ་བུའི་ངོ་ཚ་བརྙས་བཅོས་མྱོང་དགོས་དོན་ཡང་སྙིང་ནག་ཉེས་གང་ཡོད་དམ། ཞིབ་ཕྲ་ལྟ་དུས་ཁོང་གི་བྲང་ཁོག་མདུན་གྱི་ཡིག་ཆེན་ཚགས་པར་སྟེང་བོད་ཡིག་ཐོག་(དག་ཆ་ནོར་འཁྲུལ་མང་པོ་འདུག)བྲིས་པར་གསར་བརྗེར་ངོ་ལོག་པ་སྲིད་མཐར་ཁོ་མོ་ནི་ལོག་སྤྱོད་པ་ཞྭ་སྒབ་པའི་ནང་མི་རེད། ཟིང་འཁྲུག་རྗེས་ཁོ་མོས་ལོག་སྤྱོད་པ་ཏཱ་ལ་དང་པན་ཆེན་གྱི་རྐང་པར་འཐམས་ནས་བསྟོད་བསྔགས་ཀྱི་གཞས་ཚིག་རྩོམ་པ་ཞེས་འཁོད་ཡོད། མགོའི་སྟེང་གི་ཞྭ་མོ་རིང་པོའི་ཐོག་ཞྭ་སྒབ་པ་ཟེར་བའི་བོད་ཡིག་ཚིག་ཁ་ཤས་གསལ་པོ་མཐོང་རྒྱུ་འདུག འོ་ན་ཞྭ་སྒབ་པ་ཟེར་བ་སུ་རེད་དམ།

ཞྭ་སྒབ་པའི་མཚན་ཡོངས་ལ་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཞུ་ཡི་ཡོད། ཁོང་ནི་དེ་སྔ་བཀའ་ཤག་གཞུང་གི་དབང་གྲགས་ཆེ་བའི་ལས་ཁུངས་རྩིས་ཁང་གི་རྩིས་དཔོན་གོ་གནས་རིམ་བཞི་ཡིན་པ་དང༌། ཁོང་གིས་ལོ་རྒྱུས་ཀྱི་གནད་དོན་གལ་ཆེ་མང་པོའི་ནང་མཉམ་ཞུགས་གནང་མྱོང་ཡོད་པར་བརྟེན་བོད་ཀྱི་དེང་དུས་ལོ་རྒྱུས་ཐོག་མེད་དུ་མི་རུང་བའི་གལ་ཆེའི་མི་སྣ་ཞིག་རེད། རྒྱ་ནག་གཞུང་དང་མཐའ་གཅིག་ཏུ་ལངས་ཕྱོགས་ཁ་གཏད་དུ་ལངས་པའི་རྐྱེན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྐད་གྲགས་ཡོད་པའི་ཁ་བྲལ་རིང་ལུགས་པ་ཟེར་བ་འདི་རེད། ཁོང་ནི་ཁྱད་དུ་འཕགས་པའི་མཁས་དབང་ཞིག་ཀྱང་ཡིན་པ་རེད། ཁོང་གིས་རྩོམ་བྲིས་གནང་བའི་<<བོད་ཀྱི་སྲིད་དོན་རྒྱལ་རབས།>> ཞེས་པའི་རྩོམ་དེབ་དེ་ནི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཚོས་ཉེ་རབས་ བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ཕུལ་བྱུང་བརྩམས་བྱ་ཞིག་ལ་བརྩིས་པར་བརྟེན་རྒྱ་ནག་གཞུང་གིས་དེར་དམའ་འབེབས་དང་མེད་པ་བཟོ་ཡི་ཡོད། ཁོང་གིས་ད་དུང་ <<གཙུག་ལག་ཁང་གི་དཀར་ཆག>> ཕྱག་དེབ་ཅིག་ལྗགས་རྩོམ་གནང་བ་འདི་རྒྱལ་བ་སྐུ་འཕྲེང་ལྔ་པ་ཆེན་པོས་ལྗགས་རྩོམ་གནང་བའི་ <<གཙུག་ལག་ཁང་གི་དཀར་ཆག>>འདིའི་མཐུད་བསྒྲིགས་ཤིག་ཡིན་པར་ངོས་འཛིན་ཞུ་ན་ཆོག་གི་ཡོད། དེས་ལྷ་ལྡན་གཙུག་ལག་ཁང་གི་རྒྱལ་རབས་ལོ་རྒྱུས་དེ་བས་ཆ་ཚང་རུ་འགྲོ་ཐུབ་པ་བྱུང་ཡོད་པ་མ་ཟད། ད་དུང་དུས་ཚོད་ཀྱི་དབྱེ་མཚམས་ཐད་ད་བར་འཁོད་ཡོད་པའི་ནང་ལྷ་ལྡན་གཙུག་ལག་ཁང་ལ་རིག་གནས་གསར་བརྗེའི་སྐབས་གང་ཡང་མ་ལུས་པར་གཙང་བཅོམ་བྱས་པ་དང་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་སྐུ་ཚད་ཀྱི་སྐུ་བརྙན་ཚུད་པའི་སྐུ་འདྲ་ཡོད་ཚད་མེད་པར་གྱུར་བ་བྲིས་བཀོད་བྱས་ཡོད་པ་འདིའི་ཐོག་རྩོད་གླེང་ལོས་ཡོད་པ་རེད། ཁོང་རྒྱ་གར་ལ་དགོངས་པ་རྫོགས་པ་རེད།

ཞྭ་སྒབ་པ་དང་ཨ་ནི་སྲིད་མཐར་ལགས་ནི་གཅེན་པོ་དང་གཅུང་མོའི་འབྲེལ་བ་ཡིན་ཞིང༌། དེར་བརྟེན་ཁྲག་རྒྱུད་སྨྲ་བ་དར་ཁྱབ་ཆེ་བའི་ལོ་དུས་ནང་ཨ་ནི་སྲིད་མཐར་ལགས་སྐྱེ་ཁུངས་མངའ་བདག་ཆེན་པོ་གསུམ་ཟེར་བའི་ཁོངས་སུ་གཏོགས་པ་མ་ཟད། ད་དུང་ཁོང་ལ་ནག་ཉེས་ཚབས་ཆེ་བའི་གཅེན་པོ་ཞིག་ཡོད་པའི་རྐྱེན་དང་ཡང་ཁོང་རང་ཉིད་ནི་བཀས་བཀོད་རྒྱུད་འཛིན་དང་རྨོངས་དད། ལོག་སྤྱོད་ཀྱི་ཆོས་ལུགས་ཚོགས་པའི་ནང་གི་གྲས་བཅས་ཀྱི་ཚབ་བྱེད་མི་སྣ་ཞིག་ཡིན་པས་མི་དེ་འདྲ་ཞིག་ལ་འཐབ་འཛིང་མི་བྱེད་པ་ག་ལ་སྲིད། ཡིག་ཆེན་ཚགས་པར་ཐོག་འཁོད་པའི་ཟིང་འཁྲུག་རྗེས་ཁོ་མོས་ལོག་སྤྱོད་ཏཱ་ལ་དང་པན་ཆེན་གྱི་རྐང་པར་འཐམས་ནས་བསྟོད་བསྔགས་ཀྱི་གཞས་ཚིག་རྩོམ་པ་ཟེར་བ་འདི་བྲིས་དགོས་པའི་རྒྱུ་མཚན་གང་ཡིན་མི་ཤེས། དེའི་སྐབས་ཁོང་སེ་ར་དགོན་པའི་ཉེ་འགྲམ་གྱི་རིའི་སྟེང་སྐུ་མཚམས་ལ་བཞུགས་ཡོད། ཡིན་ནའི་མི་རིང་བར་སློབ་སྦྱོང་ལ་བཙན་ཁྲིད་བྱས་ནས་སྐྱོན་བརྗོད་དང་བཙན་དབང་ངང་བསམ་བློར་སྒྱུར་བཀོད་བཏང་བཅུག་ཡོད་པ་རེད། དོན་དངོས་ཐོག་སྤྱི་ལོ་༡༩༥༩ ལོ་ནས་བཟུང་ཁོང་གིས་ཆོས་ཕྱོགས་ཐོག་དད་མོས་ཀྱིས་མུ་མཐུད་སྒོམ་ཉམས་ལེན་བྱེད་མི་སྲིད་པ་ཞིག་རེད། ཁོང་བཙན་ཤེད་ངང་འཇིག་རྟེན་པའི་སྤྱི་ཚོགས་ནང་ཁྲིད་དེ་དཀའ་སྡུག་སྣ་ཚོགས་ཕོག་ཡོད་པ་ཚང་མ་འདྲ་པར་འདིའི་ཐོག་ཁོང་གི་སྐྱོ་སྣང་གི་རྣམ་འགྱུར་སྟེང་ཕྱོགས་གཅིག་ཏུ་འགྲིལ་ནས་འདུག་པ་འདིར་མི་རྣམས་ཀྱིས་བསྐྱར་དུ་ལྟ་མི་ཕོད་པ་ཞིག་ཡོང་གི་འདུག གོ་ཐོས་ལ་ཐེངས་གཅིག་ཁོང་མཚམས་ཁུང་དགོན་པར་གསང་བའི་ངང་ཞལ་འདོན་གནང་བཞིན་པའི་སྐབས་གློ་བུར་དུ་མི་འཛུལ་ཡོང་ནས་ཁོང་འཛིན་ཏེ་འཐབ་འཛིང་བྱས་པས་ཁོང་ལ་ཞེད་སྣང་ཆེན་པོ་བྱུང་སྟེ་སྐབས་དེར་གྲི་འཁྱེར་ཏེ་རང་ཉིད་ཀྱི་མགོ་ལ་རྒྱབ་པ་རེད། ཐ་ན་ཁོང་བཙོན་ཁང་ནང་ལོ་བརྒྱད་ཏག་ཏག་བཞུགས་དགོས་བྱུང་ནས་རིག་གནས་གསར་བརྗེ་མཇུག་བསྒྲིལ་རྗེས་གཞི་ནས་གུ་ཡངས་ཐོབ་སྟེ་གློད་འགྲོལ་བྱུང་ཡོད། ཁོང་བཙོན་ཁང་ནས་གློད་འགྲོལ་བྱུང་མ་ཐག་བསྐྱར་དུ་དེ་སྔ་སྐུ་མཚམས་ལ་བཞུགས་སར་དེར་ཕེབས་ནས་ལོ་ཉི་ཤུ་ཙམ་མཚམས་ཆད་པའི་བསྙེན་མཚམས་མུ་མཐུད་ཞུགས་ཡོད་པ་རེད། ཡིན་ནའི་རྨི་ལམ་འཚུབ་པོ་ཞིག་བཏང་བ་ལྟ་བུའི་དེ་སྔའི་གནས་ཚུལ་དེ་དག་གིས་ཁོང་བཞུགས་བཟོད་བདེ་པོ་མ་བྱུང་བར་མཐར་སྤྱི་ལོ་༡༩༨༡ལོར་སྤུན་མཆེད་ཐུག་འཕྲད་ཀྱི་མིང་ཐོག་ནས་རྒྱ་གར་ལ་གཞིས་ཆགས་གནང་ནས་སྤྱི་ལོ་༢༠༠༠ལོར་ཁོང་རྣལ་འབྱོར་མ་ཞིག་གི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་དགོངས་པ་རྫོགས་ཡོད། དེ་དུས་དགུང་གྲངས་བརྒྱད་བཅུ་ཡོལ་ཙམ་རེད་འདུག

འདྲ་པར་ཐོག་ཨ་ནི་སྲིད་མཐར་ལགས་ཀྱི་རྒྱབ་ལ་ཡོད་པའི་རྒྱ་གར་ཞྭ་མོ་གྱོན་པའི་སྐྱེས་པ་འདི་ནི་ཁམས་པ་ཚོང་པ་ཆེན་པོ་ཞིག་གི་གཉེར་པ་རེད། མིང་ལ་ཤར་པ་ལེགས་པ་(རྒྱ་སྐད་ནས་སྒྲ་སྒྱུར་ཞུས་)ཟེར་གྱི་ཡོད་པ་དང་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་མང་ཚོགས་རེད།

སྐུ་གཟན་བཞེས་ནས་མགོ་སྒུར་གྱིས་དགག་པ་འཐབ་འཛིང་ཕོག་མཁན་གྱི་དགེ་འདུན་པ་ཁོང་ནི་རྒྱ་མཚོ་གླིང་ཐུབ་བསྟན་སྐལ་བཟང་རིན་པོ་ཆེ་རེད། དང་ཐོག་ཁམས་དཔལ་འབར་རྫོང་རྒྱ་མཚོ་གླིང་གི་སྤྲུལ་སྐུ་རེད་ལ། ༧གོང་ས་སྐུ་འཕྲེང་བཅུ་བཞི་པ་མཆོག་གི་མཚན་ཞབས་ཀྱང་གནང་མྱོང་ཡོད། སྤྱི་ལོ་༡༩༥༩ལོར་སྤྱི་ནོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྗེས་གང་ཉིད་དང་ལྷན་དུ་བཙན་བྱོལ་དུ་ཕེབས་མེད་པའི་རྒྱ་མཚོ་གླིང་རིན་པོ་ཆེས་དེའི་རྗེས་ལ་སྤེལ་བའི་ཏཱ་ལའི་ངོ་ལོག་རུ་ཚོགས་ཟེར་བའི་དགག་པ་ཐེར་འདོན་གྱི་ལས་འགུལ་ནང་ཁོང་གིས་ཧུར་བརྩོན་ཆེན་པོ་བྱས་ཡོད་པ་རེད། སྤྱི་ལོ་༡༩༦༤ལོར་ཀུན་གཟིགས་པན་ཆེན་སྐུ་འཕྲེང་བཅུ་པ་མཆོག་ལ་རྒོལ་རྡུང་དགག་པ་རྒྱབ་པའི་ཚོགས་ཆེན་ཚུགས་པའི་ཐོག་བརྗོད་ཡག་ལ་དེའི་ནང་ནས་རྒྱ་མཚོ་གླིང་རིན་པོ་ཆེ་དང་བཀྲ་ཤིས་ལྷུན་པོ་དགོན་པའི་སེང་ཆེན་བློ་བཟང་རྒྱལ་མཚན། པན་ཆེན་ནང་མ་སྒང་གི་དཔོན་རིགས་ལྷ་སྨོན་བསོད་ནམས་ལྷུན་གྲུབ་སོགས་མི་སྣ་འདི་རྣམས་ཀྱིས་ཧ་ཅང་ཧུར་པོ་བྱས་ཡོད་པར་བརྟེན་སྦྱིན་བདག་གསར་པའི་དགའ་མོས་ཐོབ་ཡོད་པ་རེད། རྒྱ་ནག་གུང་ཁྲན་གཞུང་གི་སྲིད་དབང་ནང་གལ་ཆེའི་ལས་འགན་འཁུར་མྱོང་ཡོད་པའི་བོད་པ་ཞིག་གིས་འདྲ་པར་འདིར་ལྟ་སྐབས་རང་དབང་མེད་པར་དབུགས་རིང་བཏང་ནས་བརྗོད་དོན་ལ་རྒྱ་མཚོ་གླིང་གིས་༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་ཞབས་བྱེད་པའིསྐབས་ལ་ཡང་རྒྱ་ནག་གཞུང་གི་བོད་དམག་ཁུལ་ཁང་གི་འབྲེལ་མཐུད་ལས་ཁུངས་ནས་དམིགས་བསལ་གྱི་གླ་ཕོགས་ལེན་གྱི་ཡོད་པ་བརྗོད་བྱུང༌།

སྤྱི་ལོ་༡༩༦༥ ལོར་རྒྱ་མཚོ་གླིང་རིན་པོ་ཆེ་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང༌། རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་བཅས་བྱེད་མྱོང་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པར་ལོ་གཅིག་ནང་ཚུད་ལ་དེ་ལྟ་བུའི་མཇུག་འབྲས་བྱུང་ཡོད། ལྟ་དུས་ཁོང་གིས་བྱས་རྗེས་བཞག་ནས་ཉེས་པ་དག་ཐབས་བྱེད་ཐུབ་མེད་པ་མ་ཟད། ད་དུང་གུང་ཁྲན་ཚོགས་པའི་ཡིད་ཆེད་ཀྱང་ཐོབ་མེད་པ་རེད། བརྗོད་ཡག་ལ་ཁོང་གི་ནག་ཉེས་ནི་ཕྱི་རྒྱལ་དང་ངན་འབྲེལ་བྱེད་མཁན་དང་དཔལ་འབར་གྱི་ངོ་ལོག་ཇག་རྐུན་ལ་རྒྱབ་སྐྱོར་བྱེད་མཁན་ཟེར་བ། རིག་གནས་གསར་བརྗེར་གཏོར་བཤིག་གཏོང་མཁན་ཟེར་བ་བཅས་ཁོང་ལ་གསར་བརྗེར་ངོ་ལོག་པ་ཟེར་བའི་ཞྭ་མོ་གཡོགས་ཏེ་དགག་པ་འཐབ་འཛིང་ཡང་ཡང་བྱས་ཡོད་པ་རེད། རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་རྒྱལ་གཅེས་ཀྱི་ཡར་ཐོན་མི་སྣ་ཟེར་བའི་མིང་ཐོག་ནས་ཡང་བསྐྱར་ཡིད་ཆེས་ཕྱོགས་ཞེན་ཐོབ་ཡོད། ཡིན་ནའི་རྒྱ་མཚོ་གླིང་རིན་པོ་ཆེ་སྤྱི་ལོ་༡༩༧༤ལོ་ལ་དགོངས་པ་རྫོགས་པ་རེད། སྟབས་ལེགས་པ་ཞིག་ལ་དག་སེལ་བྱ་རྒྱུ་བྱུང་ཡོད་རུང་སྤྱིར་བཏང་གི་འཚོ་བ་སྐྱིད་པོ་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་མེད།

འདྲ་པར་ཐོག་ལྟ་དུས་དགག་པ་འཐབ་འཛིང་གཏོང་ས་དེ་གསུང་ཆོས་རྭ་བར་རེད་འདུག ཐེངས་འདིའི་དགག་པ་འཐབ་འཛིང་གི་ཚོགས་འདུ་དེ་གཞི་རྒྱ་ཆེན་པོ་ཞིག་ཡིན་ས་རེད། དགག་པ་འཐབ་འཛིང་བྱ་ཡུལ་ལ་གྱུར་པའི་རྒྱ་མཚོ་གླིང་རིན་པོ་ཆེའི་ཞལ་རས་ནས་རྣམ་འགྱུར་ཁྱད་མཚར་ཞིག་མངོན་གྱི་འདུག དེ་ནི་གད་མོ་དགོད་ཀྱི་ཡོད་པ་འདྲ་པོ་དང་ཡང་གད་མོ་དགོད་ཀྱི་མེད་པ་འདྲ་པོ་འདུག་ལ། ཡང་མིག་གཉིས་ཁ་ཐུར་ལ་ལྟ་བཞིན་འདུག ཁོང་གི་འགྲམ་ལ་མཉམ་དུ་འཐབ་འཛིང་ཕོག་མཁན་གཞན་དེ་མཐོ་རིམ་མི་སྣ་སྤོམ་མདའ་རྡོ་རྗེ་རེད། ཡང་ཁོང་གཉིས་ཀྱི་རྒྱབ་ཕྱོགས་ལ་ཡོད་པ་འདི་གྲོང་མི་བོད་པ་དམར་སྲུང་དམག་བུ་མོ་ཞིག་ཡིན་ས་རེད། ད་དུང་རྒྱབ་ལག་བྱས་ནས་ཡོད་པ་འདི་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་གྱི་རྒྱ་རིགས་ལས་བྱེད་པ་ཡིན་ས་རེད།

འདིར་འཐབ་འཛིང་བྱ་བཞིན་པའི་བགྲེས་སོང་ཁོང་ནི་ཉེ་རབས་བོད་ཀྱི་དུས་གནས་ཀྱི་ལོ་རྒྱུས་གནད་དོན་མང་པོ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་པའི་གལ་ཆེའི་མི་སྣ་ཞིག་རེད་ལ་བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱ་སྐབས་ཚང་མས་ཁོང་མ་བཤད་ན་འགྲིག་ཐབས་མེད་པ་ཞིག་ཆགས་ཡོད། ཧ་ལམ་ཚང་མས་གཅིག་གྱུར་ཐོག་ནས་ཁོང་ལ་གཟེངས་བསྟོད་མི་བྱེད་མཁན་མི་འདུག དཔེར་ན་ཨ་རིའི་བོད་རིག་པའི་མཁས་དབང་མེལ་ཝིན་གྷོལྜ་སི་ཌེན་གྱིས་<<སེར་མོ་བའི་རྒྱལ་ཁབ་ཀྱི་ཉམས་འཇིག>>ཟེར་བའི་དེབ་ནང་ཞིབ་ཕྲའི་ཐོག་ནས་ཁོང་གིས་ཐེ་ཇུས་ཡོད་པའི་ཁོངས་ཀྱི་ལུང་ཤར་དོན་རྐྱེན་དང༌། ར་སྒྲེང་གི་དོན་རྐྱེན། རྒྱ་མི་ཕྱིར་འབུད་ཀྱི་དོན་རྐྱེན་བཅས་ཀྱི་བརྒྱུད་རིམ་ཐོག་ནས་ལྷ་སའི་མཐོ་རིམ་དབང་བསྒྱུར་ཤོག་ཁའི་ནང་གི་རྒྱུན་རིང་གནས་པའི་གླིང་ལོག་གི་གནས་སྟངས་འདི་མཐར་བླ་མའི་རྒྱལ་པོའི་རྒྱལ་ཁབ་རྩ་མེད་དུ་གྱུར་བའི་གཙོ་བོའི་རྒྱུ་རྐྱེན་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།

ཁོང་གིས་མིང་ལ་ཀ་ཤོད་ཆོས་རྒྱལ་ཉི་མ་ཟེར་གྱི་ཡོད་པ་དང་ཀ་ཤོད་པ་ཡང་ཟེར་གྱི་ཡོད། རྒྱལ་རབས་ལོ་རྒྱུས་འདི་བཞིན་ལོ་རབས་ལྔ་བཅུར་གོམ་པ་སྤོས་པའི་སྐབས་སུ་བོད་གཞུང་གི་བཀའ་བློན་བྱེད་མྱོང་བ་དང་ཡང་གོ་གནས་ནས་གནས་དབྱུང་བཏང་བའི་ཁོང་གིས་ཧུར་བརྩོན་ཆེན་པོས་སྲིད་གཞུང་གསར་པར་ཉེ་པོ་བྱས་པར་བརྟེན་སྤྱི་ལོ་༡༩༥༦ལོར་སྐྲུན་པའི་འདམ་གཞུང་གནམ་ཐང་(བོད་ཀྱི་གནམ་ཐང་ཨང་དང་པོ།)གི་བཀོད་འདོམས་པ་གཞོན་པ་བྱས་པ་རེད། ལོ་རབས་དྲུག་བཅུའི་ནང་ཁོང་ནི་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་བྱས་ཀྱང་དུས་ཡུན་རིང་པོ་མ་སོང་བར་རྐྱེན་ངན་བར་ཆད་བྱུང་སྟེ་ལྷ་འདྲེ་གདོན་བགེགས་ལ་རྩིས་ནས་བརྙས་བཅོས་དང་མནར་གཅོད་མྱོང་དགོས་བྱུང་བ་ནི་འདྲ་པར་ཐོག་འདི་ལྟར་ཁོང་གི་མགོའི་སྟེང་གི་ཞྭ་མོ་རིང་པོའི་སྟེང་བོད་ཡིག་ཐོག་ནས་བྲིས་དོན་ལ། ལྷ་འདྲེ་གདོན་བགེགས་དང་དབང་ཆ་འཕྲོག་ལེན་བྱ་རྒྱུར་དགའ་བའི་མི་ངན་ཀ་ཤོད་ཆོས་རྒྱལ་ཉི་མ་རྩ་མེད་མཐར་ཕྱིན་པ་བཟོ་ཡི་ཡིན་ཞེས་བྲིས་ཡོད། ཁོང་གི་གཟུགས་པོར་དེ་སྔའི་དཔོན་རིགས་ཀྱི་གོས་ཆེན་ཕྱུ་པ་གཡོག་པ་དང་སྐེ་ལ་བུད་མེད་ཀྱི་གསེར་དངུལ་གྱི་རྒྱན་ཆ་དང་བོད་ཀྱི་དངུལ་ལོར་ཆག་པ། ལག་པ་གཡས་པར་ཌ་མ་རུ་གཅིག་འཁྱེར་རུ་བཅུག་ཡོད། འཐབ་འཛིང་གི་ཚོགས་འདུ་འདིར་མཉམ་ཞུགས་བྱེད་མྱོང་ཡོད་པའི་མི་སྣ་ཞིག་གིས་བཤད་པར་གཞིགས་ན། འདི་རྒན་པོ་ཞིག་གིས་ཆེད་མངགས་ཀ་ཤོད་པར་སྤྲད་པ་རེད་འདུག འདི་ནི་དེ་སྔོན་ལོ་རབས་བཞི་བཅུའི་ནང་ལྷ་སའི་ཁྲོམ་གཞུང་ཐོག་གྱར་བའི་ཀ་ཤོད་པ་དང་འབྲེལ་བ་ཡོད་པའི་སྐོར་ལ་ཁོང་ཌ་མ་རུ་ལ་དཔེ་བཞག་སྟེ་ཁོང་མགོ་བདེ་པོ་བྱ་རྒྱུར་མཁས་པས་མགོ་གཉིས་པ་ཞིག་ཡིན་པར་ཟུར་ཟ་བྱས་ཡོད།

ཁོང་ལ་འཐབ་འཛིང་ཐེངས་མང་བྱས་ཡོད་པ་དང་དེ་སྔ་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་ཉིན་གྲངས་བཅུ་བཞི་འཐབ་འཛིང་བཏང་ཡོད་པ་རེད། ཉིན་མོ་གཡུལ་ཁར་ངལ་རྩོལ་བྱེད་པ་དང་མཚན་མོ་འཐབ་འཛིང་བྱས་ནས་ནམ་ཕྱེད་བར་འགོར་གྱི་ཡོད། འགོ་བཙུགས་པ་ནས་མཇུག་མ་སྒྲིལ་བར་མགོ་སྒུར་སྒུར་ངང་བཀའ་སྲུང་ཅི་སྒྲུབ་བྱས་པ་ལས་མི་འདོད་པ་གང་ཡང་བྱེད་ཆོག་གི་མེད། འོན་ཀྱང་ཀ་ཤོད་པ་ནི་དངོས་གནས་མཐོང་དཀའ་བའི་བློ་རྩ་བརྟན་པོའི་མི་སྣ་ཞིག་རེད། འདི་ལྟ་བུའི་གནས་སྟངས་ཤིག་ལ་ལྷུང་ཡོད་ན་ཡང་ཁོང་གིས་ལོ་བཅུའི་རིག་གནས་གསར་བརྗེ་དེའི་རིང་སྡུག་རུས་རྒྱབ་ཐུབ་ཡོད་ལ་ཡང་བསྐྱར་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣར་གྱུར་ཡོད་པ་དང་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་དང་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པ་བཅས་བྱས་པ་རེད། སྤྱི་ལོ་༡༩༨༦ལོར་དགུང་ལོ་བརྒྱད་བཅུ་གྱ་གསུམ་སྐབས་ལྷ་སར་ཚེ་ལས་འདས་པ་རེད།

ཡང་ཁོང་གི་བུ་བཞིའི་(སྤྱིར་བཏང་བཤད་སྲོལ་ལ་བུ་བཞི་པོ་ནི་ཀ་ཤོད་པ་ཁོང་རང་གི་བུ་མ་ཡིན་པར་ཁོང་གི་གཅུང་པོའི་བུ་ཡིན་པར་བརྟེན་ཁོང་ཚོ་ནི་ཚ་བོ་ཡིན་པར་བརྗོད་མཁན་ཡོད།)ནང་ནས་ཁོང་ནང་བཞིན་གློ་བུར་དུ་ཐོན་པའི་བར་ཆད་ཀྱི་ཁྲོད་སྡུག་རུས་རྒྱབ་ཐུབ་མཁན་ཞིག་ཀྱང་མེད་པ་རེད། ཁོང་གི་བུ་རྒན་པ་ཀ་ཤོད་དོན་གྲུབ་ནས་ལོ་རབས་དྲུག་བཅུའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་གཞོན་པ་བྱ་མྱོང་བ་དང་རིག་གནས་གསར་བརྗེའི་སྐབས་འཛིན་བཟུང་བྱས་ཏེ་དགག་པ་ཐེངས་མང་ཕོག་མྱོང་ཡོད་པར་བརྟེན་བཟོད་སྒོམ་མ་ཐུབ་པར་སྤྱི་ལོ་༡༩༦༦ལོའི་ཟླ་བ་བཅུ་གཉིས་ནང་རང་སྲོག་བཅད་པ་རེད། དེ་དུས་དགུང་ལོ་བཞི་བཅུ་ཞེ་བཞི་ལ་སླེབས་ཀྱི་ཡོད། ཀ་ཤོད་དོན་གྲུབ་དེ་སྔ་བོད་གཞུང་བཀའ་ཤག་གཞུང་གི་རིམ་བཞིའི་གོ་གནས་ཡོད་པ་དང་སྔ་ས་ནས་རྒྱ་གར་གྱི་སྐད་གྲགས་ཡོད་པའི་སྐུ་དྲག་གི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱས་ཏེ་སྐད་ཡིག་ཐད་དམིགས་བསལ་གྱི་སྐྱེས་སྟོབས་ནུས་པ་ལྡན་པ་ཞིག་ཡོད་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་སྐད་གསུང་སྒྱུར་ཞུ་མྱོང་ཡོད། ཁོང་གི་སྐུ་ཟླ་གཟིམ་ཤག་ཚ་རོང་གི་བུ་མོ་རེད། ཡབ་གཞིས་ཕུན་ཁང་གི་མནའ་མ་དང་དེ་བཞིན་ཕྲེང་རེང་འཇིགས་མེད་ཀྱི་སྐུ་ཟླ་ཁོང་གསུམ་པོ་བུ་མོ་སྤུན་ཡིན་པ་དང་ད་ལྟ་ལྷ་སར་བཞུགས་ཡོད། སྟབས་ལེགས་པ་ཞིག་ལ་གུས་མོར་ཁོང་མཇལ་བྱུང་བས་སྐུ་ཉམས་དོད་པོའི་བགྲེས་སོང་ཞིག་འདུག་པ་དང་དུས་ད་ལྟ་བར་དུ་ཁོང་གི་སེམས་ནང་ལོ་རབས་ལྔ་བཅུའི་ཀ་ཤོད་དོན་གྲུབ་ཡོད་པ་རེད་འདུག་ལ། སྐབས་དེ་དུས་ཀ་ཤོད་དོན་གྲུབ་ནི་བོད་ཀྱི་རྒྱལ་གཅེས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མིའི་མིང་ཐོབ་ནས་རྒྱ་ནག་གཞུང་གི་གཞོན་ནུ་སྡེ་ཚོགས་ཀྱི་འཐུས་མི་ཚོགས་པ་དང་མཉམ་དུ་སྦུ་དཱ་ཕད་སི་(Budapest)ལ་རྒྱལ་སྤྱིའི་གཞོན་ནུའི་མཉམ་འཛོམས་ཐོག་གི་འདྲ་པར་ཞིག་ཉར་ཚགས་འདུག་པ་དེར་ལྟ་དུས་ཤེས་ཡོན་ལྡན་ལ་ཞི་ཞིང་འདུལ་བ་དང་བློ་སྟོབས་ཆེ་བསྐྱེད་ཀྱི་བོད་པའི་སྐུ་དྲག་གཞོན་ནུ་ཞིག་རེད་འདུག

འདྲ་པར་ཐོག་ཀ་ཤོད་པ་འཛིན་མཁན་གྱི་ཧུར་བརྩོན་ཅན་མི་དེ་གཉིས་ནང་ནས་གཡོན་གྱི་གཞོན་ནུ་བུ་མོ་འདིའི་མིང་ལ་སྐལ་བཟང་སྒྲོལ་མ་ཟེར་བ་དང་ཁོ་མོའི་ཕ་མ་གཉིས་དེ་སྔ་བུད་མེད་སྤྲུལ་སྐུ་རྡོ་རྗེ་ཕག་མོའི་སྒོ་རྭའི་ནང་སྡོད་ཀྱི་ཡོད་ལ། ཅུང་དབུལ་བའི་གཡོག་པོ་ཞིག་རེད། ཁོ་མོའི་ཨ་མ་རྗེས་ལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལྷ་འདྲེ་གདོན་བགེགས་ཟེར་བའི་ཚོགས་ཆུང་གི་འགོ་ཁྲིད་བྱས་ཡོད། ཁོ་མོ་རང་ཉིད་ད་ལྟ་འཚོ་གནས་ཡིན་རུང་མིག་གཉིས་ཕལ་ཆེར་མཐོང་རྒྱུ་མེད་པ་ཆགས་ཡོད་ས་རེད། གཡས་ཕྱོགས་སུ་ཡོད་པའི་དམར་སྲུང་དམག་གི་དཔུང་རྟགས་བཏགས་པའི་བུ་འདིའི་མིང་ལ་སྐལ་བཟང་དཔལ་འབྱོར་ཟེར་གྱི་ཡོད་པ་དང་ཡང་གྲོང་མི་རེད་ལ། ཁོང་གི་གདོང་གཡས་པའི་སྟེང་ཤ་རྟགས་ནག་པོ་ཞིག་ཡོད་པ་དང༌། བརྗོད་ཡག་ལ་ཁོང་ཚེ་ལས་འདས་ཟིན་པ་རེད་འདུག

འདྲ་པར་འདིའི་རྒྱབ་ལྗོངས་ལ་བལྟས་ན་དགག་པ་འཐབ་འཛིང་བྱ་ས་ནི་མདུན་གྱི་འདྲ་པར་འདི་དང་འདྲ་ཡི་མེད། རྩད་གཅོད་བྱས་པ་བརྒྱུད་ཕལ་ཆེར་ཁྲེང་ཀོན་ཆུས་ཁོངས་ཀྱི་དགག་པ་འཐབ་འཛིང་བྱ་སའི་ཚོགས་རྭར་ཡིན་པ་འདྲ། འཐབ་འཛིང་བྱ་ཡུལ་དེ་ཡང་ཀ་ཤོད་པ་རེད་ལ་ཆ་ལུགས་ཡང་དེའི་གོང་དང་གཅིག་པ་རེད་བཞག སྐེ་ལ་སྐུད་པས་བཟོས་པའི་བུད་མེད་ཀྱི་རྒྱན་ཆ་དང་བོད་ཀྱི་ཤོག་དངུལ་ཆག་པ་བསྐུར་ཡོད་པ་མངོན་གསལ་དོད་པོ་འདུག ཁོང་གི་མགོ་བོ་མཐོ་པོ་བཏེགས་ཏེ་མང་ཚོགས་ལ་སྟོན་བཞིན་འདུག ཨམ་གཙིགས་བསྡོམས་ནས་ཁོང་ཁྲོ་ཆེན་པོ་ལངས་པའི་རྣམ་འགྱུར་སྟོན་གྱི་འདུག གཞོགས་གཉིས་ནས་ཁོང་ལ་འཐབ་འཛིང་གཏོང་མཁན་གྱི་མི་བརྗེས་བཞག གཡོན་གྱི་ཨམ་གཙིགས་བསྡོམས་པའི་བུད་མེད་གཞོན་ནུ་དེའི་མིང་ལ་ཚེ་རིང་དབང་མོ་ཟེར་བ་དང༌། ཁོ་མོ་ནི་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་འཁྲུག་ཆ་དོད་ཤོས་ཀྱི་ཧུར་བརྩོན་ཅན་ཞིག་རེད། བསམ་སྡིང་རྡོ་རྗེ་ཕག་མོ་དང་ཧོར་ཁང་བསོད་ནམས་དཔལ་འབར་སོགས་ལྷ་འདྲེ་གདོན་བགེགས་ལ་དགག་པ་འཐབ་འཛིང་བྱེད་སྐབས་མཉམ་ཞུགས་བྱེད་མྱོང་ཡོད་པ་མ་ཟད་སྙིང་རྗེ་རྩ་བ་ནས་མེད་པ་ཞིག་རེད།

ཚེ་རིང་དབང་མོ་སྐྱེ་ཁུངས་དབུལ་ཕོངས་ཡིན་པ་དང་ཁོ་མོའི་ཨ་མ་ནི་དེ་སྔ་ལྷམ་བཟོའི་ལག་ཤེས་པ་ཞིག་རེད། ནང་མི་ཚང་མ་ཧོར་ཁང་བསོད་ནམས་དཔལ་འབར་གྱི་སྒོ་རྭའི་ནང་སྡོད་ཀྱི་ཡོད། རིག་གནས་གསར་བརྗེའི་གོང་ཚེ་རིང་དབང་མོ་དང་ཁོང་གི་ཨ་མ་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་མཉམ་ལས་ཁང་ (རྗེས་སུ་མིང་བསྒྱུར་ནས་ལྷ་ས་ཞྭ་ལྷམ་བཟོ་གྲ) ལ་ལྷམ་བཟོ་ཡི་ཡོད། རིག་གནས་གསར་བརྗེའི་སྐབས་ཁོ་མོས་ཧུར་བརྩོན་ཅན་ཚོ་སྣེ་ཁྲིད་བྱས་ཏེ་ཧོར་ཁང་གི་གཟིམ་ཤག་སྔོག་བཤེར་བྱས་པ་དང་ཧོར་ཁང་གཟིམ་ཤག་གི་རྒྱུ་ནོར་དངོས་རྫས་འཁྱེར་བ་མ་ཟད། དེང་དུས་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཧོར་ཁང་ལ་བདག་གཉེར་གནང་རྒྱུར་བཞག་པ་གནང་བའི་རྩོམ་བྲིས་ཕྱག་བསྟར་མ་མང་པོ་གཞུང་བཞེས་བཏང་བ་དང་ཡང་འགའ་ཤས་དེ་གར་མེར་བསྲེགས་བཏང་བ། འགའ་ཤས་གར་སོང་མེད་པ་གྱུར་ཡོད། གུས་མོས་བཅའ་འདྲི་ཞུས་པའི་སྐབས་བོད་པའི་འཁྲབ་གཞུང་རྩོམ་མཁན་ཞིག་གིས་ཁོང་ཁྲོ་ལངས་བཞིན་གསུངས་དོན་ལ་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་ཐད་ཉེས་པ་ཆེན་པོ་ཞིག་བསགས་པ་དང༌། འདི་ལྟ་བུའི་རྩ་ཆེའི་རྩོམ་བྲིས་ཕྱག་བསྟར་མ་ད་ལྟ་འཚོལ་ཐབས་མེད་ལ་ཁ་གསབ་ཀྱང་བྱ་ཐབས་མེད་པ་ཞིག་རེད། དེར་བརྟེན་ཚེ་རིང་དབང་མོ་དང་འདྲ་བའི་མི་དེ་ཚོས་རྒྱལ་རབས་ལོ་རྒྱུས་ཐོག་གཏོར་བཤིག་གི་ནུས་པ་ཆེན་པོ་འདོན་ཡོད་པ་རེད།

ཚེ་རིང་དབང་མོ་ནི་དམར་སྲུང་དམག་ཡིན་པ་མ་ཟད། གྱེན་ལོག་གི་ཚོགས་མི་ཞིག་ཀྱང་རེད། བཤད་ཡག་ལ་དྲག་པོའི་འཐབ་རྩོད་ཅིག་ནང་ཤོག་ཁག་གཞན་ཞིག་གཅིག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བཅིངས་འགྲོལ་དམག་མིས་མེ་མདའ་བརྒྱབ་སྟེ་ཁོ་མོའི་སྐེ་ལ་རྨས་སྐྱོན་ཕོག་ཡོད་པ་དང། རྗེས་སུ་ཁོ་མོ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པར་གྱུར་ནས་སྐབས་ཤིག་རིང་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་གུང་ཁྲན་ཚོགས་པའི་དྲུང་ཆེ་བྱས་པ་རེད། འོན་ཀྱང་སྤྱི་ལོ་༢༠༠༢ ལོའི་འདེམས་བསྐོའི་ནང་འགོ་ཁྲིད་གཞོན་པར་གྱུར་ཡོད། སྤྱི་ལོ་༢༠༠༣ལོའི་བོད་ཀྱི་ལོ་གསར་གྱི་གོང་གུས་མོ་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་ལ་བཅར་འདྲི་ཞུ་བར་སྐྱོད་སྐབས་ཁོང་ཐུག་བྱུང་བ་དང་དེ་དུས་གདོང་པ་རྒྱག་པ་ཡིན་པའི་རྒན་མོ་ཞིག་འདུག གཞུང་ལས་ཁང་ནང་ཇ་དམ་ལ་ཕྱི་བདར་གཏོང་བཞིན་འདུག་པས་རིག་གནས་གསར་བརྗེའི་སྐོར་གླེང་སྐབས་མིག་གི་ལྟ་སྟངས་ལམ་སེང་དོགས་ཟོན་གྱི་ཁེངས་ཏེ་བཅའ་འདྲི་དང་འདྲ་པར་བརྒྱབ་རྒྱུར་དང་ལེན་རྩ་བ་ནས་མ་བྱས་པ་མ་ཟད་དེ་ནས་གདོང་ཡང་སྟོན་གྱི་མི་འདུག གྲོང་མི་ཨུ་ཡོན་ལྷན་ཁང་གི་མི་གཞན་ཚོས་ཁོ་མོར་དྲུང་ཆེ་རྒན་ཤོས་ཞེས་འབོད་ཀྱི་འདུག ཁོ་མོ་འགོ་ཁྲིད་གཞོན་པའི་གོ་གནས་ལ་མར་ཕབ་དགོས་དོན་ནི་ལོ་ན་མཐོ་དྲག་པས་ཡིན་པ་རེད་འདུག དེ་སྔོན་ཁོ་མོས་འཐབ་འཛིང་བཏང་མྱོང་ཡོད་པའི་ལྷ་འདྲེ་གདོན་བགེགས་ཤིག་གིས་བརྗོད་དོན། དེང་སང་སྐབས་རེ་ང་ཚོ་ཁྲོམ་གཞུང་ལ་ངོ་ཐུག་ཡོང་དུས་ཁོ་མོས་ངོ་གནོངས་པོའི་བྱེད་སྟངས་ཐོག་ནས་མགོ་སྒུར་སྒུར་བྱས་ཏེ་རྒན་ལགས། སྐུ་ཞབས། རྒན་ལགས་ཟེར་འབོད་ཀྱི་ཡོད་པ་རེད་འདུག

གཡས་ཕྱོགས་ཀྱི་ཨམ་གཙིགས་བསྡོམས་པའི་སྐྱེས་པ་འདིའི་མིང་ལ་ཨོ་ལོ་ཟེར་གྱི་ཡོད། ཐལ་སྤུངས་སྒང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ཡིན་པ་དང་ཕལ་ཆེར་ཀྲུའུ་རིན་ (གོ་གནས་) ཡིན་ས་རེད། རྗེས་སུ་མཉམ་ལས་ཁང་དང་རྟ་དྲེལ་ཐེར་གེའི་རུ་ཁག་གི་འགོ་ཁྲིད་བྱས་ཡོད་ལ། སྐྱིད་རས་མགྲོན་ཁང་གི་འགན་འཛིན་ཡང་བྱས་ཡོད། མི་འགའ་རེས་བརྗོད་དོན་ལ་ཁོ་པ་དེ་སྔོན་ཚ་རོང་གཟིམ་ཤག་གི་མོ་ཀྲ་གཏོང་མཁན་རེད་ཟེར་བ་དང་ཡང་འགའ་རེས་ཁོ་པ་ནི་རྒྱལ་རྩེའི་ཞིང་པ་རེད་ཟེར་གྱི་འདུག ད་ལྟ་ཚེ་ལས་འདས་ཟིན་པ་རེད།

img-caption fright

སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པའི་ཟླ་མཇུག་གི་ཉིན་མོ་ཞིག་ཝ་པ་གླིང་ཨུ་ཡོན་ལྷན་ཁང་གི་གསར་བརྗེའི་མང་ཚོགས་ཁྱུ་གཅིག་གིས་བར་སྐོར་ཤར་ངོས་ཀྱི་སྒོ་རྭ་ཆེན་པོ་ཞིག་ནང་འདྲ་པར་འདིའི་ཐོག་ཡོད་པའི་གནས་ཚུལ་ལྟར་མགོ་ལ་ཞྭ་མོ་ལྤགས་ཞྭ་དང་གཟུགས་པོར་ལྤགས་པའི་ཕྱུ་པ་གྱོན་པའི་སྐྱེས་པ་དེ་ནི་སྐུ་དྲག་ཧོར་ཁང་བསོད་ནམས་དཔལ་འབར་རེད། ཁོང་གི་ཆ་ལུགས་སྤྲས་སྟངས་འདི་ནི་དེ་སྔ་བོད་བཀའ་ཤག་སྲིད་གཞུང་གི་རིམ་བཞི་ཡན་གྱི་དཔོན་རིགས་ཚོའི་དགུན་ཆས་རེད། དེ་དུས་ལྷ་སར་ཚ་བ་དེ་ཙམ་ཆེན་པོ་མེད་ན་ཡང་དབྱར་ཁ་ཟླ་བ་བརྒྱད་པ་རེད། ཁོང་ལ་དགུན་ཆས་འཐུག་པོ་དེ་འདྲ་གཡོགས་པར་བརྟེན་ཧ་ཅང་བཟོད་དཀའ་བ་ཡོང་ངེས་རེད། སྐབས་དེ་དུས་ཁོང་གི་ཁྱིམ་ཚང་ལ་སྔོག་བཤེར་བྱེད་སྐབས་ལྤགས་ཞྭ་དང་ལྤགས་པའི་ཕྱུ་པ་དོན་ཡོད་ཙང་འདི་ལྟ་བུའི་ཆ་ལུགས་ཀྱི་གྱོན་ཆས་ད་དུང་ཡང་ཉར་ཚགས་བྱེད་དགོས་དོན་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་རྒྱུར་རྨི་ལམ་བཏང་གི་ཡོད་པ་བརྗོད་ནས་ཆེད་མངགས་བཙན་ཤེད་ངང་ཁོང་ལ་གྱོན་ཆས་འདི་གཡོགས་ཡོད་པ་རེད། ལུས་པོར་དར་གོས་གྱོན་པ་དང་མགོ་ལ་སྲོལ་རྒྱུན་གྱི་རྒྱན་ཆ་སྤ་ཕྲུག་གཡོགས་པའི་བུད་མེད་དེ་ནི་ཁོང་གི་བཟའ་ཟླ་རེད། དེ་མིན་བོད་དམག་གི་དམག་དཔོན་གྱི་ཆ་ལུགས་སྤྲས་པའི་སྐྱེས་པ་རྒན་འཁོགས་འདི་ཁོང་གི་བཟའ་ཟླའི་པཱ་ལགས་རེད།

ཁོང་ཚོ་མི་གསུམ་པོའི་བཟོ་ལྟ་ཁྱད་མཚར་པོ་ཡོད་པ་དང་སྐྱེས་པ་གཉིས་པོས་ལག་པར་མཛེས་རྒྱན་གྱི་རང་བཞིན་ལྡན་པའི་རས་དར་རེ་འཁྱེར་ཡོད་པ་དེ་འགའ་རེས་བོད་དམག་གི་དར་ཆ་ཡིན་པར་ངོས་འཛིན་བྱས་པ་དང་ཡང་འགའ་རེས་རྒྱ་མིའི་རིག་གཞུང་ནང་གིས་སྤར་ཁ་དང་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག དོན་དངོས་གཉིས་ཀ་མ་ཡིན་པར་ཧོར་ཁང་བསོད་ནམས་དཔལ་འབར་གྱི་བུ་ཧོར་ཁང་བྱམས་པ་བསྟན་དར་ནས་གུས་མོར་གསུངས་པར་རས་དར་ལ་ནོར་བུ་དགའ་འཁྱིལ་ཞེས་འབོད་ཀྱི་ཡོད་པ་དང་དཀྱིལ་གྱི་སྒོར་དབྱིབས་འདི་བོད་ཀྱི་སྲོལ་རྒྱུན་ནང་བཀྲ་ཤིས་པའི་ནོར་བུའི་རྟགས་ཤིག་རེད། དེ་སྔོན་གཟིམ་ཤག་ཆེ་ཁག་ཚོས་སྤྱིར་དུས་ཆེན་སྐབས་ཁང་པའི་ཐོག་ཁའི་སྟེང་བཀལ་བ་ཡང་ན་སྒོའི་སྟེང་སྦྱར་བ་ཡིན་ན་གནོད་པ་བཀག་པའི་ནུས་པ་ཡོད་པ་བརྗོད་ཀྱི་ཡོད། འོན་ཀྱང་ཁོང་གཉིས་ལ་ནོར་བུ་དགའ་འཁྱིལ་འཕྱར་བཅུག་དགོས་དོན་གང་ཡིན་ནམ། འདི་ཡང་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཀྱི་རིགས་ཏེ་རྙིང་པ་བཞི་ཟེར་བའི་ཁོངས་སུ་གཏོགས་ཀྱི་ཡོད་པ་གསལ་སྟོན་བྱེད་པའི་ཆེད་ཡིན་ནམ། དེ་བཞིན་བུད་མེད་འདིའི་ལག་པས་མགོ་སྐྱོར་བ་དེ་ཕལ་ཆེར་ཟུར་གསུམ་དབྱིབས་ཅན་གྱི་སྤ་ཕྲུག་དེ་མར་གཟར་མི་ཡོང་ངམ་སྙམ་གྱི་ཡོད་ས་རེད།

ཧོར་ཁང་བསོད་ནམས་དཔལ་འབར་ནི་བོད་ཀྱི་སྐུ་དྲག་ཁྱིམ་རྒྱུད་ནང་སྐད་གྲགས་གང་ཙམ་ཡོད་པའི་ཧོར་ཁང་གཟིམ་ཤག་གི་མི་ཐོག་བཅུ་པ་རེད། ཁོང་དགུང་ལོ་བཅུ་དགུའི་སྐབས་ནས་དཔོན་ལམ་ལ་གོམ་པ་སྤོས་ཏེ་གོ་ས་གནས་རིམ་བདུན་པ་ནས་རིམ་པ་གསུམ་པ་བར་ཕར་བ་རེད་ལ། ད་དུང་བོད་དམག་གི་དམག་དཔོན་བྱ་མྱོང་ཡོད། སྤྱི་ལོ་༡༩༥༠ ལོར་ཆབ་མདོའི་དམག་འཁྲུག་སྐབས་བཅིངས་འགྲོལ་དམག་མིས་འཛིན་བཟུང་བྱས་ཏེ་མི་རིང་བར་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་ལ་གྱུར་ནས་ཆབ་མདོ་ས་གནས་ཀྱི་མི་དམངས་བཅིངས་འགྲོལ་ལྷན་ཁང་གི་རྒྱུན་ལས་ལ་བསྐོ་བཞག་བྱས་ཡོད། བོད་ཞི་བས་བཅིངས་འགྲོལ་ཟེར་བ་འདི་བཏང་པའི་རྗེས་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་སློབ་གཉེར་ཁང་གི་འགན་འཛིན་དང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་དོན་ཇུས་བཀོད་ཁང་གི་ཇུས་བཀོད་པ་བཅས་བྱས་པ་རེད། ཧོར་ཁང་བསོད་ནམས་དཔལ་འབར་ནི་བོད་ཀྱི་སྐུ་དྲག་དཔོན་རིགས་ནང་ནས་རྒྱ་ནག་གཞུང་དང་མཉམ་ལས་བྱེད་མཁན་གྱི་མིག་དཔེ་ལྟ་བུའི་ང་ཕོད་ངག་དབང་འཇིགས་མེད་ཀྱི་མ་སྤུན་གཅུང་པོ་ཡིན་པ་རེད། སྤྱི་ལོ་༡༩༥༩ལོའི་ཟླ་བ་གསུམ་པའི་ལྷ་སའི་དོན་རྐྱེན་ཟེར་བ་དེའི་རྗེས་ཁོང་ང་ཕོད་ཀྱིས་བོད་དམག་ཁུལ་ཁང་ལ་བསུས་ཏེ་སྲུང་སྐྱོབ་བྱས་པ་དང་རིག་གནས་གསར་བརྗེའི་སྐབས་ང་ཕོད་རང་ཉིད་ཀྱང་སྲུང་སྐྱོབ་མ་ཐུབ་པར་འཛིན་ཏེ་འཐབ་འཛིང་ཕོག་རྒྱུའི་ཉེན་ཁ་བྱུང་ཡོད་པ་དང༌། ཡིན་ནའི་དེ་ནས་མི་རིང་བར་རྒྱ་ནག་དབུས་གཞུང་ནས་གནམ་གྲུ་བརྒྱུད་པེ་ཅིང་ལ་བསུས་ཏེ་ཉེན་གཡོལ་ཐུབ་ཡོད་རུང་ཧོར་ཁང་ལ་བསྐྱར་དུ་རོགས་སྐྱོར་གྱི་ནུས་པ་བཏོན་ཐུབ་མེད།

ཧོར་ཁང་ལྷ་འདྲེ་གདོན་བགེགས་ཟེར་བའི་ཁོངས་སུ་ཚུད་ནས་འཛིན་བཟུང་བྱས་ཏེ་འཐབ་འཛིང་ཐེངས་མང་ཕོག་མྱོང་ཡོད། ཁོང་དང་བོད་ཀྱི་དེང་དུས་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་དང་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་ཁོང་གི་ཉེས་པ་གཙོ་བོའི་གྲས་ཤིག་ཆགས་པ་རེད། དགེ་འདུན་ཆོས་འཕེལ་ལགས་ཀྱི་སྦྱིན་བདག་དང་དགེ་ཕྲུག་གི་ངོས་ནས་དགེ་འདུན་ཆོས་འཕེལ་ལགས་ལ་ཉེན་ཁ་དང་གོད་ཆག་ཐེངས་མང་བྱུང་སྐབས་ཧོར་ཁང་གིས་ནུས་པ་གང་ཡོད་ཀྱི་ཕྱག་རོགས་ཞུས་པར་བརྟེན་དགེ་འདུན་ཆོས་འཕེལ་ལགས་དགོངས་པ་མ་རྫོགས་གོང་ཁོང་གི་གསུང་རྩོམ་མང་པོའི་མ་ཡིག་ཚང་མ་ཧོར་ཁང་ནས་ཉར་ཚགས་གནང་རྒྱུར་ཕུལ་ཡོད། སེམས་པ་ཧ་ཅང་ཕངས་བ་ཞིག་ལ་རྙིང་པ་བཞི་ཟེར་བའི་གཏོར་བཤིག་གཏོང་སྐབས་ཁོང་གི་རྩོམ་བྲིས་ཕྱག་བསྟར་མ་མང་ཆེ་བ་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་ཅན་མི་དེ་ཚོས་སྔོག་བཤེར་བྱེད་སྐབས་རྩ་གཏོར་བཏང་བ་རེད། སྟབས་ལེགས་པ་ཞིག་ལ་ཁོང་གི་ཕྱག་བསྟར་མའི་གསུང་རྩོམ་དེབ་དང་པར་སློག་བརྒྱབ་པའི་གསུང་རྩོམ་དེབ་ཁ་ཤས་ཉར་ཚགས་ཐུབ་པ་ཁག་རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་ཧོར་ཁང་ནས་དེ་མིན་ཟིན་བྲིས་ཀྱི་རྩོམ་ཁག་ཅིག་བཅས་རིམ་བཞིན་བཙལ་འཚོལ་གནང་ཏེ་དེ་རྣམས་ཕྱོགས་སྒྲིག་གནང་ནས་<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> དེབ་གསུམ་པར་སྐྲུན་གནང་བ་རེད། དེ་ནི་ད་ལྟ་བར་དགེ་འདུན་ཆོས་འཕེལ་ལགས་ལ་ཞིབ་འཇུག་གནང་བའི་ནང་གི་གལ་འགངས་ཆེ་ཤོས་ཀྱི་ཡིག་ཚགས་ཆགས་ཡོད། ཧོར་ཁང་ཁོང་རང་ཡང་མཁས་དབང་ཞིག་ཡིན་པ་དང་། རྒྱལ་རབས་ལོ་རྒྱུས་དང་རྩོམ་རིག བརྡ་སྤྲོད་རིག་པ་བཅས་ཀྱི་ཐོག་བྱས་རྗེས་གང་ཙམ་ཡོད་མཁན་ཞིག་རེད།

སྤྱི་ལོ་༡༩༩༥ལོར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བློ་འདྲི་ཞུ་ཡུལ་དང་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧོང་ཁང་བསོད་ནམས་དཔལ་འབར་ནད་གཞིས་རྐྱེན་པས་ཚེ་ལས་འདས་ཤིང༌། སྐབས་དེ་དུས་དགུང་གྲངས་བདུན་བཅུ་བདུན་བདུན་ལ་ཕེབས་ཀྱི་ཡོད།

ཁོང་ནི་ཧོར་ཁང་བསོད་ནམས་དཔལ་འབར་གྱི་སྐུ་ཟླའི་པཱ་ལགས་རེད། མི་མང་པོས་དུས་ད་ལྟ་ཡང་ཁོང་དྲན་གྱི་འདུག་པས་ཁོང་ལ་སྤེལ་བཞི་སྤོ་བོ་ལགས་ཞུ་ཡི་འདུག སྤེལ་བཞི་ནི་གཞིས་རྩེ་ཁུལ་གྱི་སྐུ་དྲག་ཅིག་ཡིན་རུང་སྤེལ་བཞི་ལགས་ནི་གཞིས་ཀའི་བདག་པོ་དཀྱུས་མ་ཞིག་རེད།

ཁོང་ལ་བུ་གཅིག་དང་བུ་མོ་གཅིག་ཡོད། བུ་འདི་གཞིས་ཀར་བཞག་ནས་ཤུལ་འཛིན་བྱེད་མཁན་དང་བུ་མོ་ཧོར་ཁང་གཟིམ་ཤག་གི་སྲས་བསོད་ནམ་དཔལ་འབར་གྱི་མནའ་མར་བཏང་བ་རེད། སྤྱི་ལོ་༡༩༥༩ལོའི་སྔོན་སྤེལ་བཞི་སྤོ་ལགས་ནས་སྐུ་ཟླ་དང་མཉམ་དུ་ལྷ་སར་ཆོས་མཇལ་ལ་ཕེབས་པ་ནས་བཟུང་རང་གི་ཕ་ཡུལ་ལ་ཕྱིར་ལོག་བྱེད་ཐུབ་མེད། གང་ཡིན་ཞུས་ན་དམངས་གཙོའི་བཅོས་སྒྱུར་ཟེར་བ་དེས་ས་ཞིང་རྣམས་ཡར་ལངས་ཞིང་བྲན་ལ་བགོ་བཤའ་རྒྱབ་པ་དང་ཁོང་གི་མངའ་བདག་གི་བུ་དེར་ཡང་འཐབ་འཛིང་ཕོག་པར་བརྟེན་ཁོང་དང་སྐུ་ཟླ་གཉིས་བུ་མོའི་ནང་མི་དང་མཉམ་དུ་བཞུགས་ཡོད།

སྤེལ་བཞི་སྤོ་བོ་ལགས་ཀྱི་ཆ་ལུགས་ནས་བལྟས་ན་སྐེ་ལ་གཡོགས་པའི་ཐག་པ་ཡང་ན་ཞྭ་མོ་སྒོར་སྒོར་བཅས་ནི་གང་ལྟར་དེ་སྔ་བོད་དམག་དམག་དཔོན་གྱི་ཆ་ལུགས་རེད། བརྗོད་ཡག་ལ་འདི་ནི་དབྱིན་ཇིའི་དམག་མིའི་དམག་ཆས་ལ་བལྟས་ཏེ་བཟོས་པ་རེད་ཟེར་གྱི་འདུག དོན་དངོས་ཁོང་གི་དམག་ཆས་འདི་བུ་མོའི་མག་པ་ཧོར་ཁང་བསོད་ནམས་དཔལ་འབར་དེ་སྔ་བོད་དམག་གི་དམག་དཔོན་གནང་སྐབས་ཀྱི་དམག་ཆས་ཡིན་པས་སྒམ་ནང་བཞག་ཡོད་པར་བརྟེན་གསར་བརྗེའི་མང་ཚོགས་ཟེར་བ་དེ་ཚོས་བསྔོགས་ཏེ་བཙན་ཤེད་ངང་ཁོང་ལ་གཡོགས་ཡོད་པ་རེད་འདུག སྤེལ་བཞི་སྤོ་བོ་ལགས་དེའི་སྐབས་དགུང་ལོ་དྲུག་བཅུ་ཟིན་བཞག གསར་བརྗེས་ཁོང་རེ་བ་ཆད་དེ་ཡིད་ཕམ་པོ་བྱུང་བ་དང་ཧ་ལས་ཧང་སངས་བའི་རྣམ་པ་འདི་མཐོང་ཐུབ་ཀྱི་འདུག འདི་དང་ཁོང་གི་རྒྱབ་ལ་ཡོད་པའི་ཡར་ལངས་ཞིང་བྲན་ཟེར་བ་ཚོས་དགའ་སྤྲོ་ཚད་མེད་ཀྱི་སྒོ་ནས་འབོད་ཚིག་སྒྲོག་བཞིན་པའི་གནས་སྟངས་དང་སྡུར་བ་ཡིན་ན་མངོན་གསལ་དོད་པ་ཡོང་གི་འདུག ལོ་ཤས་སོང་བའི་རྗེས་སྤེལ་བཞི་སྤོ་བོ་ལགས་ལྷ་སར་ཚེ་འདས་ཤིང༌། འདྲ་པར་འདི་ལ་ཞིབ་ཕྲ་ལྟ་དུས་ཧོར་ཁང་ཁྱིམ་ཚང་ལ་དགག་པ་འཐབ་འཛིང་གཏོང་མཁན་གྱི་མང་ཚོགས་ནང་མི་མི་ཉུང་བ་ཞིག་ནི་བུད་མེད་ཀྱི་སྤྲུལ་སྐུ་བསམ་སྡིང་རྡོ་རྗེ་ཕག་མོ་ལ་དགག་པ་འཐབ་འཛིང་བྱེད་སྐབས་ཡོད་པའི་མི་དེ་ཚོ་རེད་བཞག

འདྲ་པར་འདིའི་ཐོག་ནས་གུས་མོས་ཧོར་ཁང་བྱམས་པ་བསྟན་དར་ཐོག་མར་མཇལ་བའི་སྐབས་ཁོང་གིས་ཤུགས་གྲགས་ཆེ་ལ་སྐད་སྒྲ་མེད་པའི་ངུ་བཏང་དང་དེ་བཞིན་ཁོང་གིས་སྐྱོ་སྣང་ཆེན་པོའི་ངང་གནས་ཚུལ་བགྲང་པ་ཁག་དྲན་བྱུང༌། ཁོང་གིས་འདི་འདྲ་གསུངས་དོན་ལ། དེ་སྔོན་གུས་པའི་པཱ་ལགས་ནས་གསུངས་མྱོང་བར་ཁོང་ལ་འཐབ་འཛིང་གཏོང་བའི་སྐབས་འདྲ་པར་ལེན་མཁན་ཡོད་པ་མཐོང་བྱུང་བ་དང་ཡིན་ནའི་དེའི་སྐབས་ང་རང་ལྷ་སར་མེད་པས་མི་ཚེ་འདིར་སྣང་ཚུལ་འདི་འདྲ་མཐོང་གི་རེད་བསམ་པ་མ་བྱུང་ཞེས་གསུངས་བྱུང།

ཡང་འདྲ་པར་འདིའི་ཐོག་གི་སྤེལ་བཞི་ལགས་ཧོར་ཁང་བྱམས་པ་བསྟན་དར་ཁོང་གི་སྤོ་ལགས་ཡིན་དུས་ཁོང་གིས་པར་ཆས་ལ་མིག་ཅེ་རེར་ཧོན་ཐོར་བའི་སྒོ་ནས་བཅིངས་འགྲོལ་དམག་གི་དམག་དཔོན་ཡིན་པའི་གུས་མོའི་པཱ་ལགས་དང་ཁྱུག་ཙམ་རིང་ལྟ་རེས་གནང་འདུག

བོད་ཀྱི་བཀའ་ཤག་གཞུང་གི་དཔོན་རིམ་གོ་གནས་ཁོངས་སུ་མི་དཔོན་ནི་རིམ་བཞི་ལས་མ་ཡིན་རུང་དབང་ཆ་ཆེན་པོ་ཡོད་པ་རེད། མེལ་ཝིན་གྷོལྜ་སི་ཌེན་ནས་རྩོམ་བྲིས་གནང་བའི་<<སེར་མོ་བའི་རྒྱལ་ཁབ་ཀྱི་ཉམས་འཇིག>>ཟེར་བའི་དེབ་འདིའི་ནང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ལྟ་བུར་རྩིས་ཡོད་པ་རེད།

འདྲ་པར་སྟེང་འཐབ་འཛིང་གཏོང་ཡུལ་ཁོང་ནི་ཚ་རྡི་ཚེ་བརྟན་རྡོ་རྗེ་རེད་ལ། ཁོང་ནི་ལོ་རབས་ལྔ་བཅུའི་གོང་གི་མི་དཔོན་རེད། དེ་དུས་ཁོང་དང་དེ་མིན་སྐུ་དྲག་ཅིག་མཉམ་དུ་མི་དཔོན་གནང་མྱོང་ཡོད་པ་རེད་ལ། ཁོང་ལ་ཚང་མས་མི་དཔོན་ཚ་རྡི་ཞུ་ཡི་ཡོད། ལས་འགན་གཙོ་བོ་ནི་སྣང་རྩེ་ཤར་གྱི་ལས་དོན་ཐད་འཛིན་སྐྱོང་བྱ་རྒྱུ་འདི་རེད། ཡང་སྣང་རྩེ་ཤར་གྱི་ཚན་པ་དེའི་འགན་ནུས་གཙོ་བོ་ནི་གྲོང་ཁྱེར་སྲིད་གཞུང་གི་ཁྲིམས་ཁང་དང་བཙོན་ཁང་ཡིན་པ་རེད།

ཚ་རྡི་ཚེ་བརྟན་རྡོ་རྗེའི་སྐྱེ་ཁུངས་ནི་ལྷ་སའི་སྤྱིར་བཏང་སྐུ་དྲག་ཅིག་རེད། དངོས་གནས་ཞུས་ན་ཁོང་ནི་ངའི་ཨ་མ་ལགས་ཀྱི་ཞང་ཞང་ལ་རྩིས་དགོས་ཀྱི་ཡོད། གང་ལགས་ཤེ་ན་ཁོང་དང་ངའི་ཨ་མ་ལགས་ཀྱི་ཨ་མ་དང་ཕ་གཅིག་པའི་གཅེན་གཅུང་རེད། ཡིན་ནའི་ངའི་ཨ་མ་ལགས་ཀྱིས་ཁོང་དེ་ཙམ་དྲན་གྱི་མི་འདུག ཁོང་གི་སྐུ་ཟླ་ནི་ང་ཕོད་ངག་དབང་འཇིགས་མེད་ཀྱི་སྐུ་ཟླའི་གཅེན་མོ་རེད། ཁོང་གཉིས་ལ་བུ་ཕྲུག་མེད་པས་ནང་དུ་ལས་ཀ་བྱེད་མཁན་སྤུན་ཕྲུག་བུ་མོ་གཅིག་གསོས་ཕྲུག་ལ་ཉར་བ་ཡོད། སྤྱི་ལོ་༡༩༥༩ལོའི་ལྷ་སའི་དོན་རྐྱེན་ཟེར་བ་དེའི་རྗེས་ཚ་རྡི་ཟིང་འཁྲུག་ནང་ཞུགས་མེད་པར་བརྟེན་རྒྱལ་གཅེས་མི་སྣར་རྩིས་ཏེ་དེ་སྔ་དུས་ཚོད་གཅིག་རིང་བོད་དམག་ཁུལ་ཁང་ལ་སྤོས་ནས་བཅིངས་འགྲོལ་དམག་གི་སྲུང་སྐྱོབ་བྱས་པ་རེད། འོན་ཀྱང་སྤྱི་ལོ་༡༩༦༦ལོར་ཚ་རྡི་ལྷ་འདྲེ་གདོན་བགེགས་ལ་རྩིས་ཏེ་དགག་པ་འཐབ་འཛིང་བྱས་ཡོད། བཤད་ཡག་ལ་ཁོང་ཀླུ་སྒུག་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་ས་ཁུལ་ལ་བཞུགས་ཡོད་པར་བརྟེན་ཁོང་ཀླུ་སྒུག་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་ལྷ་འདྲེ་གདོན་བགེགས་ཡིན་པ་རེད་འདུག

ཁོང་གི་མགོ་བོའི་སྟེང་གི་ཞྭ་མོ་རིང་པོ་འདིའི་ཐོག་བོད་ཡིག་གི་ཚ་རྡི་མི་དཔོན་ཞེས་བྲིས་ཡོད། དེ་མིན་གྱི་ལྷ་འདྲེ་གདོན་བགེགས་དང་བསྡུར་ན་ཁོང་གི་ཆས་གོས་དམིགས་བསལ་ཞིག་འདུག་པས་ཁོང་གི་སྐེ་ལ་དངོས་པོ་སྒོར་སྒོར་ཞིག་གཡོགས་པ་འདི་དོན་དངོས་ཐོག་སྔོན་མ་བཙོན་པར་གཡོག་ཡག་གི་ཁྲིམས་བཅད་ཡོ་ཆས་ཤིག་ཡིན་པས་མིང་ལ་སྐེ་སྒོར་ཟེར་གྱི་ཡོད་པ་དང་དེའི་སྟེང་བོད་ཡིག་ཐོག་ནས་ངལ་རྩོལ་མི་དམངས་དམར་གསོད་གཏོང་མཁན་གྱི་ལག་དམར་བ་ཞེས་བྲིས་བཞག བྲང་ཁོག་ཐོག་གི་ཡིག་ཆེན་ཚགས་པར་སྟེང་ངལ་རྩོལ་མི་དམངས་དམར་གསོད་གཏོང་མཁན་ལག་དམར་བ། ཟིང་འཁྲུག་སློང་མཁན་གྱི་གཏེ་པོ། ཡིབ་ནས་བསྡད་པའི་གསར་བརྗེའི་ངོ་ལོག་པ། དེ་སྔའི་མི་དཔོན་ཚེ་བརྟན་རྡོ་རྗེ་ཞེས་བྲིས་ཡོད། ད་དུང་ཁོང་གི་ལག་པར་རྟ་ལྕག་དང་ལག་ལྕགས་བསྐུར་ནས་དེ་དག་ནི་དེ་སྔ་ཁོང་གིས་ངལ་རྩོལ་མི་དམངས་ལ་མནར་གཅོད་གཏོང་སྐབས་ཀྱི་ཡོ་ཆས་ཡིན་པ་མངོན་པར་བྱས་ཡོད།

བཤད་ཡག་ལ་ལྷ་འདྲེ་གདོན་བགེགས་ཀྱི་ནང་ནས་ཚ་རྡི་ནི་འཐབ་འཛིང་བྱེད་སྐབས་སྡུག་ཤོས་དང་དཀའ་སྡུག་ཆེ་ཤོས་བྱུང་བ་ཞིག་རེད་འདུག དགག་པ་འཐབ་འཛིང་གི་ཚོགས་འདུའི་ཐོག་ཉེས་རྡུང་ཕོག་པ་མ་ཟད། ད་དུང་བཙན་ཤེད་ཀྱིས་མང་ཚོགས་མདུན་ཧ་ཅང་བཟའ་དཀའ་བའི་དངོས་པོ་ཞིག་ཁྱུར་མིད་གཏོང་རུ་བཅུག་ཡོད།

སྐབས་དེ་དུས་གར་སྟེགས་འོག་ལྷ་འདྲེ་གདོན་བགེགས་ལ་དགག་པ་འཐབ་འཛིང་བྱེད་སར་ལྟད་མོ་ལྟ་མཁན་བགྲེས་སོང་ཞིག་གིས་བརྗོད་དོན་ལ། གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་ཚོས་ཚ་རྡི་ཡི་མགོ་བོ་མནན་ཏེ་བཙོན་པ་ལྟར་གྱི་དངོས་པོ་ནག་པོ་རྡོག་རྡོག་ཅིག་ཁོང་གི་ཁའི་ནང་ཆེད་མངགས་བཅུག་པ་དང་ཚ་རྡི་ཧ་ཅང་བཟོད་དཀའ་བས་ཁའི་ནང་ཉར་ནས་དུས་ཚོད་གང་ཙམ་རྗེས་ཁྱུར་མིད་བཏང་སོང་བ་ཁོང་རང་གིས་དངོས་སུ་མཐོང་བྱུང་གསུངས་ཀྱི་འདུག ཧོར་ཁང་བྱམས་པ་བསྟན་དར་ནས་ཀྱང་བརྗོད་དོན། ཚ་རྡི་ལ་བཙན་ཤེད་ཀྱིས་བཟའ་བཅུག་ཡག་འདི་རྩམ་པའི་ནང་འབྲུའི་པགས་པ་སོག་དང་མཉམ་བསྲེས་བྱས་པ་རེད། དེ་སྔ་བཙོན་པས་བཟའ་ཡག་གི་ཟ་མ་ཡིན་པ་དང་ཐ་ན་བཙོན་པས་ཀྱང་ཟ་ཡི་མེད་པ་ནི་ཁྱུར་མིད་གཏོང་ཁག་པོ་ཡོད། ཚ་རྡི་ནི་དེ་སྔ་སྣང་རྩེ་ཤར་ལ་འཛིན་སྐྱོང་བྱེད་མཁན་ཡིན་པས་མི་མང་པོར་ཕོག་ཐུག་ཕྱིན་ཡོད་པའི་རྐྱེན་གྱིས་ཁོང་སྡུག་པོ་འདི་འདྲ་མྱོང་དགོས་བྱུང་བ་རེད། དེའི་རྗེས་ཁོང་སྔ་པོ་ནས་ཚེ་ལས་འདས་པའི་རྒྱུ་མཚན་ཡང་དེ་ཡིན་པ་རེད། ཁོང་གི་ཕོ་བར་འབྲུའི་སྙེ་མཚེར་ཟུག་ནས་ནད་གཞི་ཕོག་ཡོད་པ་གསུངས་མཁན་འདུག ཁོང་ནི་རིག་གནས་གསར་བརྗེའི་མཇུག་ཙམ་ལ་ཚེ་ལས་འདས་པ་དང་དེ་ནས་ཡུན་རིང་མ་སོང་བར་ཁོང་གི་སྐུ་ཟླ་ཡང་སྙུང་སྟེ་ཚེ་ལས་འདས་ཡོད་པ་རེད་འདུག

འདྲ་པར་ཐོག་ཚ་རྡི་ཁོང་གི་ཞལ་ལ་དངོས་པོ་སྦྱར་བ་འདྲ་པོ་མཐོང་རྒྱུ་འདུག

ཚ་རྡི་འཛིན་ནས་འཐབ་འཛིང་བྱེད་བཞིན་པའི་དམར་སྲུང་དམག་བུ་དེ་གཉིས་ནི་ཀླུ་སྒུག་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་ཡིན་པ་དང་དེའི་ནང་མི་གཅིག་གི་དཔུང་པའི་དཔུང་རྟགས་ཐོག་ནས་གསལ་པོ་མཐོང་བར་ཁྲེང་ཀོན་ཆུས་ཀྱི་དམར་སྲུང་དམག་ཅེས་འཁོད་བཞག ཚ་རྡི་ཁོང་གི་གཡོན་ངོས་སུ་འཐབ་འཛིང་ཕོག་མཁན་བུད་མེད་འདི་བརྗོད་ཡག་ལ་སྐུ་དྲག་ལྕམ་རྒྱས་སྟག་པ་བདེ་ཆོས་རེད་ཟེར། ཁོང་ལ་འཐབ་འཛིང་གཏོང་མཁན་གྱི་བུད་མེད་ཧུར་བརྩོན་ཅན་ནི་སྐལ་བཟང་ཡིན་པ་ངོ་ཤེས་ཏེ་སྐབས་དེ་དུས་ཁོ་མོར་མི་ཚོས་ལས་བྱེད་པ་སྐལ་བཟང་ལགས་འབོད་ཀྱི་ཡོད། རྗེས་སུ་ཁོ་མོ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དངོས་གནས་ཆགས་པ་དང་ད་ལྟ་ཚེ་ལས་འདས་ཟིན་འདུག

འདྲ་པར་འདི་གཉིས་ཐོག་མགོ་ལ་དམག་མིའི་ཞྭ་མོ་གྱོན་པའི་བུད་མེད་གཞོན་ནུ་འདིས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པའི་སྒོ་ནས་ཚ་རྡི་ཚེ་བརྟན་རྡོ་རྗེའི་ནག་ཉེས་ལ་ཁ་རྡུང་དྲག་པོ་གཏོང་བཞིན་འདུག ཁོ་མོར་མི་ཚོས་ཀླུ་སྒུག་ཨ་ཅག་ཟེར་བ་དང་ཀླུ་སྒུག་ཨུ་ཡོན་ལྷན་ཁང་གི་སྐད་གྲགས་ཡོད་པའི་ཧུར་བརྩོན་ཅན་ཞིག་རེད། ཁོ་མོའི་མིང་ལ་འཆི་བ་མཚམས་གཅོད་ཟེར་ཞིང་སྤྱི་ལོ་༡༩༥༩ ལོའི་གོང་ལ་སྤྲང་པོ་ཡིན་ཙང་ཁོ་མོར་ཀླུ་སྒུག་སྤྲང་པོ་ཡང་བརྗོད་ཀྱི་ཡོད། ད་ལྟ་ཚོང་ཆུང་ཆུང་ཞིག་ལ་བརྟེན་ནས་འཚོ་བ་བསྐྱལ་བཞིན་ཡོད་པ་དང་དེ་སྔོན་ཁོང་གིས་དྭ་ཕྲུག་ཅིག་གསོས་ཡོད་པ་འདི་རྒྱ་གར་དུ་སློབ་སྦྱོང་བྱེད་པར་བསྐྱལ་ཡོད་པ་རེད་འདུག བཤད་ཡག་ལ་དེང་སྐབས་ཉིན་ལྟར་ཆོས་མཇལ་དང་གླིང་སྐོར་ལ་སྐྱོད་བཞིན་ཡོད་པ་རེད་འདུག

ཁོང་གི་རྒྱབ་ལ་ཡོད་པའི་བུད་མེད་རྒན་འཁོགས་འདི་ཡང་ཧ་ཅང་སྐྱོ་པོ་རེད་འདུག

དགག་པ་འཐབ་འཛིང་བྱ་ཡུལ་འདི་གསུང་ཆོས་རྭ་བ་ཡིན་པ་དང་གསར་འཛུགས་ཐང་ཆེན་ཟེར་བྲིས་པའི་སྒོ་བྱང་འདི་གཙུག་ལག་ཁང་གི་གྱང་དམར་པོའི་སྟེང་བསྐྱལ་ནས་འདུག ཚ་རྡི་མི་དཔོན་གྱི་བྲང་ཁོག་མདུན་གྱི་ཡིག་ཆེན་ཚགས་པར་ལ་ལྟ་དུས་ཧ་ཅང་རིང་པོ་ཡོད་ཙང་ས་ལ་རིང་པོ་སྣར་ནས་འདུག

སྣབས་རྟུག་འཛར་འཛར་ཤོར་བ་དང་བཟོ་ལྟ་རྦད་དེ་ཤོར་ནས་ཡོད་པའི་མི་དེའི་མིང་ལ་བསམ་ཕོ་ཚེ་དབང་རིག་འཛིན་ཟེར་བ་དང་ཁོང་གི་གཟིམ་ཤག་ལ་༧རྒྱལ་བ་སྐུ་འཕྲེང་བདུན་པ་འཁྲུངས་མྱོང་ཡོད་པར་བརྟེན་དབང་གྲགས་ཆེ་རུ་ཕྱིན་པ་དང་བོད་ཀྱི་སྐུ་དྲག་རིམ་པའི་ནང་གི་ཆེས་མཐོའི་ཡབ་གཞིས་གཟིམ་ཤག་ཁོངས་སུ་ཚུད་ཡོད། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ལ་གཞིགས་ན། དགུང་ལོ་བཅོ་ལྔ་ནས་དཔོན་ལམ་དུ་གོམ་པ་སྤོས་པའི་སྐུ་དྲག་སྲས་འདི་བཀའ་ཤག་གཞུང་གི་དཔོན་པོའི་གོ་གནས་རིམ་པ་མང་པོ་བྱ་མྱོང་ཡོད། ལོ་རབས་ལྔ་བཅུའི་ནང་ཁོང་ནི་བོད་དམག་གི་དམག་སྤྱི་ཡིན་པར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལ་བོད་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པའི་མིང་སྟོང་ཙམ་གྱི་གོ་གནས་དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཧྲའོ་ཅང་(དམག་དཔོན་)གི་གོ་གནས་རིམ་པ་ཞིག་སྤྲད་པ་རེད། དེ་དག་ནི་ད་ལྟ་ཁོང་གི་སྐེ་ལ་གཡོགས་པའི་མེ་མདའ་ཤུབ་སྟོང་པ་དང་དོམས་དོམས་བཅས་དང་གཅིག་མཚུངས་ཀྱི་མིང་སྟོང་པ་ཙམ་ཡིན་པ་རེད།

ཡང་རྒྱལ་རབས་ལོ་རྒྱུས་ཀྱི་དུས་དེབ་ནང་བསམ་ཕོ་ཚེ་དབང་རིག་འཛིན་ཚུད་དགོས་དོན་ནི་མི་ཚོའི་སེམས་པར་ངེས་མ་ཐུབ་པའི་ཁོང་གི་གོ་གནས་དེ་རྣམས་མ་ཡིན་པར་དེ་ནི་བོད་ཀྱི་ལས་དབང་གི་འཕོ་འགྱུར་ཆེན་པོ་འདི་མ་ཡོང་གོང་གི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་ཡོད་པ་རེད། <<རྒྱ་ནག་གུང་ཁྲན་གཞུང་གི་བོད་ཀྱི་གུང་ཁྲན་ཚོགས་པའི་ལོ་རྒྱུས་དོན་ཆེན་གྱི་ཟིན་ཐོ།>> ཟེར་བ་འདིའི་ནང་འཁོད་པར་གཞིགས་ན། སྤྱི་ལོ་༡༩༥༩ལོའི་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་གྱི་ཞོགས་པ་ལྷ་སའི་གྲོང་མི་ཚོས་ནོར་བུ་གླིང་ཁར་རྒྱུགས་འགྲོ་འགོ་ཚུགས་ཤིང་ཆུ་ཚོད་བཅུ་གཅིག་ཙམ་ལ་ཚོང་ཁང་ཚང་མ་རིམ་པས་སྒོ་རྒྱབ་པ་དང་མང་ཚོགས་ཚོས་འཐུང་ཆུར་ཧབ་ཐོབ་རྒྱབ་པ་མ་ཟད། ད་དུང་དཀྲོག་གཏམ་གྱར་དོན་ལ། དམག་ཁུལ་ཁང་གིས་༧གོང་ས་མཆོག་ལ་དུག་འབུལ་ནས་བཀྲོངས་ཐབས་བྱེད་ཀྱི་ཡོད་ཟེར་བ་དང་ཡང་དམག་ཁུལ་ཁང་གིས་ཐད་འཕུར་གནམ་གྲུ་གྲ་སྒྲིག་བྱས་ཏེ་༧གོང་ས་མཆོག་པེ་ཅིང་དུ་བཙན་ཁྲིད་བྱ་རྒྱུ་ཡིན་པ་སོགས་བརྗོད་ནས་ཆུ་ཚོད་བཅུ་གཉིས་ཙམ་ལ་རྒྱལ་གཅེས་ཡར་ཐོན་མི་སྣ་འཕགས་པ་ལྷ་བསོད་ནམས་རྒྱ་མཚོ་(ད་ལྟའི་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱིས་གཅོ་འཛིན་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་གཅེན་པོ་རེད།)ནོར་བུ་གླིང་ཁའི་ཕྱི་སྒོར་ཟིང་འཁྲུག་སློང་མཁན་གྱིས་ཉེས་རྡུང་བཏང་སྟེ་བསད་པ་རེད། དེ་དང་དུས་མཚུངས་མི་སྟོང་ཕྲག་ལྷག་ཙམ་གྱིས་ལག་ཏུ་དར་ཆ་དཀར་པོ་ཆུང་ཆུང་འཁྱེར་ནས་ཁྲོམ་སྐོར་བྱེད་བཞིན་བོད་རང་བཙན་ཡིན་པ་དང་རྒྱ་མི་ཕྱིར་ལོག་རྒྱུགས་ཤིག་ཅེས་པའི་འབོད་ཚིག་སྒྲོག་གི་ཡོད། དེའི་རྗེས་ལ་བོད་གཞུང་གི་བཀའ་བློན་གནང་མྱོང་མཁན་དང་བོད་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པ་བསམ་ཕོ་ཚེ་དབང་རིག་འཛིན་ནོར་བུ་གླིང་ཁའི་རྒྱལ་སྒོའི་མདུན་ལ་ཟིང་འཁྲུག་སློང་མཁན་གྱིས་རྡོ་གཞུས་ཏེ་རྨས་སྐྱོན་ཕོག་པ་དང་མོ་ཀྲར་ཡང་གནོད་སྐྱོན་བཏང་ཡོད་པ་རེད་ཟེ་བྲིས་འདུག

བསམ་ཕོར་རྨས་སྐྱོན་ཕོག་པར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྗེས་སུ་འབྲངས་ཏེ་བོད་ནས་བྲོས་བྱོལ་ལ་སྐྱོད་མེད་པའི་ཁོང་དང་བོད་གཞུང་གི་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་གཉིས་རྒྱལ་གཅེས་ཡར་ཐོན་གྱི་ཕུལ་དུ་བྱུང་བའི་མི་སྣར་རྩིས་ཡོད། བསམ་ཕོ་ཡང་བསྐྱར་དཔོན་གནས་རིམ་པ་འཕར་ཏེ་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་གཙོ་འགན་གཞོན་པར་བསྐོ་བཞག་བྱས་པ་རེད། ཟིང་འཁྲུག་ཞོད་འཇགས་ཟེར་བ་བཏང་བའི་སྐབས་སྲིད་གཞུང་གསར་པས་བཀའ་རྒྱ་སྤེལ་བའི་བརྡ་ཁྱབ་སྟེང་ཁོང་གི་བྱས་རྗེས་འཁོད་ཡོད། བྱས་ཙང་ལྷ་སའི་མི་དམངས་ནང་བཤད་སྲོལ་འདི་འདྲ་ཞིག་ཡོད་པ་སྟེ། བསམ་ཕོ་ལ་ཕོག་པའི་རྡོ་འདི་ནོར་རྡོ་ཡིན་པ་རེད་ཅེས་བརྗོད་ཀྱི་ཡོད།

འོན་ཀྱང་སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པར་བསམ་ཕོ་ལྷ་འདྲེ་གདོན་བགེགས་ལ་གྱུར་པ་དང་ཁོང་ལ་འཐབ་འཛིང་བཏང་བའི་གནས་ཚུལ་འདི་སྣབས་རྟུག་འཛར་འཛར་ཤོར་ནས་ཡོད་པའི་འདྲ་པར་འདིས་དཔང་པོ་བྱེད་རྒྱུ་རེད། ཁོང་གི་ཉེས་པ་ནི་ཟིང་འཁྲུག་སྒྲིག་འཛུགས་བྱས་པ་དང་ཕྱི་རྒྱལ་དང་ངན་འབྲེལ་བྱས་པ། གུང་ཁྲན་ཚོགས་པར་ངོ་རྒོལ་དང་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་བཅས་ཡིན་པ་རེད། བརྗོད་ཡག་ལ་ཁོང་དང་ཁོང་གི་སྐུ་ཟླར་དགག་པ་འཐབ་འཛིང་ཐེངས་མང་ཕོག་མྱོང་ཡོད་པ་མ་ཟད། ད་དུང་རྒྱུ་ནོར་ཡོད་ཚད་གཞུང་བཞེས་བཏང་ཡོད་པ་རེད་འདུག སྤྱི་ལོ་༡༩༧༣ལོར་ཁོང་ཚེ་ལས་འདས་པ་དང་དུས་ཡུན་རིང་པོ་མ་སོང་བར་ཁོང་གི་སྐུ་ཟླ་ཡང་ཚེ་ལས་འདས་ཡོད་པ་རེད།

འདྲ་པར་ཐོག་བསམ་ཕོར་གཡོགས་པ་དེ་མཆོར་ཉམས་ལྡན་པའི་ཁལ་ཁ་ཟུགས་(སོག་སྐད་)འདི་རིམ་བཞི་ཡན་གྱི་དཔོན་རིགས་ཚོའི་ཆ་ལུགས་ཡིན་རུང་ཁོང་གི་ཞྭ་མོ་འདི་ཆ་ལུགས་འདི་དང་མཉམ་དུ་མིན་པ་རེད། ཞྭ་མོ་དེ་རིགས་ལ་ལྕགས་མདའ་འབོད་ཀྱི་ཡོད་པ་དང་དབྱར་དུས་བེད་སྤྱོད་བྱེད་ཀྱི་ཡོད། ཞྭ་མོ་འདིའི་རྒྱན་དུ་གསེར་སྐུད་དང་དངུལ་སྐུད་ཡོད་པ་མ་ཟད། ད་དུང་ཞྭ་མོའི་རྩེ་འདིར་ཕ་ལམ་ཡོད་པ་རེད། ཁོང་གི་རྣ་ཅོག་གཡོན་མའི་སྟེང་གི་སོག་བྱིལ་འདི་སྐུ་དྲག་དང་དཔོན་རིགས་ཀྱི་རྣམ་པ་ཞིག་རེད་ལ། ད་དུང་ཁོང་གི་བྲང་ཁོག་མདུན་གྱི་དོམས་དོམས་འདི་རིམ་བཞི་ཡན་གྱི་དཔོན་རིགས་ཀྱི་ཆིབས་རྟའི་སྟེང་ཡོད་པའི་རྒྱན་ཆ་ཞིག་རེད།

བསམ་ཕོར་དགག་པ་འཐབ་འཛིང་གཏོང་མཁན་གྱི་ཧུར་བརྩོན་ཅན་མི་སྣ་འདི་གཉིས་རྩད་གཅོད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་ཁོང་གཉིས་རབ་གསལ་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཡིན་ཞིང༌། གཡོན་ཕྱོགས་ཀྱི་མི་དེའི་མིང་ལ་ཐུབ་བསྟན་ཟེར་གྱི་ཡོད་པ་དང་མིག་གཅིག་ལོང་བ་ཆགས་པའི་དབང་གིས་ཐུབ་བསྟན་ཞར་གོག་ཅེས་འབོད་ཀྱི་ཡོད། སྤྱི་ལོ་༡༩༨༧ལོའི་རྗེས་ཁོང་བར་སྐོར་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་འགན་འཛིན་ལ་བསྐོ་བཞག་བྱས་ཡོད། ད་ལྟ་ཚེ་ལས་འདས་ཟིན། ཁོང་ངོ་ཤེས་མཁན་གྱི་མི་སྣ་ཞིག་ནས་ཁོང་ལ་འདི་ལྟར་གདེང་འཇོག་གནང་གི་ཡོད་པ་སྟེ། ཁོང་ཧུར་བརྩོན་ཆེན་པོ་ཡོད་པ་དང་ཧུར་བརྩོན་ཆེ་ཐག་ཆོད་པ་རེད། དེར་བརྟེན་སྔ་ས་ནས་ཤི་པ་རེད་ཅེས་ཟེར། གཡས་ཀྱི་མི་དེའི་མིང་ལ་སྤོ་བོ་ཚེ་རིང་ཟེར་གྱི་ཡོད་པ་དང་ཁོ་པ་ཡང་ཚེ་འདས་ཟིན་པ་རེད།

སྐེད་པ་གུག་གུག་བྱས་ཏེ་དགག་པ་དང་ལེན་བྱེད་མཁན་གྱི་མི་དེ་མཚོ་སྒོ་དོན་གྲུབ་ཚེ་རིང་ཡིན་པ་རེད། ཁོང་གི་ཞྭ་མོ་རིང་པོའི་ཐོག་འདི་འདྲ་བྲིས་ཡོད་པ་སྟེ། ལྷ་འདྲེ་གདོན་བགེགས་མི་ངན་མཚོ་སྒོ་དོན་གྲུབ་ཚེ་རིང་རྩ་མེད་མཐར་ཕྱིན་བཏང་དགོས་ཞེས་བྲིས་འདུག

མཚོ་སྒོ་གཟིམ་ཤག་ནི་གཙང་ཁུལ་གྱི་སྐུ་དྲག་དཀྱུས་མ་ཞིག་རེད། ཡིན་ནའི་འདྲ་པར་སྟེང་གི་མཚོ་སྒོ་ནི་མཚོ་སྒོ་གཟིམ་ཤག་གི་མི་མ་ཡིན་པར་སྐུ་དྲག་བསམ་ཕོ་ཚེ་དབང་རིག་འཛིན་གྱི་གཅུང་པོའི་བུ་རེད། ཁོང་མཚོ་སྒོ་ཁྱིམ་གྱི་བུ་མོའི་མག་པ་ཡིན་པ་དང་ཁོང་ཁྱིམ་དེར་མག་པར་ཕྱིན་པར་བརྟེན་མཚོ་སྒོ་ཡི་མིང་འདི་བེད་སྤྱོད་བྱས་པ་རེད།

སྐུ་དྲག་གི་མི་རབས་རྗེས་མ་ཞིག་གི་སྐད་ཆ་ལུངས་འདྲེན་བྱས་ནས་ཞུས་ན། མཚོ་སྒོ་ཁོང་ནི་གུང་ཁྲན་ཚོགས་པར་བྱས་རྗེས་ཆེན་པོ་ཡོད་པའི་མི་ཞིག་རེད། དེ་སྔོན་སྤྱི་ལོ་༡༩༥༠ ལོར་བཅིངས་འགྲོལ་དམག་གིས་བསླངས་པའི་ཆབ་མདོའི་དམག་འཁྲུག་ནང་མཚོ་སྒོ་ནི་བོད་བཀའ་ཤག་གཞུང་གི་ཆབ་མདོར་བཅའ་སྡོད་དྲུང་ཡིག་ཡིན་པ་དང་མདོ་སྤྱི་ང་ཕོད་ངག་དབང་འཇིགས་མེད་དང་བཅས་པའི་ཁྱོན་སེར་སྐྱ་དཔོན་རིགས་བཞི་བཅུ་ལྷག་ཙམ་འཛིན་བཟུང་བྱས་ཡོད་པ་རེད། དུས་ཡུན་རིང་པོ་མ་སོང་བར་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་དང་ལེན་བྱས་ནས་ཧུར་བརྩོན་གྱིས་རྒྱ་ནག་གཞུང་དང་མཉམ་ལས་བྱས་པ་བརྒྱུད་བཀའ་ཤག་གཞུང་ནང་རྒྱ་ནག་དང་ཞི་མོལ་བྱ་རྒྱུར་འདོད་ཚུལ་བཏོན་མཁན་གྱི་དཔོན་རིགས་གྲས་ཤིག་ཆགས་པ་རེད་ལ། ད་དུང་རྒྱ་གཞུང་གི་བོད་དམག་ཁུལ་ཁང་གི་དམག་དཔོན་གྱི་གོ་གནས་ཤིག་ཀྱང་ཐོབ་ཡོད། སྤྱི་ལོ་༡༩༥༩ ལོར་ཟིང་འཁྲུག་ཞོད་འཇགས་ཟེར་བ་གཏོང་སྐབས་མཚོ་སྒོ་ཟིང་འཁྲུག་ནང་ཞུགས་མེད་པར་བརྟེན་རྒྱལ་གཅེས་ཡར་ཐོན་མི་སྣའི་གྲས་ཤིག་ཆགས་ཡོད་པ་མ་ཟད། ད་དུང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་དང་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་བཅས་ཀྱི་གོ་གནས་སྤྲད་ཡོད་པ་རེད། ཡིན་ནའི་རིག་གནས་གསར་བརྗེའི་སྐབས་ཁོང་ལ་འཐབ་འཛིང་དྲག་པོ་ཕོག་ཡོད། ཁོང་དང་བསམ་ཕོ་ཚེ་དབང་རིག་འཛིན། སྤོམ་མདའ་སྟོབས་རྒྱལ། རྒྱ་མཚོ་གླིང་བཅས་མི་བཞི་ཡིས་ཚོགས་པ་ཆུང་ཆུང་གཅིག་བཙུགས་ནས་ལོག་སྤྱོད་སྒྲིག་འཛུགས་བཙུགས་ཡོད་པར་ངོས་འཛིན་བྱས་ཏེ་ཀྲང་གོ་ཧྭ་ཡིས་ཆེད་མངགས་སྙན་ཞུ་ཞིག་བྲིས་ནས་ཁོང་ཚོ་མི་དམངས་མང་ཚོགས་ལ་རྩིས་སྤྲོད་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད། དེ་ནས་བཟུང་ཁོང་ཚོར་དགག་པ་འཐབ་འཛིང་བྱེད་ཡག་ཛ་དྲག་རུ་ཕྱིན་ཡོད། སྤྱི་ལོ་༡༩༧༨ ལོར་མཚོ་སྒོ་ནད་མནར་གྱིས་ཚེ་ཟིན་མེད་པ་དང་སྤྱི་ལོ་༡༩༧༩ ལོར་དག་སེལ་བྱུང་ནས་རྒྱ་གཞུང་གིས་རྣམ་འགྱུར་སྟོན་པར་ཁོང་ནི་བོད་ཀྱི་སྐད་གྲགས་ཡོད་པའི་རྒྱལ་གཅེས་ཡར་ཐོན་གྱི་མི་སྣ་དང་བོད་ཞི་བའི་བཅིངས་འགྲོལ་བཏང་བའི་སྐབས་བྱས་རྗེས་ཆེན་པོ་བཞག་ཡོད་པའི་ངོས་འཛིན་བྱས་པ་རེད།

མཚོ་སྒོ་ལ་དེ་སྔ་བཅིངས་འགྲོལ་དམག་གི་དམག་དཔོན་གྱི་མིང་སྟོང་པའི་གོ་གནས་ཤིག་ཡོད་པའི་དབང་གིས་ཡིན་ནམ་གང་ལྟར་ཁོང་འཛིན་ཏེ་ཁྲོམ་སྐོར་ལ་ཁྲིད་ཡོང་དུས་ཁོང་གི་གཟུགས་པོའི་སྟེང་མེ་མདའི་ཤུབ་སྟོང་པ་དང་ཀོ་བའི་རྟ་སྒ་དང་རྒྱང་ཤེལ་གཅིག་བཅས་ཡོད་པ་མ་ཟད། དེ་མིན་ཕྲེང་བ་རིང་པོ་གཅིག་དང་བཀའ་ཤག་དཔོན་རིགས་གྱི་ཆས་གོས་སོགས་སྣ་ཁ་ཧ་ཅང་འཛོམས་པོ་ཞིག་འདུག

ཁོང་ལ་གསོས་ཕྲུག་གཅིག་མ་གཏོགས་དེ་མིན་བུ་ཕྲུག་མེད་པ་རེད། ཁོང་ནི་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་ལྷ་འདྲེ་གདོན་བགེགས་རེད།

སྤྱི་ལོ་༡༩༦༦ལོའི་ཟླ་བ་བརྒྱད་པའི་ནང་འཐབ་འཛིང་གཏོང་ཡུལ་བསམ་ཕོ་ཚེ་དབང་རིག་འཛིན་དགུང་གྲངས་༦༢ལ་ཕེབས་ཀྱི་ཡོད། འདྲ་པར་འདིའི་ཐོག་ནས་གསལ་པོ་མཐོང་ཐུབ་རྒྱུར་ཁོང་གིས་སྔ་ས་ནས་འཁར་རྒྱུག་བེད་སྤྱོད་བཏང་ཟིན་འདུག ཁོང་གི་སྒལ་པའི་སྟེང་རྒྱུག་པ་གཉིས་བསྐུར་ཡོད་པ་འདི་ཁྲིམས་ཆས་ཤིག་ཡིན་པ་དང་ལག་པ་དང་རྐང་པ་འདིའི་དཀྱིལ་ལ་བཙིར་གྱི་ཡོད་པ་བརྗོད་མཁན་འདུག ཁོང་དང་མཉམ་དུ་འཐབ་འཛིང་ཕོག་མཁན་འདི་ཁོང་གི་སྐུ་ཟླ་ཡིན་པ་དང་ལྟ་དུས་སྐྲ་དཀར་པོ་ཆགས་བཞག

བསམ་ཕོའི་སྐུ་ཟླ་ནི་ཁམས་ཀྱི་ཚོང་པ་ཆེན་པོ་སྤོམ་མདའ་ཡར་འཕེལ་གྱི་བུ་མོ་རེད་ལ། བསམ་ཕོའི་སྐུ་ཟླ་གཉིས་པ་རེད། གྲོང་མི་དམར་སྲུང་དམག་འདི་ཚོས་བསམ་ཕོའི་ལྕམ་ལ་བརྙས་བཅོས་ཚད་མེད་བཏང་བཞག ཁོང་གི་ལུས་པོའི་སྟེང་གསེར་དངུལ་གྱི་རྒྱན་ཆ་མང་པོ་གཡོགས་ཡོད་པ་མ་ཟད། ད་དུང་ལག་གཉིས་ལ་མཆོད་རྫས་ཀྱིས་ཁེངས་པའི་ཤིང་བཀྲོལ་བསྐུར་བ་དང་ཁོང་གི་སྒལ་པར་སྒམ་ལྟ་བུ་ཞིག་གིས་གནོན་ཡོད་པ་འདི་བུ་ལོན་གཏོང་སྐབས་ཀྱི་འབྲུ་འཇལ་སའི་སྣོད་ཅིག་ཡིན་པས་མིང་ལ་འབོ་ཟེར་གྱི་ཡོད། སྤྱིར་བཏང་བོད་མིའི་ཁྱིམ་ཚང་ཚང་མའི་ནང་དུ་ཡོད་པ་ཞིག་རེད། འབོ་འདི་ལྗི་པོ་ཡོད་ས་རེད་དེས་མིན་ན་བསམ་ཕོའི་ལྕམ་མར་མནན་ནས་ས་ལ་འགྱེལ་གྲབས་བྱས་བཞག ཁོང་ཧོན་ཐོར་ཏེ་ས་ལ་མིག་ལྟ་སྟངས་ནས་རེ་ཐག་ཆད་ཡོད་པ་བཤད་ཆོག བསམ་ཕོའི་ལྕམ་ལ་འཐབ་འཛིང་གཏོང་མཁན་གྱི་གཞོན་ནུ་དེའི་མིང་ལ་བྱམས་པ་ཆོས་ཉིད་ཟེར་བ་དང་ལྷ་ས་ཨར་ལས་རུ་ཁག་གི་ཤིང་བཟོ་བ་ཡིན་པ་བརྗོད་མཁན་བྱུང༌།

གོང་གི་པར་རིས་ཐོག་ནས་བསམ་ཕོ་སྟེང་ཞལ་ལ་འཐབ་འཛིང་ཕོག་ཡུལ་འདི་གང་དུ་ཡིན་མིན་མ་ཤེས་ཀྱང་གཡས་ཀྱི་པར་རིས་སྟེང་དགག་པ་འཐབ་འཛིང་བྱེད་ས་འདི་ཤར་ཕྱོགས་ཐེར་གེའི་རུ་ཁག་ཡིན་པ་བརྗོད་མཁན་བྱུང༌། རིག་གནས་གསར་བརྗེའི་སྐབས་ཤར་ཕྱོགས་དམར་དོན་གཅོད་ཁང་ཟེར་གྱི་ཡོད། ཤར་ཕྱོགས་ཐེར་གེའི་རུ་ཁག་དེ་ཁ་ཆེའི་ལྷ་ཁང་གི་ཉེ་འགྲམ་དུ་ཡོད་ལ་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་དང་རྒྱ་ལམ་གཅིག་གི་བར་ལ་ཡོད། སྐབས་དེ་དུས་དོན་གཅོད་ཁང་དེ་མཉམ་ལས་ཁང་ཡོད་ས་དེར་རེད། བྱས་ཙང་རྟག་ཏུ་དགག་པ་འཐབ་འཛིང་བྱ་ཡུལ་གྱི་ཚོགས་རྭ་བྱེད་ཀྱི་ཡོད་པ་རེད། ཡང་མི་འགའ་རེས་བརྗོད་པར་འདི་ནི་ཤར་ཕྱོགས་ཐེར་གེའི་རུ་ཁག་མ་ཡིན་པར་གང་ཡིན་ཞེ་ན། བསམ་ཕོ་སྟེང་ཞལ་ཤར་ཕྱོགས་ཀྱི་ཁོངས་སུ་མིན་པར་ལྷོ་ཕྱོགས་ཀྱི་ཁོངས་སུ་ཡིན་པ་བཤད་མཁན་འདུག གང་ཡིན་རུང་བསམ་ཕོ་སྟེང་ཞལ་ཕར་ཁྲིད་ཚུར་ཁྲིད་བྱས་ནས་གང་སར་གསར་བརྗེའི་མང་ཚོགས་ཀྱིས་འཐབ་འཛིང་བཏང་ཡོད་པ་རེད།

བསམ་ཕོའི་བུ་ཕྲུག་ནང་ནས་བུ་རྒན་ཤོས་བསམ་ཕོ་བསྟན་འཛིན་དོན་གྲུབ་ནི་རྒྱལ་རབས་ལོ་རྒྱུས་ཐོག་མི་སྣ་གལ་འགངས་ཆེན་པོ་ཞིག་ཡིན་པ་དང་ཁོང་ནི་མི་གྲགས་ཀྱི་སྲས་ (བོད་གཞུང་གི་དམག་མིའི་མདའ་དཔོན་གྱི་གོ་གནས་ནི་རིམ་བཞི་ཡིན།)རེད། དེ་སྔོན་སྤྱི་ལོ་༡༩༥༡ ལོར་པེ་ཅིང་དུ་ཆིངས་ཡིག་<<དོན་ཚན་བཅུ་བདུན་>>ལ་མིང་རྟགས་བཀོད་སྐབས་བོད་ཀྱི་སྐུ་ཚབ་ཚོགས་མི་ལྔའི་ནང་གི་གཅིག་རེད། ཁོང་དམག་མི་ཡིན་པའི་དབང་གིས་སྤྱི་ལོ་༡༩༥༩ ལོའི་ཟླ་བ་གསུམ་པར་ལྷ་སའི་དོན་རྐྱེན་ཟེར་བའི་ནང་མཉམ་ཞུགས་བྱས་མེད་པ་ཡིན་སྲིད་ཀྱི་མ་རེད་ལ། དྲག་གནོན་གྱི་ལས་དབང་ནས་གཡོལ་མི་ཐུབ་པར་ཁོང་བཙོན་ཁང་ནང་མི་ལོ་ཉི་ཤུ་ཙམ་སྡོད་དགོས་བྱུང་ཡོད། རྗེས་སུ་བཙོན་ཁང་ནས་གློད་འགྲོལ་ཐོབ་རྗེས་རྒྱ་གར་ལ་ཕེབས་པ་རེད། བསམ་ཕོའི་བུ་ཆུང་བ་གཅིག་སྤྱི་ལོ་༡༩༧༠ ལོར་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་གྱི་མིང་ཐོག་ནས་ཡོངས་བསྒྲགས་ཀྱི་ཁྲིམས་བཅད་ཚོགས་འདུ་ཚོགས་ཏེ་སྲོག་ཐོག་བཏང་བ་རེད། རྒྱུ་མཚན་ནི་གཞོན་ནུ་ཁ་ཤས་མཉམ་དུ་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་རྩིས་བྱས་ཏེ་མཐར་མཐའ་མཚམས་ནས་འཛིན་བཟུང་བྱས་ཡོད་པ་རེད། སྐབས་དེ་དུས་ཁོང་ལོ་ཉི་ཤུ་ཟིན་མེད་པ་རེད་འདུག བསམ་ཕོའི་བུ་ཕྲུག་གཞན་རྣམས་ད་ལྟའང་ལྷ་སར་ཡོད་པས་འགའ་རེ་ཆབ་སྲིད་གྲོས་ཚོགས་ཀྱི་དཔོན་རིགས་དང་འགའ་རེ་ནི་ཉལ་ཐ་རིགས་བེད་སྤྱོད་བྱས་ནས་ཁྱིམ་ཚང་ཕུང་པ་ཡང་བྱུང་ཡོད། བསམ་ཕོ་ཚེ་དབང་རིག་འཛིན་ནི་སྐུ་དྲག་ཧོར་ཁང་བསོད་ནམས་དཔལ་འབར་གྱི་མ་སྤུན་གཅེན་པོ་ཡིན་པ་དང་མཚོ་སྒོ་དོན་གྲུབ་ཚེ་རིང་གི་ཨ་ཁུ་ཡིན་པ་རེད།

བརྗོད་ཡག་ལ་བསམ་ཕོ་ཚེ་དབང་རིག་འཛིན་ལ་དགག་པ་འཐབ་འཛིང་གཏོང་སྐབས་ཡར་ལངས་ཞིང་བྲན་གྱིས་སྡིངས་ཆའི་ཐོག་ཡོང་ནས་ཐེར་འདོན་དགག་པ་རྒྱབ་དགོས་པ་བརྗོད་ཡོད། དེར་བརྟེན་དེ་སྔོན་ཁོང་གི་གཡོག་པོ་གཅིག་གིས་སྡིངས་ཆའི་སྟེང་ཡར་འཛེགས་རྗེས་ཐེར་འདོན་གང་བྱེད་དགོས་མིན་མ་ཤེས་པར་བསམ་བློ་གཏོང་བཞིན་འདི་འདྲ་བརྗོད་ཡོད་པ་སྟེ། ཐེངས་གཅིག་ང་ཁྱོད་ཀྱི་སྒེའུ་ཁུང་འོག་ནས་འགྲོ་སྐབས་ཁྱོད་ཀྱིས་དགོང་མོ་རྨི་ལམ་བཏང་བའི་སྐོར་བཤད་པ་གོ་བྱུང་བས་ཁྱོད་རང་ལ་རྨི་ལམ་ག་རེ་བཏང་ཡོད་མེད་ཤོད་དགོས། གང་ལྟར་ཁྱོད་རང་ལ་རྨི་ལམ་གཅིག་བཏང་ཡོད་པས་གང་བཏང་ཡོད་མེད་བཤད་དགོས་ཟེར་འདྲི་རྩད་ཡང་ཡང་བྱས་ནས་རྨི་ལམ་གྱི་སྐོར་ལ་ཐེར་འདོན་བྱས་པར་བརྟེན་ཚོགས་རྭ་ཡོངས་ལ་འུར་སྒྲ་ཆེན་པོས་ཁེངས་ཡོད་པ་རེད།

དགག་པ་འཐབ་འཛིང་བྱ་ཡུལ་གྱི་ཚོགས་རྭ་ནས་ལྟ་དུས་སྤུས་ཁ་ལེགས་པའི་སྐད་དུང་བཞི་པོ་འདི་མངོན་གསལ་དོད་པོར་བཞག་ཡོད་པ་མཐོང་དུས་ཐེངས་འདིའི་དགག་པ་འཐབ་འཛིང་གི་ཚོགས་ཆེན་འདི་གལ་ཆེན་པོ་ཞིག་ཡིན་པ་མངོན་ཐུབ། དེར་བརྟེན་ཚོགས་འདུ་འདི་གསུང་ཆོས་རྭ་བར་ཚོགས་པ་རེད། འཐབ་འཛིང་ཕོག་མཁན་གྱི་མི་དེ་སྐེད་པ་གུག་པ་དང་མགོ་སྒུར་སྒུར་བཞག་ཡོད་ཙང་གདོང་པ་མཐོང་མི་ཐུབ་ན་ཡང་གྱོན་ཆས་ཀྱི་ཐོག་ནས་བསམ་ཕོ་ཚེ་དབང་རིག་འཛིན་ཡིན་པ་ཤེས་ཀྱི་འདུག བསམ་ཕོ་འཛིན་མཁན་དམར་སྲུང་དམག་བུ་དེ་གཉིས་པོ་ནས་གཡས་ཀྱི་ལག་པའི་ཕུ་ཐུང་ཡར་བརྫེས་པའི་མི་དེ་ནི་སྐད་གྲགས་ཡོད་པའི་ཧུར་བརྩོན་ཅན་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་རྐང་བཙུགས་རེད། གཡོན་གྱི་མི་དེ་འགའ་རེས་བརྗོད་ན་མིང་ལ་དཔལ་འབྱོར་དགའ་བ་ཟེར་བ་དང་བར་སྐོར་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་ཡིན་པ་རེད། རྗེས་སུ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བྱས་ནས་མི་ངན་པོ་ཞིག་ཡོད་པ་བརྗོད་མཁན་འདུག་ལ། ད་ལྟ་ཚེ་ལས་འདས་ཟིན་པ་རེད། ཡང་མི་འགའ་རེས་བརྗོད་པར་ཁོ་པའི་མིང་ལ་དབང་འདུས་རྡོ་རྗེ་ཟེར་བ་དང་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ཡིན་པའི་ཐོག་ཆེད་མངགས་བདེ་འཇགས་ཐད་དོ་དམ་འགན་འཛིན་བྱེད་མཁན་ཡིན་པས་ལོ་ཤས་སྔོན་འཁྲུངས་ལྷ་དབྱར་གསོལ་སྐབས་དེར་ཡོད་པའི་དགོན་ཁང་གཏོར་བཤིག་བཏང་བར་སྐྱོད་ནས་ཉིན་ཤས་སོང་བའི་རྗེས་གློ་བུར་དུ་རྐྱེན་ལམ་ལ་སོང་ཡོད་པས་འདི་ནི་རྒྱུ་འབྲས་འཁོར་བ་ཡིན་པར་ངོས་འཛིན་བྱེད་མཁན་འདུག ཡང་མི་འགའ་རེས་ཁོ་པ་ད་ལྟ་འཚོ་གནས་ཡིན་པ་དང་དེ་སྔོན་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ཡིན་པས་མ་ཚད་ཧུར་བརྩོན་ཡང་ཆེན་པོ་ཡོད་པ་དང་ཡིན་ནའི་ད་ལྟ་ཉིན་ལྟར་གླིང་སྐོར་ལ་སྐྱོད་བཞིན་ཡོད་པ་བརྗོད་མཁན་བྱུང༌། བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་གཉིས་ཀ་རྒྱལ་ཁའི་དོན་གཅོད་ཁང་གི་ཁོངས་གཏོགས་རེད། དེར་བརྟེན་ཚོགས་ཆེན་ཚུགས་པ་དང་སློབ་སྦྱོང་བྱེད་སྐབས་དོན་གཅོད་ཁང་གིས་གྲོང་མི་ཨུ་ཡོན་ལྷན་ཁང་བཞི་པོ་མཉམ་དུ་འཛོམས་ནས་ལས་དོན་སྤེལ་གྱི་ཡོད་པ་དང༌། ལྷག་པར་དུ་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་གཏོང་སྐབས་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཟུར་པའི་སྐད་ཆ་ཞིག་ལུངས་འདྲེན་ཞུས་ན། འདི་ནས་གཅིག་འཛིན་པ་དང་ཕ་ནས་གཅིག་འཛིན་ཏེ་དེ་རྗེས་ཁོང་ཚོ་མཉམ་དུ་བཞག་ནས་འཐབ་འཛིང་བྱེད་ཀྱི་ཡོད་པ་རེད་འདུག རྒྱབ་འདིར་བྲེལ་འཚུབ་ངང་སྐྱོད་མཁན་གྱི་མི་འདི་རབ་གསལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་བཀྲིས་ཚེ་རིང་རེད། མི་འདིའི་བསམ་བློ་ཧ་ཅང་གི་དམར་ལ་གཡོན་ཐལ་ཆེ་བ་ཞིག་ཡོད་པས་རྙིང་པ་བཞི་གཏོར་བ་དང་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་གཏོང་བའི་སྐབས་ཧུར་བརྩོན་ཧ་ཅང་ཆེན་པོ་ཡོད་པ་རེད། ཁོ་པའི་སྐྱེ་ཁུངས་ནི་ལག་ཤེས་མི་སྣ་ཞིག་ཡིན་པ་དང་དེ་སྔོན་ཆེད་མངགས་དགེ་འདུན་པ་ཚོའི་ཞབས་ཅག་བཟོ་མཁན་ཞིག་རེད། འགོ་ཁྲིད་བྱས་པའི་རྗེས་ལ་ཡང་ལྷམ་དང་རྩྭ་གདན་བཟོ་རྒྱུའི་ལས་ཀ་བྱེད་ཀྱི་ཡོད། སྤྱི་ལོ་༡༩༨༢ལོར་བོད་རང་སྐྱོང་ལྗོངས་ནས་སྒྲིག་འཛུགས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་རྒྱལ་སྟོན་དུས་ཆེན་ལ་སྐྱོད་མཁན་གྱི་ལྟ་སྐོར་ཚོགས་པ་རྒྱ་ནག་ནང་བཏང་བའི་ཁོངས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོའི་འགོ་གཙོ་དང་དགོན་སྡེ་དོ་དམ་ཁང་གི་འགོ་གཙོ་བཅས་ཡོད་པ་རེད། བཀྲིས་ཚེ་རིང་ཡང་དེའི་གྲས་སུ་ཚུད་ཡོད་པ་རེད་ལ། གོ་སྐབས་འདི་རགས་མཁན་གྱི་མི་འདི་ཚོ་གུང་ཁྲན་ཚོགས་པས་ཡིད་ཆེས་ཡོད་པའི་ཧུར་བརྩོན་ཅན་ཤ་སྟག་ཡིན་པ་སྨོས་མེད་ཡིན། འོན་ཀྱང་གོ་རྒྱུ་ཡོད་པ་ཞིག་ལ་བཀྲིས་ཚེ་རིང་རྗེས་སུ་ནང་ཆོས་ལ་དད་པ་ཧ་ཅང་ཆེན་པོ་ཡོད་པའི་དད་ལྡན་པ་ཞིག་ཆགས་འདུག ཡིན་ནའི་ཉིན་ཞིག་ཁོ་པ་གླིང་སྐོར་ལ་སྐྱོད་སྐབས་མོ་ཀྲས་རྡུང་ཏེ་འདས་གྲོངས་ལ་སོང་བ་རེད།

གཏམ་བཤད་སྤེལ་བཞིན་ཡོད་པའི་རྒན་མོ་འདི་རབ་གསལ་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་གྲོང་མི་ཞིག་རེད།

མགོ་ལ་ཞྭ་མོ་རིང་པོ་གཡོགས་པ་དང་བྲང་ཁོག་སྟེང་གི་ཤིང་བྱང་ཐོག་ལྷ་འདྲེ་གདོན་བགེགས་རྩ་མེད་མཐར་ཕྱིན་བཟོ་རྒྱུ་ཡིན་ཞེས་བྲིས་འདུག་པའི་མི་དེ་ནི་གསར་བྱུང་དབང་འདུས་རིན་ཆེན་རེད། གསར་བྱུང་ནི་བོད་དབུས་ཁུལ་གྱི་སྐུ་དྲག་ཅིག་རེད་ལ། དེ་སྔ་གཟིམ་ཤག་འདི་ནས་བཀའ་བློན་བཞི་ཐོན་མྱོང་བ་དེའི་ནང་གཅིག་ནི་༧རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་མཆོག་གི་དུས་སེར་སྐྱའི་བཀའ་བློན་གནང་མཁན་འདིར་སྐུ་དབང་ཧ་ཅང་ཆེན་པོ་ཡོད་པ་རེད།

ལུས་ལ་གོས་ཆེན་གྱི་དཔོན་ཕྱུག་གྱོན་པའི་གསར་བྱུང་དབང་འདུས་རིན་ཆེན་ནི་གོ་གནས་རིམ་པ་གསུམ་པ་ཡིན་པ་དང་ཞོལ་པ་ནི་ཁོང་གི་གོ་གནས་ཡིན་པས་ཕོ་བྲང་པོ་ཏཱ་ལའི་འོག་གི་སྲིད་འཛིན་འགོ་དཔོན་ཞིག་ཡིན། དེ་དང་ལྷ་སའི་མི་དཔོན་གྱི་དབང་ཆ་འདྲ་པོ་རེད། དེ་སྔོན་ལྷ་སར་བཙོན་ཁང་གཉིས་ཡོད་པ་ནས་གཅིག་ནི་སྣང་རྩེ་ཤར་དང་གཅིག་ནི་ཞོལ་པ་ལས་ཁུངས་རེད། དེའི་ནང་ནས་ཞོལ་པ་ལས་ཁུངས་ནི་ཕོ་བྲང་པོ་ཏཱ་ལའི་གཤམ་འོག་ཤར་ཆེན་ལྕོག་ལ་གནས་ཡོད་པ་དང་ཞོལ་པས་འཛིན་སྐྱོང་བྱེད་ཀྱི་ཡོད། ཡང་བར་སྐོར་ཤར་གྱི་ཝ་པ་གླིང་བརྒྱུད་དང་ཀླུ་སྒུག་བརྒྱུད་ཚང་མ་ཞོལ་པས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་རེད།

དེ་མིན་ཞོལ་པའི་ཁྱབ་ཁོངས་ནང་དབུས་གཞུང་གིས་རྫོང་ཁག་བཅོ་བརྒྱད་ཀྱི་འབྲུ་རིགས་བསྡུ་ལེན་དང་གཡར་པོ་བཏང་རྒྱུའི་ལས་དོན་ཚུད་ཡོད་པར་བརྟེན་འདྲ་པར་ཐོག་གི་གསར་བྱུང་དབང་འདུས་རིན་ཆེན་གྱི་ལག་གཡོན་པར་ཤིང་སྒམ་གྲུ་བཞི་གཉིས་འཁྱེར་ཡོད་པ་འདི་ནི་དེ་སྔ་འབྲུ་བསྡུ་ལེན་བྱེད་དུས་འབྲུ་རིགས་འཇལ་བྱེད་ཅིག་རེད། སྒལ་པར་འཁྱེར་པའི་འབོ་འདི་འབྲུ་འཇལ་སའི་འབོ་རེད། ལག་པ་གཡས་པར་འཁྱེར་པའི་རྒྱུག་པ་འདི་འབྲུ་བོགས་མར་བཏང་དུས་སྔོན་ལ་འབྲུ་འབོའི་ནང་བླུགས་ཏེ་དེ་ནས་རྒྱུག་པ་འདི་འབྲུ་ཁོད་སྙོམས་བཟོ་བྱེད་ཀྱི་ཡོ་ཆས་འབོ་རྒྱུག་རེད། འདི་ནི་བོགས་མ་བསྡུ་ལེན་བྱ་ཐབས་ཤིག་ཡིན་པས་བོད་ས་ཡོངས་ལ་ཡོངས་ཁྱབ་ཀྱིས་བེད་སྤྱོད་བཏང་གི་ཡོད་པ་རེད།

གསར་བྱུང་དབང་འདུས་རིན་ཆེན་ལ་བུ་ཕྲུག་དྲུག་ཡོད་པ་དང་ཁོང་ནི་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་ལྷ་འདྲེ་གདོན་བགེགས་རེད།་་ སྤྱི་ལོ་༡༩༧༠ ལོའམ་ ༡༩༧༡ ལོ་ལ་ཚེ་ལས་འདས་ཡོད་པ་རེད་འདུག

གསར་བྱུང་གི་གཞོགས་གཡོན་གྱི་སྐེ་ནས་འཛིན་མཁན་དཔུང་པར་དམར་སྲུང་དམག་གིས་དཔུང་རྟགས་བཏགས་པའི་མི་དེ་ནི་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྐབས་དེ་དུས་ཁྲེན་ཀོན་ཆུས་ཁོངས་ལ་སྐད་གྲགས་ཡོད་པའི་ཧུར་བརྩོན་ཅན་རྐང་བཙུགས་རེད། སྔོན་ལ་བསམ་ཕོར་འཐབ་འཛིང་བྱེད་སྐབས་ཀྱི་འདྲ་པར་ཐོག་ཐོན་ཡོད། སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༦ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ལྷ་སའི་སློབ་ཕྲུག་དམར་སྲུང་དམག་གིས་རྙིང་པ་བཞི་གཏོར་བའི་མཐོ་རླབས་ཕྱུར་བཞིན་ཡོད་པའི་སྐོར་གནས་ཚུལ་བཀོད་དུས་ཀྱང་ཁོ་པ་གླེང་མྱོང་ཡོད་པ་སྟེ། འཛུགས་སྐྲུན་ཁང་གི་བཀྲག་རྩི་གཏོང་མཁན་བཟོ་པ་རྐང་བཙུགས་ལས་ཐག་བཅད་རྗེས་ལས་ཀའི་སྒྲིག་ཆས་ཀྱང་བརྗེས་ལོང་མ་བྱུང་བ་དང་ཁྱིམ་དུའང་ལོག་ལོང་མ་བྱུང་བར་ཨམ་ཕྲག་ནང་ད་ལྟ་རང་སྤྲད་པའི་བོད་ཡིག་གི་<<མའོ་ཀྲུའུ་ཞིའི་གསུང་བཏུས་>>འདི་བཅུག་ནས་སེམས་འགུལ་ཆེན་པོའི་ངང་དམར་སྲུང་དམག་གིས་དྲིལ་བསྒྲགས་བྱེད་པ་ལ་ཉན་པར་སླེབས་ཡོད་པ་རེད། ཁོ་པས་བརྗོད་དོན་ལ་གསར་བརྗེའི་དཔའ་བོ་ཆུང་ཆུང་ཚོས་བྱས་པ་འདི་འགྲིག་འདུག་ལ་ཡག་པོ་བྱས་འདུག ང་ཚོར་མིག་དཔེ་སྟོན་ཡོད་པས་ང་ཕྱིར་ལོག་བྱས་པའི་རྗེས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་བསམ་བློ་རྙིང་པ་དང་རིག་གཞུང་རྙིང་པ། ལུགས་སྲོལ་རྙིང་པ། གོམས་གཤིས་རྙིང་པ་མཐའ་དག་ལ་འཐབ་རྩོད་ཀྱི་མེ་ལྕེ་སྤར་རྒྱུ་ཡིན་པ་འཁོད་ཡོད།

ད་ལྟའི་རྐང་བཙུགས་ནི་རྟག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ཐོག་ཐོན་བཞིན་ཡོད་པ་དང༌། ལོ་མང་རིང་གཞི་རིམ་ལ་ཁུ་སིམ་ངང་ཞབས་ཞུ་བྱེད་བཞིན་ཡོད་པའི་གུང་ཁྲན་ཚོགས་པའི་དྲུང་ཆེ་ཡག་པོ་ཞིག་ཡིན་པ་ངོ་སྤྲོད་བྱེད་བཞིན་ཡོད། མི་འགའ་རེས་དེར་བགྲོ་གླེང་བྱ་དོན་ལ། མི་འགའ་ཤས་ནི་དུས་རབས་གང་གི་ནང་དུ་ཡང་སྡིངས་ཆའི་སྟེང་གི་ཟློས་གར་པ་ཞིག་རེད། གྲལ་རིམ་འཐབ་རྩོད་བརྗོད་སྐབས་ཧུར་བརྩོན་ཆེན་པོ་ཡོད་པ་དང་གྲལ་རིམ་འཐབ་རྩོད་མི་བརྗོད་པའི་སྐབས་ལ་ཡང་ཧུར་བརྩོན་ཆེན་པོ་ཡོད། དེར་བརྟེན་ཁོ་པ་ག་དུས་ཡིན་རུང་དོ་སྣང་བྱེད་ཡུལ་ཞིག་དང་དུས་རབས་ཀྱི་གོམ་སྟབས་དང་མཉམ་དུ་སྐྱོད་ཐུབ་མཁན་གྱི་ཁ་དྲག་དབང་ཤེད་ཅན་གྱི་མི་སྣ་ཞིག་ཡིན་པ་རེད།

སྤྱི་ལོ་༢༠༠༣ལོའི་བོད་ཀྱི་ལོ་གསར་གོང་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནང་གུས་མོར་རྐང་བཙུགས་ཐུག་བྱུང༌། ཁོ་པ་དང་དེ་མིན་གྱི་རིག་གནས་གསར་བརྗེའི་སྐབས་དབང་ཤུགས་ཡོད་དུས་གང་བྱུང་བྱས་པར་བརྟེན་ད་ཆ་བཅའ་དྲིར་དང་ལེན་མི་བྱེད་མཁན་གྱི་ཧུར་བརྩོན་ཅན་མི་སྣ་དང་མི་འདྲ་བར་དེ་ལས་ལྡོག་སྟེ་དགའ་པོའི་ངང་བཅའ་དྲིར་དང་ལེན་བྱས་པ་དང་འདྲ་པར་ཡང་རྒྱབ་བཅུག་པ་མ་ཟད། ད་དུང་སྐད་ཆ་བཤད་སྟངས་ཡང་དུས་བབ་དང་བསྟུན་ནས་རྒྱུན་ཆད་མེད་པར་བཤད་དེ་མཚམས་རེ་ཡང་མཚོན་བྱེད་གསུམ་ཟེར་བ་དང་ཕྱུག་པོའི་ལམ་དུ་སྐྱོད་པ་ཟེར་བའི་ཐ་སྙད་གསར་པ་ཁག་བེད་སྤྱོད་བྱེད་ཀྱི་འདུག ད་དུང་ཡང་ཁོ་པ་རང་ཉིད་ནི་སྤྱི་ཚོགས་རྙིང་པའི་ནང་ལྷ་བྲིས་པ་སྐྱོ་པོ་ཞིག་ཡིན་པ་ནན་བརྗོད་བྱེད་ཀྱི་འདུག རིག་གནས་གསར་བརྗེའི་སྐོར་བཤད་ཀྱང་སྐད་ཆར་འདེམས་སྒྲུག་རྒྱབ་པ་དང་གཡོལ་ཐབས་བྱེད་ཀྱི་ཡོད་པ་དེའི་ཐོག་ནས་ཁོ་པ་ནི་གཞི་རིམ་གྱི་ལས་བྱེད་དཀྱུས་མ་ཞིག་མིན་པ་མཐོང་ཐུབ་ཀྱི་འདུག

བཅར་འདྲི་བྱེད་སྐབས་གུས་མོས་རྐང་བཙུགས་ལ་འདྲ་པར་དེ་ཚོ་མིག་སྟོན་དགོས་ཡོད་མེད་བསམ་བློ་བཏང་བ་ཡིན། དཔའ་ངར་ཆེར་སྐྱེད་ཀྱི་དམར་སྲུང་དམག་འདི་ཏག་ཏག་རང་ཉིད་གཞོན་ནུའི་དུས་ཀྱི་རྣམ་པ་ཇི་མ་ཇི་བཞིན་ཡོད་པ་འདི་ཁོང་གིས་མཐོང་བའི་རྗེས་མྱོང་ཚོར་གང་འདྲ་བྱུང་ཡོད་མིན་ཤེས་འདོད་ཆེན་པོ་བྱུང༌། ཡང་བསམ་བློ་གཞན་ཞིག་འཁོར་ནས་རྐང་བཙུགས་ད་ལྟ་ཡང་སྔར་རྒྱུན་བཞིན་གྲོང་མི་ཨུ་ཡོན་ལྷན་ཁང་གི་གུང་ཁྲན་ཚོགས་པའི་དྲུང་ཆེ་ཡིན་པས་གཞན་གྱིས་ཁོང་གི་མདུན་ལ་ཁོང་ཉིད་ཀྱི་དེ་སྔའི་གནས་ཚུལ་ཐེར་འདོན་བྱ་རྒྱུར་ཕལ་ཆེར་མོས་མཐུན་ཡོད་ཀྱི་མ་རེད་སྙམ་བྱུང༌། དངོས་གནས་བྱས་ན་རྒྱུ་མཚན་མང་པོ་བཙལ་ནས་ཁ་གཡར་བྱས་ན་འགྲིག་གི་རེད། ཡིན་ནའི་འདི་ནི་གཟི་བརྗིད་ཞིག་མ་ཡིན་པས་མཐར་ཁོ་པར་འདྲ་པར་དེ་དག་གིས་ཕོག་ཐུག་ཡོང་གི་རེད་བསམ་ནས་མིག་སྟོན་མེད། གོ་ཐོས་ལ་ཁོ་པ་ཡང་ནང་ཆོས་ལ་དད་པ་བྱེད་མཁན་ཞིག་ཆགས་ཡོད་པ་དང་ལྐོག་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བྱེད་ཀྱི་ཡོད་པ་རེད་འདུག

མི་སྣའི་ཆས་གོས་དང་མཐའ་སྐོར་གྱི་ཁོར་ཡུག་ལ་ལྟ་དུས་དགག་པ་འཐབ་འཛིང་གི་ཚོགས་རྭ་འདི་ལྷ་སའི་གྲོང་ཁྱེར་ནང་ལ་མིན་པར་ཉེ་འགྲམ་གྱི་གྲོང་གསེབ་ཅིག་ལ་ཡིན་པ་གསལ་པོ་རེད་བཞག

དེ་ནི་སྤྱི་ལོ་༡༩༦༦ ལོའི་ཟླ་བ་བརྒྱད་པའི་ཉིན་མོ་གང་འདྲ་ཞིག་ཡིན་མིན་ཤེས་ཀྱི་མི་འདུག མགོ་བོ་སྒུར་སྒུར་བྱས་ནས་དགག་པ་ཕོག་བཞིན་པའི་རྒན་མོ་ཁོང་གི་ལག་པ་གཅིག་ལ་མཆོད་གཤོམ་ཆུང་ངུ་(དེའི་ནང་སྲུང་མ་དཔལ་ལྡན་ལྷ་མོ་དང་མགོན་པོ་སོགས་ཀྱི་ཚྩའི་སྐུ་འདྲ།)ཞིག་འཁྱེར་པ་དང་ལག་པ་གཅིག་ལ་ཌ་མ་རུ་ཞིག་འཁྱེར་འདུག འགའ་རེས་ཁོང་ཕལ་ཆེར་ལྷ་འབེབས་མཁན་ཡིན་པ་བརྗོད་ཀྱི་འདུག

ཞིང་ཁུལ་དང་འབྲོག་ཁུལ་ནས་བརྗོད་ན། དེ་འདྲའི་མི་སྣ་རྟག་ཏུ་ས་གནས་དེ་གའི་ཡིད་བརྟན་བཅོལ་སའི་མཚོན་རྟགས་ཤིག་དང་། ཁོང་ཚོས་ནུས་པ་ཧ་ཅང་ཆེན་པོ་སྟོན་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་པས་མང་ཚོགས་དཀྱུས་མ་ཚོའི་སེམས་པའི་ནང་བརྟན་ཞིང་གཡོ་བ་མེད་པའི་འདུ་ཤེས་ཤིག་ཆགས་ཡོད། ཡིན་ནའི་གསར་བརྗེས་ཁོང་ཚོ་ནི་དགག་པ་བྱ་ཡུལ་གྱི་དམིགས་འབེན་ལ་རྩིས་ཏེ་སྣང་ཆུང་གི་སྐད་ཆ་སྣ་ཚོགས་བེད་སྤྱོད་བཏང་ནས་དམའ་འབེབས་བྱེད་ཀྱི་ཡོད། མཐར་གཏུགས་ནས་ཞུས་ན་དེ་སྔོན་སེམས་ཀྱི་གཏིང་ནས་ཁོང་ཚོར་སྐྱབས་བཅོལ་བྱེད་མཁན་གྱི་མང་ཚོགས་དཀྱུས་མ་ཚོའི་ཁྲོད་ཁོང་ཚོ་ནི་མགོ་སྐོར་གཏོང་མཁན་ཞིག་དང་ཁྲག་འཐུང་སྲིན་པོ་ཞིག འགྲོ་བ་མི་ལ་གནོད་པའི་སྲིན་བུ་ཞིག་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། འདི་ལྟ་བུའི་ཡོངས་བསྒྲགས་ཀྱི་དགག་པ་འཐབ་འཛིང་བྱས་པ་བརྒྱུད་མི་སྣ་དེ་རིགས་ཀྱིས་ཚབ་མཚོན་བྱེད་པའི་སྲོལ་རྒྱུན་རིག་གཞུང་ལ་འཕྱ་སྨོད་དང་རྩ་མེད་བཟོ་རྒྱུའི་ཐོག་ཤུགས་རྐྱེན་ངེས་ཅན་བྱུང་ཡོད་པ་རེད།

འདི་ནི་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་དགག་པ་འཐབ་འཛིང་གི་ཚོགས་རྭ་དངོས་འདི་རེད། ས་ཆ་འདི་བསྟན་རྒྱས་གླིང་ཉེ་འགྲམ་གྱི་སྲང་ལམ་ཞིག་གི་ཐོག་ལ་རེད་འདུག ཞྭ་མོ་རིང་པོ་གཡོགས་པ་དང་གདོང་པར་རི་མོ་བྲིས་པའི་མི་གསུམ་པོ་འདི་ལྷ་སའི་ནང་སྐད་གྲགས་ཡོད་པའི་དམངས་ཁྲོད་ཀྱི་སྨན་པ་ནག་རོང་ཤག་གི་ནང་མི་ཚོ་རེད་ལ། བར་སྐོར་ཤར་ངོས་སུ་གནས་ཡོད། དེར་བརྟེན་ཁོང་ཚོའི་སྐེ་ལ་ལྗིད་ཏིག་ཏིག་གི་རས་ཁུག་ཆུང་ཆུང་མང་པོ་བསྐུར་ཡོད་པ་རེད། རས་ཁུག་ཆུང་ཆུང་དེ་ཚོ་ནི་བོད་ལུགས་ཀྱི་སྨན་པའི་སྲོལ་རྒྱུན་ནང་ཆེད་མངགས་སྨན་བླུག་སའི་ཁུག་མ་ཡིན་པས་དེར་སྨན་ཁུག་ཟེར་གྱི་ཡོད། རྒྱུན་དུ་སྨན་ཁུག་རེ་རེའི་སྟེང་ཐུར་མ་ཆུང་ཆུང་རེ་བཏགས་ཀྱི་ཡོད། བགྲེས་སོང་འདིའི་སྐེ་ལ་རྒྱ་གར་གྱི་དངུལ་ལོར་ཆག་པ་མང་པོ་མདུན་དུ་བསྐུར་ཡོད་པ་དང་འདི་ནི་དེ་སྔོན་ཁོང་རྒྱ་གར་དུ་ཕེབས་སྐབས་ནད་པས་སྨན་རིན་ཕུལ་པ་ཡིན་པ་རེད།

བགྲེས་སོང་ཁོང་ལ་ལྷ་སའི་མི་ཚོས་ནག་རོང་ཤག་གི་ཨེམ་ཆེ་ལགས་ཡང་ན་ནག་རོང་ཤག་གི་སྐུ་ཞབས་མཚོ་རྒྱལ་རིག་འཛིན་ལྷུན་གྲུབ་དཔལ་འབྱོར་ཞུ་ཡི་ཡོད། ཁོང་སྨན་བཅོས་གནང་རྒྱུའི་ཐད་ཐབས་མཁས་ཡོད་པ་མ་ཟད། ད་དུང་སྒེར་གྱིས་གཉེར་བའི་སློབ་ཁང་ནང་སྨན་བཅོས་དང་འབྲེལ་ཡོད་སློབ་ཁྲིད་གནང་གི་ཡོད། དེ་སྔོན་བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བ་མེད་པའི་སློབ་གྲྭའི་ནང་གཞི་རྒྱ་ཆེ་ཤོས་དང་སློབ་གསོ་ཡག་ཤོས་ཀྱི་སྒེར་གྱི་སློབ་གྲྭ་ཞིག་ཡིན་པར་བརྟེན་སྐུ་དྲག་མང་པོ་ཆུང་དུས་འདིར་སློབ་སྦྱོང་བྱ་མྱོང་ཡོད། སྤྱི་ལོ་༡༩༥༩ ལོར་ལྷ་སའི་དོན་རྐྱེན་ཟེར་བ་བྱུང་རྗེས་སྒེར་གྱི་སློབ་གྲྭ་མེད་པ་བཟོས་ཤིང༌། ཁོང་གི་ཁྱིམ་རྒྱུད་མི་རབས་ལྔ་སྨན་པ་ཡིན་པ་དང་མི་རབས་རེ་རེ་བཞིན་སྨན་པའི་ལག་རྩལ་མཐོ་པོ་ཡོད་པ་རེད། ཁོང་གི་པཱ་ལགས་ཀྱིས་དེ་སྔ་༧རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པའི་བླ་སྨན་པ་གནང་མྱོང་བ་དང་ཨ་མ་ལགས་ནི་སྐུ་དྲག་རྨར་ལམ་པའི་བུ་མོ་རེད། ཁོང་ལ་བུ་ཕྲུག་ཁྱོན་དྲུག་ཡོད།

འདྲ་པར་ཐོག་བགྲེས་སོང་ཁོང་སྐྱོར་མཁན་གྱི་ན་གཞོན་བུ་མོ་འདི་ཁོང་གི་བུ་མོ་གསུམ་པ་འཕྲིན་དཔལ་ཡིན། ཁོང་ནས་ཀྱང་ནད་པར་ལྟ་ཤེས་ཀྱི་ཡོད། ད་ལྟའང་བར་སྐོར་ཁྲོམ་ལམ་ནང་བཞུགས་ཀྱི་ཡོད། སྤྱི་ལོ་༢༠༠༣ ལོར་དགུང་ལོ་དྲུག་བཅུ་རེ་དྲུག་ལ་ཕེབས་པའི་ཁོང་ནས་གུས་མོའི་བཅར་དྲིར་དང་ལེན་གནང་བྱུང༌། ཁོང་གིས་འདྲ་པར་ལ་མཛུབ་མོ་བཙུགས་བཞིན་གསུངས་པར། སྐབས་དེ་དུས་ང་རང་ཕྲུ་གུ་བུ་མོ་དེ་སྐྱེས་ཏེ་ཉིན་གསུམ་བཞི་ཙམ་ལས་འགྲོ་ཡི་མེད་པས་ཁྲག་ཐག་ཀྱང་ཆོད་མེད། ད་དུང་བཙན་ཤེད་ཀྱིས་སྐེད་པ་སྒུར་སྒུར་བྱས་ཏེ་དགག་པ་དང་ལེན་བྱེད་སྐབས་ས་ལ་ཁྲག་འཁྱིལ་བ་མཐོང་བྱུང༌། ངས་དཀོན་མཆོག་གསུམ་ལ་མནའ་སྐྱེལ་ཆོག སྐབས་དེ་དུས་དེ་ཚོར་སྙིང་རྗེ་སྤུ་ཙམ་མེད་པར་ཁོ་པ་ཚོས་ང་ཚོ་ཁྲོམ་སྐོར་ལ་ཁྲིད་པ་དང༌། ད་དུང་ང་ཚོར་མ་ཎི་ལྷ་ཁང་(སྣང་རྩེ་ཤར་གྱི་མདུན་ངོས་ལ་ཡོད།)གཏོར་དགོས་པའི་བཙན་ཤེད་བཏང་བྱུང༌། མི་དེ་ཚོ་ནི་ཧྥ་ཤི་སི་དང་གཅིག་པ་རེད་བཞག

བགྲེས་སོང་གི་གཡོན་ངོས་སུ་ཡོད་པའི་སྐྱེས་པ་འདི་ཁོང་གི་བུ་གཉིས་པ་ཀུན་འགྱུར་རེད། ལོ་ཤས་སྔོན་ལ་ལྷ་ས་ནས་རྒྱ་གར་ལ་ཕེབས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་སྨན་པ་གནང་ཡོད། རྗེས་སུ་སྙུང་སྟེ་ཚེ་ཟིན་མེད་པ་རེད་འདུག བགྲེས་སོང་ཁོང་གི་དེ་མིན་བུ་ཕྲུག་བཞི་པོ་ཡང་སྨན་པ་རེད། འགའ་རེ་སྨན་རྩིས་ཁང་ལ་ཡོད་པ་དང་འགའ་རེ་སྒེར་གྱི་སྨན་བཅོས་ཁང་བཙུགས་ཏེ་སྨན་བཅོས་གནང་བཞིན་ཡོད། བགྲེས་སོང་ཁོང་ལ་རིག་གནས་གསར་བརྗེའི་སྐབས་ཉེས་རྡུང་དྲག་པོ་ཕོག་པར་བརྟེན་ཡུན་རིང་ཉལ་སར་ལུས་ནས་སྤྱི་ལོ་༡༩༧༩ལོར་སྐུ་ཚེ་ཟིན་མེད་པ་རེད། དེ་དུས་དགུང་ལོ་བརྒྱད་བཅུ་བརྒྱ་གཉིས་ལ་ཕེབས་ཀྱི་ཡོད། ཁོང་དགོངས་པ་རྫོགས་པའི་ཉིན་མོ་འདིར་ཁོང་གིས་ད་དུང་ནད་པ་བཅུ་བདུན་ལ་ན་ཚ་གཟིགས་ཡོད་པ་རེད་འདུག

འདྲ་པར་ཐོག་འབོད་ཚིག་སྒྲོགས་བཞིན་ཡོད་པའི་མི་ཚོགས་ནང་གཡས་ངོས་ཀྱི་ཟུར་ལ་མིག་ཤེལ་རྒྱབ་པ་དང་ཞྭ་མོ་གྱོན་པའི་སྐྱེས་པ་འདིར་བློ་བཟང་ཟེར་གྱི་ཡོད་ཅིང་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་རེད། དེ་སྔོན་ཡབ་གཞིས་གླང་མདུན་གཟིམ་ཤག་གི་ཚེམ་བཟོ་བ་ཡིན་པ་རེད། (ཁོ་པའི་སྐོར་རྗེས་སུ་ད་དུང་བརྗོད་ཡོད།) མིག་ཤེལ་ནག་པོ་རྒྱབ་སྟེ་ལག་པར་རྒྱུག་པ་དང་ཐ་མག་འཁྱེར་བའི་སྐྱེས་པ་འདིའི་མིང་ལ་བློ་བཟང་རྒྱ་མཚོ་ཟེར་བ་དང་ཨ་མདོ་བ་ཡིན་པས་སྐབས་དེ་དུས་ཁོ་པ་ནི་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་འགན་འཛིན་རེད། ནག་རོང་ཤག་ལ་སྔོག་བཤེར་བྱ་སྐབས་ཁོ་པ་ཨང་དང་པོར་རྒྱུགས་ཡོང་ནས་སྟ་རེས་སྒམ་དང་ཆ་སྒམ་གྱི་སྒོ་ལྕགས་གཏོར་ནས་ཕན་མེད་བཟོས་ཏེ་འདིའི་ནང་གི་དངོས་པོ་ཡོད་ཚད་འཕྲོག་བཅོམ་གཙང་མ་བྱས་ཡོད། ཁོ་པས་ད་དུང་ལྷ་འདྲེ་གདོན་བགེགས་ཟེར་བ་ཚོར་མིང་འདོགས་རྒྱབ་པ་དང་ཁོང་ཚོའི་གདོང་པར་གང་བྱུང་གིས་རི་མོ་བྲིས་ཀྱི་ཡོད། རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་ཁོ་པ་ཨ་མདོར་ཕྱིར་ལོག་བྱས་ནས་ད་ལྟ་ཚེ་ལས་འདས་ཟིན་བཞག

ཀུན་འགྱུར་གྱི་རྒྱབ་ལ་ཡོད་པའི་བོད་ཆས་གྱོན་པའི་བུད་མེད་འདིའི་མིང་ལ་ལྷག་པ་ཟེར་གྱི་ཡོད། ཁོ་མོའི་སྐོར་ལ་དགོད་བྲོའི་གནས་ཚུལ་འདི་འདྲ་ཞིག་ཡོད་པ་ནི་མའོ་ཙེ་ཏུང་ཚེ་འདས་སྐབས་གྲོང་མི་ཨུ་ཡོན་ལྷན་ཁང་གི་མྱ་ངན་ཚོགས་འདུ་ཚུགས་སྐབས་བུད་མེད་དེས་ཚོད་མེད་ངུས་པ་དང་དེ་ནས་ས་ལ་འགྱེལ་ཏེ་དྲན་པ་ཐོར་བ་ལྟར་ཆགས་ཡོད་པ་ཡིན་རུང་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒོ་འདོན་པ་ཐག་ཁོ་མོས་ཕར་ལྟ་ཚུར་ལྟ་བྱས་ཏེ་མི་ཚོས་དོ་སྣང་བྱེད་མཁན་མེད་པ་རེད་སྙམ་ནས་རྐུབ་ཀྱི་ཐལ་རྡུལ་བརྡེབ་བརྡེབ་བཏང་ཞིང་མགྱོགས་པོ་རང་ཁྱིམ་དུ་ལོག་ཡོད་པ་རེད།

དེ་མིན་དགག་པ་འཐབ་འཛིང་གི་ཚོགས་རྭའི་ཕྱི་ལ་བཅིངས་འགྲོལ་དམག་གི་དམག་མི་ཞིག་དེར་བསྡད་ཡོད་དམ་ཡང་ན་ལམ་རྒྱུད་བྱེད་མཁན་ཞིག་ཡིན་ནམ།

ལོ་རབས་ལྔ་བཅུའི་ནང་སྤོམ་མདའ་ཚང་ནས་ལྷ་སའི་སྐྱིད་ཆུའི་འགྲམ་གྱི་སྤོ་བོ་གླིང་ཁའི་བརྒྱུད་ལ་སྡོད་ཁྱིམ་ཁང་པ་ཆེན་པོ་ཞིག་གསར་རྒྱག་བྱས་ཡོད་པར་བརྟེན་སྤོམ་མདའ་སྟོབས་རྒྱལ་ནི་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་ཁུངས་ཀྱི་ལྷ་འདྲེ་གདོན་བགེགས་ཆགས་ཡོད་པ་རེད། དེར་བརྟེན་ངེས་པར་དུ་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་དགག་པ་འཐབ་འཛིང་མྱོང་དགོས་ཀྱི་ཡོད། འདྲ་པར་འདིའི་ཐོག་ས་སྐྱ་འབར་མོའི་ལྷ་ཆས་གཞན་པ་ཞིག་གྱོན་ཡོད་པ་དེའང་སྤོམ་མདའ་སྟོབས་རྒྱལ་རེད་འདུག ལྟ་དུས་ས་སྐྱ་འབར་མོར་ལྷ་ཆས་དཀར་ནག་གཉིས་ཡོད་པ་(འགའ་རེས་དཀར་པོ་མ་ཡིན་པར་ཟིང་དཀར་ཡིན་པ་བརྗོད་ཀྱི་འདུག)རེད། བཤད་ཡག་ལ་གྱོན་ཆས་འདི་ཧ་ཅང་ཆུང་ཞིང་ཕྲ་བ་ཞིག་ཡོད་པར་བརྟེན་གཟུགས་པོ་རྒྱག་པ་ཡོད་པའི་སྤོམ་མདའ་སྟོབས་རྒྱལ་གྱི་ལུས་པོར་དམ་དྲགས་ནས་ལྟ་དུས་བསྟན་བཤིག་ཚ་པོ་འདུག སྤོམ་མདའ་སྟོབས་རྒྱལ་རྒན་འཁོགས་གང་ཙམ་ཆགས་ཡོད་པ་མངོན་གྱི་འདུག་ལ་ཁོང་ཧ་ཅང་ཡིད་ཐང་ཆད་པ་ལྟ་བུ་འདུག

འདྲ་པར་ཐོག་གི་ཁོར་ཡུག་འདི་དང་མཚོ་སྒོ་དོན་གྲུབ་ཚེ་རིང་གཅིག་པུར་འཐབ་འཛིང་བྱེད་སའི་ཁོར་ཡུག་དེ་འདྲ་པོ་འདུག་ལ། ཁྲོམ་གཞུང་སྲང་ལམ་ཞིག་གི་ཐོག་རེད་འདུག སྤོམ་མདའ་སྟོབས་རྒྱལ་གྱི་སྐེ་ནས་འཛིན་མཁན་གྱི་བུད་མེད་དེར་འགའ་རེས་མིང་ལ་ཚེ་སྒྲོལ་མ་ཟེར་གྱི་ཡོད་པ་བརྗོད་བྱུང༌། གོང་གི་རྡོ་རྗེ་ཕག་མོར་འཐབ་འཛིང་བྱ་སྐབས་ཀྱི་འདྲ་པར་ཐོག་ཐོན་མྱོང་ཡོད།

ཞྭ་མོ་རྩྭ་ཞྭ་གྱོན་པའི་སྐྱེས་པ་འདི་སྐབས་དེ་དུས་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་མིང་ལ་ཧྭ་པིའི་ཟེར་གྱི་ཡོད། མི་ཚོས་གོམས་གཤིས་ཆགས་པ་ལྟར་ཁོ་པར་ཀོ་ཀོ་ཧྭ་པིའི་ཟེར་གྱི་ཡོད། ད་ལྟ་ཚེ་ལས་འདས་ཟིན། ཁོ་པ་ནི་ཁ་ཆེ་ཞིག་ཡིན་པ་དང་དངོས་གནས་བྱས་ན་རྒྱ་ཁ་ཆེ་ཞིག་རེད། ལྷ་སར་ཁ་ཆེའི་ཡོང་ཁུངས་མི་འདྲ་བ་དང་སྡོད་གནས་མི་འདྲ་བའི་ཐོག་ནས་ཁག་གཉིས་ལ་དབྱེ་ཡོད་པ་སྟེ་གཅིག་ནི་ཕྱི་རྒྱལ་ནས་ཡོང་མཁན་གཙོ་བོ་བལ་ཡུལ་དང་རྒྱ་གར་ཀ་ཤི་མིར་ས་ཁུལ་ནས་ཡོང་བའི་ཁ་ཆེ་ལ་ཀ་ཤི་མིར་ཁ་ཆེ་ཟེར་བ་དང་མང་ཆེ་བ་བར་སྐོར་ནང་གནས་སྡོད་བྱེད་ཀྱི་ཡོད། དེ་མིན་ཁག་ཅིག་ནི་རྒྱ་ནག་ཟི་ཁྲོན་དང་ཧྲན་ཞི། ཡུན་ནན་བཅས་ནས་ཡོང་མཁན་ལ་རྒྱ་ཁ་ཆེ་ཟེར་གྱི་ཡོད། ཁོང་ཚོ་ཧ་ལམ་ཚང་མ་ཝ་པ་གླིང་རྒྱུད་ལ་གནས་སྡོད་བྱེད་ཀྱི་ཡོད། ལྷ་སའི་ཁ་ཆེ་ཚོ་རིག་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་ནི་བོད་པ་དང་བསྡུར་ན་ཅུང་གུ་ཡངས་ཙམ་བྱུང་ཡོད། རྒྱུ་མཚན་ནི་ལྷ་སར་ཡོད་པའི་བལ་པོའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་ཤིག་ཡོད་པའི་དབང་གིས་ཡིན་པ་རེད། སྤྱིར་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁ་ཆེའི་ཁོངས་ཀྱི་ལྷ་ཁང་གི་ཆོས་ཕྱོགས་བྱེད་སྒོར་ཤུགས་རྐྱེན་གང་ཐེབས་མེད། འོན་ཀྱང་ཝ་པ་གླིང་རྒྱུད་ཀྱི་ཁ་ཆེ་ཚོ་རིག་གནས་གསར་བརྗེའི་ནང་ཞུགས་ཡོད་པ་མ་ཟད། ད་དུང་ཁོང་ཚོའི་ལྷ་ཁང་ཡང་གཙུག་ལག་ཁང་གཏོར་བའི་ཉིན་མོ་དེར་དམར་སྲུང་དམག་དང་གསར་བརྗེའི་མང་ཚོགས་ཀྱིས་ནང་དུ་འཛུལ་ཏེ་གཏོར་བཤིག་བཏང་ཡོད་པ་བརྗོད་མཁན་འདུག (ཡིན་ནའི་ཁ་ཆེའི་ལྷ་ཁང་ནང་ཕྱོགས་བཞི་ཁག་ཚང་མ་གྲང་ལྷང་ལྷང་གིས་གཏོར་ཡག་གང་ཡང་མེད་པ་ལྟ་བུ་འདུག་པས་གྱང་སྟེང་ལ་གསར་རྗེའི་འབོད་ཚིག་འགའ་ཞིག་བྲིས་ཏེ་ཕྱིན་འདུག) འོན་ཀྱང་རྗེས་སུ་ཁ་ཆེ་ལྷ་ཁང་ལ་གཏོར་བཤིག་བཏང་ཡོད་པ་རེད། བརྗོད་ཡག་ལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་ཅན་བོད་པ་ཡོད་པ་རེད་འདུག་ལ་ཁ་ཆེ་ཡང་ཡོད་པ་རེད་འདུག ཡིན་ནའི་གཏོར་བཤིག་ཚབས་ཆེན་འདི་འདྲ་བྱུང་མེད་པ་རེད། གང་ཡིན་ཞུས་ན། ཁ་ཆེའི་ལྷ་ཁང་ནང་ལ་གཏོར་བཤིག་གཏོང་ཡག་གི་དངོས་པོ་གང་ཡང་མེད་པས་རེད་འདུག ཁ་ཆེའི་ལྷ་ཁང་གི་ཕྱག་འཚལ་རྒྱབ་ས་དེར་ཚོགས་འདུ་ཚུགས་ས་དང་གཞས་བཏང་ས། ཞབས་བྲོ་རྒྱབ་སའི་རྭ་བ་བྱས་ཡོད། རྗེས་སུ་ཝ་པ་གླིང་མི་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་བྱས་ཡོད། ཡང་ཁ་ཆེའི་ཨཱ་ཧོང་ལ་ཏཱ་ལའི་བླ་མ་ཆུང་བ་ཟེར་བརྗོད་ནས་དགག་པ་འཐབ་འཛིང་དང་ཁྱིམ་བསྔོག་བཤེར་བྱས་ཡོད་པ་རེད།

གསུང་ཆོས་རྭ་བའི་མདུན་ངོས་སུ་སྐབས་འཕྲལ་བཟོས་པའི་སྡིངས་ཆའི་སྒང་བཙན་ཤེད་ངང་ལངས་བཅུག་ནས་མང་ཚོགས་ལ་སྟོན་པའི་ལྷ་འདྲེ་གདོན་བགེགས་གསུམ་པོའི་ནང་ནས་གཡས་ངོས་ཀྱི་སྣབས་རྟུག་འཛར་འཛར་དུ་ཡོད་པ་འདི་བསམ་ཕོ་ཚེ་དབང་རིག་འཛིན་དང་དཀྱིལ་གྱི་མེ་མདའི་ཤུབ་སྟོང་པ་འཁུར་ནས་ཡོད་པ་འདི་མཚོ་སྒོ་དོན་གྲུབ་ཚེ་རིང་རེད། ལྟ་དུས་ཁོང་གཉིས་ཀྱི་ཆ་ལུགས་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག་པས་དགག་པ་འཐབ་འཛིང་བྱེད་ཡུལ་གཞན་ཞིག་ལ་ཡིན་པ་གསལ་པོ་རེད། བགྲེས་སོང་བསམ་ཕོ་ནས་ཤོག་བུས་བཟོས་པའི་ཞྭ་མོ་རིང་པོ་གྱོན་ཡོད་པ་དང་མཚོ་སྒོ་ཡི་རྒྱབ་མདུན་གཉིས་ཀར་ཡིག་ཆེན་ཚགས་པར་སྦྱར་འདུག་ལ། མགོའི་སྟེང་གི་ཞྭ་མོ་རིང་པོའི་ཐོག་ལ་ངན་དགུ་ཚང་བའི་གསར་བརྗེའི་ངོ་ལོག་པ་མཚོ་སྒོ་དོན་གྲུབ་ཚེ་རིང་རྩ་མེད་མཐར་ཕྱིན་བཏང་དགོས་ཟེར་བྲིས་འདུག ཁོང་གཉིས་ཀྱི་ཆ་ལུགས་འདི་ཆ་ཚང་བ་ཞིག་མ་ཡིན་པར་གང་བྱུང་གཡོགས་ཡོད་པ་ཞིག་ཡིན་རུང་གང་ལྟར་བོད་ཀྱི་གཞུང་རྙིང་པའི་དཔོན་རིགས་ཀྱི་ཆ་ལུགས་ཞིག་ཡིན་པ་ལས་ཡང་གཡོན་ངོས་ཀྱི་མི་ཨ་ཙ་ར་ལྟ་བུ་དང་འདྲ་ཡི་མེད། འདི་ནི་ཕལ་ཆེར་གཞུང་རྙིང་པའི་དཔོན་རིགས་མ་ཡིན་པ་དང་དགེ་འདུན་ཡང་མ་ཡིན་པའི་ཚོང་པ་ཞིག་ཡིན་པའི་ངོས་ནས་དེའི་ངོ་བོ་ཐེར་འདོན་བྱེད་ཐུབ་པའི་གྱོན་ཆས་ཤིག་འཚོལ་མ་ཐུབ་པར་བརྟེན་ཁོང་གི་ཁྱིམ་ཚང་གི་ཆོས་ཁང་ནང་ནས་སྲུང་མའི་སྐུ་གཟུགས་སྟེང་གི་ན་བཟའ་ཕུད་དེ་ཁོང་ལ་གཡོགས་ཡོད་པ་རེད།

ཁོང་ནི་བོད་ལ་སྐད་གྲགས་ཡོད་པའི་ཁམས་པའི་ཚོང་པ་ཆེན་པོ་སྤོམ་མདའ་ཚང་གི་ནང་མི་སྤོམ་མདའ་སྟོབས་རྒྱལ་ཡིན་ཞིང། ཁོང་གི་ཁྱིམ་རྒྱུད་ལ་དེ་སྔོན་ས་སྐྱའི་འབར་མོ་ཞིག་ཐོན་མྱོང་ཡོད་པ་དང་དེ་ནས་ཁྱིམ་ཚང་གི་སྲུང་མར་བརྩིས་ཏེ་གསོལ་གྱི་ཡོད་པ་བརྗོད་མཁན་བྱུང༌། དེར་བརྟེན་སྤོམ་མདའ་སྟོབས་རྒྱལ་ལ་བཙན་ཤེད་ཀྱིས་འབར་མོའི་ཆས་རང་འགྲིག་རྐང་ལག་ཆ་ཚང་བའི་གྱོན་ཆས་ཕྲ་བ་དེ་གཟུགས་པོར་དམ་པོ་ཡོད་པ་ཞིག་གྱོན་བཅུག་འདུག ཡང་བྲང་ཁོག་སྟེང་ཐུགས་གསལ་མེ་ལོང་གཉིས་དང་ནུ་འབུར་གཉིས། མིག་རིལ་དབྱིབས་ཅན་གྱི་སྒོར་མོ་གསུམ་བཅས་བསྐུར་ཡོད་པ་རེད་འདུག ཁོང་གི་ཞྭ་མོའི་སྟེང་ལ་ངན་དགུ་ཚང་བའི་དེང་སྐབས་ཀྱི་གསར་བརྗེའི་ངོ་ལོག་པ་སྤོམ་མདའ་སྟོབས་རྒྱལ་རྩ་མེད་མཐར་ཕྱིན་བཟོ་དགོས་ཟེ་བྲིས་ཡོད་པ་དང་བྲང་ཁོག་མདུན་གྱི་ཡིག་ཆེན་ཚགས་པར་ཐོག་ལ་ཡང་དེ་ལྟར་ནང་དོན་གཅིག་པ་བྲིས་འདུག

སྤོམ་མདའ་སྟོབས་རྒྱལ་ལ་ད་དུང་གཅེན་པོ་གཉིས་ཡོད་པ་སྟེ་སྤོམ་མདའ་ཡར་འཕེལ་དང་སྤོམ་མདའ་རབ་དགའ་བཅས་སྤུན་རྒན་གཞོན་གསུམ་ནི་ཆབ་སྲིད་དང་དམག་དོན། ཚོང་ལས་བཅས་གཅིག་ལྕོག་གི་ཕུལ་བྱུང་མི་སྣ་ཞིག་ཡིན་པས་བོད་ས་ཡོངས་ལ་དངོས་གནས་མཐོང་དཀའ་བ་ཞིག་རེད་ལ། ལྷག་པར་སྒེར་གྱི་བྱ་སྤྱོད་ངོ་མའི་ཐོག་ནས་དབུས་གཙང་དང་ཁམས་ཀྱི་དེང་རབས་ལོ་རྒྱུས་ཐོག་མངོན་གསལ་དོད་པོའི་བྱས་རྗེས་བཞག་ཡོད་པ་རེད། ཁོང་ཚོར་གདེང་འཇོག་གང་འདྲ་ཞིག་བྱེད་དགོས་སམ། དེར་དངོས་གནས་ཤོག་བུ་དང་སྨྱུ་གུ་སྣག་ཚ་བཅས་པ་མང་པོ་དགོས་ངེས་རེད། དེར་བརྟེན་འདིར་སྟབས་བདེ་ཙམ་ལས་བརྗོད་ཐབས་མི་འདུག ཁོང་ཚོས་བསྒྱུར་བཅོས་ཀྱི་འཕེལ་ཕྱོགས་གསར་པའི་རྣམ་པའི་ཁྲོད་ཀྱི་སྟོབས་ཤུགས་གསར་པ་ཞིག་མངོན་གྱི་ཡོད་པ་རེད། དེ་ཡང་ཁོང་ཚོར་ལྡན་པའི་ཁམས་པའི་རྒྱབ་ལྗོངས་དང་དེ་བཞིན་ཁོང་ཚོ་དང་བཀའ་ཤག་ནང་ཁུལ་དུ་འཇོན་ཐང་གང་ཡང་མེད་པའི་ཐོག་སེམས་གུ་དོག་པའི་ལྷ་སའི་མི་གྲགས་དེ་ཚོ་དབར་གྱི་འབྲེལ་བ་དང༌། ཡང་རྒྱུན་དུ་ཁོང་ཚོའི་བསམ་བློའི་ནང་ཁམས་པས་ཁམས་སྐྱོང་བའི་ཆབ་སྲིད་ཀྱི་ཕུགས་བསམ་ཞིག་བཅངས་བཞིན་ཡོད་པ་མ་ཟད། ད་དུང་ཁོང་ཚོས་གཡས་གཡོན་གཉིས་ཀྱི་གནས་བབ་ཐོག་ནས་ཆབ་སྲིད་སྟོབས་ཤུགས་དེ་བས་སྐབས་འཚོལ་རིང་ལུགས་ཀྱི་རྣམ་པའི་ཐོག་ནས་གདམ་ཀ་བྱ་རྒྱུའི་ཐག་གཅོད་བྱས་ཡོད། ཡིན་ནའི་དེ་ཡང་ཁོང་ཚོར་གྲུབ་འབྲས་མ་ཐོན་པ་དེའི་ཁྲོད་ནས་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་ཞིག་ཀྱང་ཆགས་ཡོད་པ་རེད།

སྤོམ་མདའ་སྟོབས་རྒྱལ་དཔེར་མཚོན་ན། སྤྱི་ལོ་༡༩༥༠ ལོར་ཧུར་བརྩོན་ཆེན་པོས་བཅིངས་འགྲོལ་དམག་བོད་ནང་འཛུལ་རྒྱུར་རོགས་རམ་བྱས་ཡོད་པས་ཆབ་མདོར་ཞི་བའི་བཅིངས་འགྲོལ་བཏང་བ་ཟེར་བའི་རྗེས་ཆབ་མདོ་ས་ཁུལ་གྱི་མི་དམངས་བཅིངས་འགྲོལ་ལྷན་ཁང་གི་འགོ་འཛིན་གཞོན་པར་བསྐོ་བཞག་བྱས་ཡོད། དེ་རྗེས་ཡང་བོད་རང་སྐྱོངས་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པའི་གོ་གནས་སྤྲད་ཡོད་པ་རེད། ཡིན་ནའི་རིག་གནས་གསར་བརྗེའི་སྐབས་ཁོང་གི་ནག་ཉེས་ནི་ངོ་ལོག་ཟིང་འཁྲུག་སྒྲིག་འཛུགས་ཀྱི་འཆར་གཞི་བཀོད་ཡོད་པ་དང་བསྒྱུར་བཅོས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་སོགས་ཡིན་པ་རེད། མནར་གཅོད་ཡོངས་རྫོགས་མྱང་ཚར་བའི་རྗེས་མཐར་སྤྱི་ལོ་༡༩༧༤ ལོར་ནད་གཞིས་རྐྱེན་པས་ཚེ་ལས་འདས་པ་དང་སྤྱི་ལོ་༡༩༧༩ ལོར་ཁོང་ལ་གཞི་ནས་དག་སེལ་བྱུང་ཡོད། ཡང་སྤུན་མཆེད་ནང་ནས་རྒན་ཤོས་སྤོམ་མདའ་ཡར་འཕེལ་ནི་ལོ་རབས་ལྔ་བཅུའི་མཇུག་ལ་བོད་ཀྱིས་རྒྱ་ནག་གུང་ཁྲན་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ནང་ཧུར་བརྩོན་ཆེན་པོས་མཉམ་ཞུགས་བྱེད་མཁན་གྱི་གྲས་ཤིག་ཡིན་པ་དང་སྤྱི་ལོ་༡༩༥༩ ལོའི་ཟླ་བ་དང་པོའི་ནང་རྒྱ་གར་དུ་སྐྱོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོད་པའི་བཀའ་ཤག་གཞུང་གི་དཔོན་རིགས་དང་ལྷན་དུ་ཐོག་མའི་ལས་དོན་སྤེལ་ཕྱོགས་ཐད་ལ་འཆར་གཞི་བཀོད་མྱོང་ཡོད་པ་ཡིན་རུང་རྒྱུ་མཚན་གང་ཡིན་མི་ཤེས་པར་སྤྱི་ལོ་༡༩༦༤ ལོར་ལྷ་སར་ཕྱི་ལོག་བྱས་ཏེ་རིག་གནས་གསར་བརྗེའི་གོད་ཆག་ཆེན་པོ་འདི་བརྒྱུད་པའི་རྗེས་ (སྲུང་སྐྱོབ་ཐོབ་པ་དང་དགག་པ་འཐབ་འཛིང་ཕོག་མྱོང་མེད་པ་བརྗོད་མཁན་འདུག) སྤྱི་ལོ་༡༩༧༦ ལོར་ནད་གཞིས་རྐྱེན་པས་ཚེ་ལས་འདས་ཡོད་པ་རེད་འདུག ཡང་སྤུན་མཆེད་གཞོན་པ་སྤོམ་མདའ་རབ་དགའ་ནི་སུན་ཀྲུང་ཧྲན་གྱི་རྗེས་འབྲངས་པ་ཞིག་ཡིན་པ་མ་ཟད། ད་དུང་འབྲེལ་ཡོད་མི་སེར་དོན་གསུམ་རིང་ལུགས་ཀྱི་དེབ་ཆུང་འདི་བཞིན་བོད་ཡིག་ཐོག་ཕབ་སྒྱུར་བྱས་ཡོད་པ་དང༌། སྤྱི་ལོ་༡༩༣༩ལོར་རྒྱ་གར་དུ་བོད་ཀྱི་གསར་བརྗེའི་ཚོགས་པ་གསར་བཙུགས་ནང་མཉམ་ཞུགས་བྱས་ཡོད་པ་དང་དེ་རྗེས་རྒྱ་གར་ཀ་ལོན་སྦུག་ལ་གཏན་སྡོད་བྱས་ཏེ་རང་ཡུལ་ལ་ཕྱིར་ལོག་ཐུབ་མེད་པ་བརྗོད་མཁན་བྱུང༌།

དེར་ཚུགས་བཞིན་ཡོད་པའི་དགག་པ་འཐབ་འཛིང་བྱེད་སར་ལྟ་མཁན་གྱི་མང་ཚོགས་མང་ཆེ་བ་ནི་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཡིན་ཞིང༌། དེའི་ནང་ལག་པར་གདུང་དམར་པོ་འཁྱེར་བའི་སློབ་ཕྲུག་ཀྱང་འདུག འདྲ་པར་ནང་ལག་པ་གཉིས་ཀྱི་ཞྭ་མོ་རྩ་ཞྭ་ཟིན་བསྡད་པའི་གཞོན་སྐྱེས་བུ་མོ་འདི་གྲོང་མི་དམར་སྲུང་དམག་ཅིག་རེད། ཁོང་གི་གཅེན་མོའི་བཟའ་ཟླ་སྤྱི་ལོ་༡༩༥༩ལོའི་ཟླ་བ་གསུམ་པར་ནོར་བུ་གླིང་ཁར་ལངས་པའི་ཟིང་འཁྲུག་ཟེར་བའི་ནང་ཞུགས་ཡོད་པར་བརྟེན་བཙོན་པའི་མོ་ཀྲའི་ནང་བཅུག་སྟེ་ལྷ་ས་ནས་ཕྱིར་འབུད་བྱས་པ་ནས་བཟུང་ཁོང་གི་གཅེན་མོ་དང་ཁ་བྲལ་ཡོད་པ་རེད།

འདྲ་པར་འདི་གསུམ་པོ་ནི་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ལྷ་འདྲེ་གདོན་བགེགས་ཁྲོམ་སྐོར་ལ་ཁྲིད་ནས་འཐབ་འཛིང་བྱེད་བཞིན་ཡོད་པའི་རྣམ་པ་འདི་རེད། ཁྲོམ་སྐོར་ལ་འཐབ་འཛིང་ཕོག་མཁན་མདུན་ལ་སྐྱོད་མཁན་མཚོ་སྒོ་དོན་གྲུབ་ཚེ་རིང་ཕུད་ད་དུང་སྤོམ་མདའ་སྟོབས་རྒྱལ་དང་ཁོང་གི་བུ་སྤོམ་མདའ་འཇིགས་མེད་ཕ་བུ་གཉིས་ཡོད། ཁོང་གཉིས་མི་རེ་རེའི་ངོས་ནས་ས་སྐྱ་འབར་མོའི་ཆས་དཀར་པོ་ནག་པོ་རེ་གྱོན་ཏེ་གཅིག་མཇུག་གཉིས་མཐུད་ཀྱི་སྐྱོད་བཞིན་མི་གསུམ་པོའི་རྣམ་འགྱུར་ནི་བློ་ཕམ་ཡིད་སྐྱོ་བའི་ཐོག་ལ་གཉའ་ཆག་ཉམས་ཤོར་ཡོད་པ་ཞིག་འདུག སྤོམ་མདའ་འཇིགས་མེད་ནི་ང་ཕོད་ངག་དབང་འཇིགས་མེད་ཀྱི་བུ་མོའི་མག་པ་རེད། ང་ཕོད་ངག་དབང་འཇིགས་མེད་ཀྱི་བུ་མོ་སྐབས་དེ་དུས་མཐའ་སྐོར་མང་ཚོགས་དཀྱིལ་ལ་ཡོད་པས་གློ་བུར་རང་གི་བཟའ་ཟླར་ས་སྐྱ་འབར་མོའི་ཆས་ཟིང་དཀར་ཞིག་གཡོགས་ནས་ཁྲོམ་སྐོར་ལ་ཁྲིད་ཡོང་བ་མཐོང་སྐབས་ཞེད་སྣང་ཆེན་པོ་བྱུང་ཡོད། དེར་བརྟེན་ཁོང་གི་འགྲམ་ལ་ཡོད་པའི་མི་དེས་སྐད་ཤུགས་ཆུང་ངུའི་ངང་ཁྱེད་རང་འདིར་སྡོད་རྒྱུ་མེད་པར་གང་མགྱོགས་ཁ་བྲལ་ན་མ་གཏོགས་ཁྱེད་རང་ཡང་འདི་ནས་འཐབ་འཛིང་གཏོང་བར་བཙན་ཁྲིད་བྱས་ཡོང་ཟེར་བརྗོད་ཡོད་པ་དང་དེ་ནས་ཁོང་ལམ་སེང་རང་ཁྱིམ་དུ་ཕྱིར་ལོག་བྱས་ཡོད་པ་བརྗོད་མཁན་བྱུང༌།

འདྲ་པར་དཀྱིལ་འདི་ནི་ཁྲོམ་སྐོར་འཐབ་འཛིང་གི་དཔུང་ཁག་འདི་ཏག་ཏག་ལྕང་གསེབ་ཤར་(དེ་སྔོན་འདིའི་རྒྱུད་ལྕང་གསེབ་ཀྱིས་ཁེངས་ཡོད་པ་དང་ད་ཆ་པེ་ཅིང་ཤར་ལམ་ལ་མིང་བསྒྱུར་བ་བཏང་ཡོད།) བརྒྱུད་དེ་སྐྱོད་བཞིན་ཡོད། གཡོན་ངོས་ནི་ཡབ་གཞིས་སྟག་འཚེར་དང་སྦྲག་ཁང་སོགས་ཡོད། གཡས་ངོས་ལ་བོད་དམག་ཁུལ་ཁང་གི་འཛིང་རགས་ཤིག་ཡོད།(ད་ལྟ་བཤིག་ཟིན།) མཚོ་སྒོ་ཡི་གཡོན་ངོས་སུ་རྩྭ་ཞྭ་རྒྱབ་ལ་འཁུར་མཁན་གྱི་ཧུར་བརྩོན་ཅན་འདི་ནི་ཀ་ཤོད་པར་འཐབ་འཛིང་གཏོང་མཁན་གྱི་སྐལ་བཟང་དཔལ་འབྱོར་རེད་འདུག

འདྲ་པར་གཡས་འདི་ནི་གསུང་ཆོས་རྭ་བར་རེད། སྤྲིན་ནག་གིས་འཚུབ་པ་བཞིན་མཐའ་བསྐོར་ཏེ་འཚང་ཀ་ཤིག་ཤིག་ངང་ལྟ་རྒྱུར་ཧབ་ཐོབ་རྒྱབ་པ་དང་བློ་ཡིད་ཚིམ་པའི་རྣམ་པ་འདི་རེད། འདིའི་ནང་མི་མང་ཆེ་བ་བོད་མི་ཡིན་པ་དང་ཁ་ཆེ་ཡང་ཡོད། དཔེར་ན་སྔོན་གྱི་འདྲ་པར་གཉིས་པོའི་སྟེང་མདུན་ལ་སྐྱོད་མཁན་གྱི་ཧུར་བརྩོན་ཅན་གཡུད་ལུ་སི་གོང་ལ་རྡོ་རྗེ་ཕག་མོར་དགག་པ་འཐབ་འཛིང་བྱེད་སྐབས་ཀྱི་འདྲ་པར་ཐོག་ཐོན་མྱོང་ཡོད།

འཐབ་འཛིང་ཕོག་མཁན་གྱི་བུད་མེད་ཁོང་ནི་སྐུ་དྲག་གི་ལྕམ་རྒྱས་སྟག་པ་བདེ་ཆོས་རེད། ཁོང་གི་མགོ་ལ་སྲོལ་རྒྱུན་རྒྱན་ཆ་སྤ་ཕྲུག་གྱོན་ཡོད་པ་དང་སྐེ་ལ་ལྗི་ལྡིག་ལྡིག་གི་ནོར་བུའི་རིགས་ཆས་འདུག་ལ། བྲང་ཁོག་མདུན་གྱི་ཡིག་ཆེན་ཚགས་པར་སྟེང་ཁོང་གི་ནག་ཉེས་ཁག་རེ་རེ་བཞིན་འཁོད་ཡོད་པའི་ནང་དོན་ཚན་དང་པོ་འདི་གསལ་པོ་མཐོང་གི་མི་འདུག དོན་ཚན་གཉིས་པའི་ཐོག་དཀྲོག་གཏམ་བཟོས་པ་ཟེར་བ་དང་དོན་ཚན་གསུམ་པའི་ཐོག་ཡར་ཐོན་གྱི་མིང་འཛིན་ཐོག་ལོག་སྤྱོད་པའི་དངོས་རིགས་འབོར་ཆེན་སྦས་སྐུངས་བྱས་པ་རེད། ཡང་དོན་ཚན་བཞི་པའི་ཐོག་གསེར་དངུལ་སོགས་ཕྱི་རྒྱལ་གྱི་མི་རིགས་ལ་ཕྱིར་ཚོང་བྱས་ཡོད་པ་ཞེས་འཁོད་ཡོད་པ་མ་ཟད། ད་དུང་རིག་གནས་གསར་བརྗེའི་ལས་འགུལ་ཟེར་བའི་ཡི་གེ་བྲིས་ཡོད་པ་འདི་ནི་ཕལ་ཆེར་ཁོང་གིས་རིག་གནས་གསར་བརྗེར་གཏོར་བཤིག་བཏང་བ་བརྗོད་ཀྱི་ཡོད་ས་རེད།

རྒྱས་སྟག་པ་ནི་བོད་དབུས་ཁུལ་གྱི་སྐུ་དྲག་གཟིམ་ཤག་ཅིག་རེད། རྒྱས་སྟག་པ་བདེ་ཆོས་དང་ལྷ་ཀླུ་ཚེ་དབང་རྡོ་རྗེའི་སྐུ་ཟླ་གཟིམ་ཤག་ཐོན་པའི་བུ་མོ་རྒན་གཞོན་རེད་ལ། ཁོང་རྒྱས་སྟག་གཟིམ་ཤག་གི་མནའ་མ་རེད། བར་སྐོར་ལྷོ་ངོས་ཀྱི་བླ་བྲང་རྙིང་པའི་(དེ་སྔོན་སྤྱི་ལོ་ ༡༩༠༠ ལོར་རྗེ་ཙོང་ཁ་བ་ཆེན་པོ་དང་༧རྒྱལ་མཆོག་སྐུ་འཕྲེང་ལྔ་པ་ཆེན་པོ་མཆོག་བཞུགས་མྱོང་ཡོད་པའི་གནའ་བོའི་ཁང་པ་ཞིག་དང༌། རྗེས་སུ་ཐོན་པ་གཟིམ་ཤག་བཞུགས་ས་རེད། བཅིངས་འགྲོལ་རྗེས་ཡར་ལངས་ཞིང་བྲན་ལ་བགོ་བཤའ་རྒྱབ་སྟེ་སྤྱི་ལོ་༡༩༥༩ལོ་ནས་༡༩༩༥ལོ་བར་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་བྱས་པ་རེད། སྤྱི་ལོ་༡༩༩༩ལོར་ཉམས་གསོ་བྱས་ཡོད་པ་ཡིན་རུང༌། ཉམས་གསོའི་བརྒྱུད་རིམ་ནང་དེ་སྔའི་མཛེས་སྡུག་ལྡན་པའི་ལྡེབས་རིས་ཁག་གཏོར་བཤིག་ཕྱིན་ཡོད།) ནང་བཞུགས་ཀྱི་ཡོད། ད་ལྟ་ཁོང་ཚེ་ལས་འདས་ཟིན་པ་དང་དེ་མིན་གནས་ཚུལ་གསལ་པོ་མི་འདུག

ཁོང་ལ་འཐབ་འཛིང་གཏོང་མཁན་གྱི་བུ་མོ་དེ་གཉིས་ནས་གཡས་ངོས་སུ་ཡོད་པ་འདིའི་མིང་ལ་བོང་འཇོག་ཟེར་གྱི་ཡོད། བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་ཅན་ཞེད་སྣང་ཚ་ཤོས་ཤིག་རེད་ཟེར་གྱི་འདུག གཡོན་ངོས་སུ་ཡོད་པ་དེ་ཡང་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་ཅན་ཡིན་པ་དང་རྗེས་ལ་ཚེམ་བཟོ་བ་བྱས་ཡོད། ཡིན་ནའི་མི་འགའ་རེས་ཁོ་མོ་ནི་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་ཡིན་པ་དང་སྐྱེ་ཁུངས་ལྕགས་བཟོ་བའི་ཁྱིམ་ཚང་ནས་ཡིན་པ་བརྗོད་མཁན་འདུག

འཐབ་འཛིང་ཕོག་བཞིན་ཡོད་པའི་མི་དེ་གཉིས་ནང་ནས་བུད་མེད་འདི་སྐུ་དྲག་ལྕམ་རྒྱས་སྟག་པ་བདེ་ཆོས་ཡིན་ཞིང་ཁོང་གི་མགོ་ལ་གཡོགས་པའི་ཞྭ་མོ་རིང་པོ་འདིའི་ཐོག་ལྷ་འདྲེ་གདོན་བགེགས་བདེ་ཆོས་ཞེས་བྲིས་འདུག ཡང་དེ་མིན་གྱི་སྐྱེས་པ་འདིའི་མགོ་ལ་གཡོགས་པའི་ཞྭ་མོ་རིང་པོ་དང་བྲང་ཁོག་མདུན་གྱི་ཡིག་ཆེན་ཚགས་པར་ལ་ལྟ་སྐབས་མིང་ལ་མོ་ཅན་ཀྲང་ཟེར་བ་དང་ཁོ་པའི་ནག་ཉེས་ནི་དང་པོ་མཚོ་སྔོན་ནས་མེ་མདའི་མདེའུ་ལྐོག་ཏུ་ཐེངས་མང་དབོར་འདྲེན་བྱས་ཏེ་བོད་ཀྱི་ངོ་ལོག་ཟིང་འཁྲུག་ལ་རྒྱབ་སྐྱོར་བྱས་པ། དེ་བཞིན་མཚོ་སྔོན་ནས་རྒྱལ་ཁབ་ཀྱི་དངུལ་རྡ་ཡང་སྒམ་སུམ་ཅུ་ལྷག་ཙམ་རྐུ་འཕྲོག་བྱས་ཏེ་རྒྱ་གར་དུ་དབོར་ནས་ངོ་ལོག་ཟིང་འཁྲུག་སློང་མཁན་ལ་རྒྱབ་སྐྱོར་བྱས་པ་རེད། གཉིས་པ་ཏཱ་ལའི་རུ་ཚོགས་དང་ངན་འབྲེལ་བྱས་ཏེ་ཚལ་འདེབས་མཁན་ཡིན་ཁུལ་གྱིས་རྒྱལ་ཁབ་ལ་ངོ་ལོག་གི་ལས་འགུལ་སྤེལ་བ་དང་པན་ཆེན་རུ་ཚོགས་དང་ངན་འབྲེལ་བྱས་ནས་ལྷ་སྨོན་དང་བཅས་པའི་ངོ་ལོག་གྱི་འགོ་པ་མཉམ་དུ་རྒྱུན་དུ་ནས་ཟིང་འཁྲུག་གི་ལས་འགུལ་སྤེལ་གྱི་ཡོད་པ་རེད། གསུམ་པ་ནི་དུས་རྒྱུན་ནས་འབེལ་ཉོ་དཀོན་འཚོང་བྱས་ཏེ་ཚོང་རྭའི་རིན་གོང་སྤར་བ་དང་དེའི་ཁྲོད་ནས་ཁྲལ་སྐུམས་ཁྲལ་ཆད་ཀྱིས་མ་དངུལ་ལྐོག་འཐེན་བྱས་ཏེ་ལས་བྱེད་པ་དང་ངན་འབྲེལ་གྱིས་རྒྱལ་ཁབ་དཔལ་འབྱོར་གྱི་གསང་འཕྲིན་རྐུ་འཕྲོག་བྱས་ནས་མི་ངན་ཁ་ཤས་མཉམ་རུབ་ཀྱིས་མ་རྩ་རིང་ལུགས་བསྐྱར་ལོག་བྱ་རྒྱུའི་ལས་འགུལ་སྤེལ་གྱི་ཡོད། ད་དུང་དོན་ཚན་བཞི་པ་སོགས་འཁོད་ཡོད་པ་རེད།

མོ་ཅན་ཀྲང་དང་རྒྱས་སྟག་པའི་བདེ་ཆོས་མཉམ་དུ་བཞག་སྟེ་དགག་པ་འཐབ་འཛིང་བྱེད་དགོས་དོན་གང་ཡིན། ཡང་ཁོང་གཉིས་ཀྱི་འབྲེལ་བ་གང་འདྲ་ཞིག་ཡིན་ནམ། ཁོང་གཉིས་ཀྱི་རྒྱབ་ཏུ་བསྐུར་བའི་སྒེའུ་ཁུང་གི་ཁྲ་མར་གཟབ་ནན་ངང་ལྟ་དུས་དེ་ལ་ཡིག་ཆེན་ཚགས་པར་སྦྱར་བཞག དེ་ནི་དམིགས་བསལ་ཞིག་འདུག

ཁོང་གཉིས་ཀ་བར་སྐོར་ཁྲོམ་གཞུང་ཐོག་གནས་སྡོད་བྱེད་ཀྱི་ཡོད་པར་བརྟེན་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་ལྷ་འདྲེ་གདོན་བགེགས་ཆགས་ཡོད།

ད་དུང་མི་གཅིག་པ་ཞིག་ནི་མོ་ཅན་ཀྲང་གི་ནག་ཉེས་ཚང་མ་རྒྱ་ཡིག་ཐོག་བྲིས་བཞག ཁོ་པ་རྒྱ་མི་རེད་དམ། རྩད་གཅོད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། མོ་ཅན་ཀྲང་ནི་མཚོ་སྔོན་གྱི་ཚོང་པ་ཞིག་རེད་འདུག དེ་སྔོན་ཁོང་གིས་བར་སྐོར་ནང་ཚོང་ཟོག་སྣ་མང་གི་ཚོང་ཁང་ཆུང་ཆུང་སྒོ་ཕྱེ་ཡོད་པ་དང་ཁོང་གི་བོད་མིང་ལ་རྒྱ་མི་ཚེ་རིང་ཟེར་གྱི་ཡོད། མི་མང་པོས་མོ་ཅན་ཀྲང་གི་བུ་མོའི་མིང་ལ་མོ་འུ་ཀྲན་ཟེར་གྱི་ཡོད་པ་མི་མང་པོས་དྲན་གསོས་ཀྱི་འདུག ཁོ་མོས་པ་ཕའི་ཚོང་ཁང་ཆུང་ཆུང་འདིའི་ནང་ཅ་དངོས་བཙོང་བཞིན་ཡོད། རིག་གནས་གསར་བརྗེའི་རྗེས་ལ་ཁོང་དང་ཁོང་གི་པ་ཕ་གཉིས་མཚོ་སྔོན་ལ་ཕྱིར་ལོག་བྱས་པ་བརྗོད་མཁན་བྱུང༌།

རྒྱས་སྟག་པ་བདེ་ཆོས་འཛིན་མཁན་གྱི་སྐྱེས་པ་འདིའི་མིང་ལ་དཔལ་འབྱོར་ཟེར་གྱི་ཡོད། ཁོ་པའི་ལག་པའི་ནང་ཉར་བ་འདི་རྡོ་ཡིན་ནམ་ཡང་ན་ཞྭ་མོ་ཡིན། དེ་སྔོན་ཁོ་པ་རྐུན་ཆུང་ཞིག་ཡིན་ཞིང། རྗེས་ལ་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་ཅན་ཞིག་ཆགས་ཡོད་པ་དང་ད་ལྟ་ཚེ་ལས་འདས་ཟིན་པ་བརྗོད་མཁན་བྱུང༌།

ཡང་འབོད་ཚིག་སྒྲོག་བཞིན་པའི་བུད་མེད་འདིའི་ཚོའི་ནང་ཁ་ཆེན་པོ་གདང་ནས་ཡོད་པ་འདི་དངོས་གནས་བྱས་ན་ལྐུགས་མ་ཞིག་ཡིན་པ་དང་མིང་ལ་རྨོའོ་ལྷ་མོ་ལགས་ཟེར་གྱི་ཡོད་ལ། ད་ལྟ་ཡང་འཚོ་གནས་ཡིན་པ་རེད། ལྐུགས་མས་འབོད་ཚིག་གང་འདྲ་ཞིག་སྒྲོག་གི་ཡོད་པ་ཡིན་ནམ་ཤེས་མ་སོང༌།

འདྲ་པར་འདི་མཐོང་བ་དང་བོད་མི་ཞིག་གིས་གསུངས་པར། ང་རང་ཡང་བསྐྱར་དུ་དུས་སྐབས་འདིར་སླེབས་པ་ལྟ་བུའི་ཚོར་སྣང་བྱུང༌། ང་རང་ཡང་རྟག་ཏུ་མི་ཚོགས་དེ་ཚོའི་ནང་སྡོད་ཀྱི་ཡོད་གསུངས་བྱུང༌།

ཡང་བོད་མི་གཞན་ཞིག་གིས་ཚོར་སྣང་ཟབ་མོའི་ངང་གསུངས་དོན་ཁྱེད་རང་གཟིགས་དང་ཁང་པ་འདི་ཚོའི་སྒེའུ་ཁུང་ཧྲལ་ལེ་ཧྲུལ་ལེ་རེད། ཡང་ཕྲུ་གུ་འདིའི་དུག་ལོག་ཡང་རྩབ་རལ་རེད་འདུག ཡིན་ནའི་མི་གཞན་གྱིས་ཁོ་པར་སྤྲད་པའི་གཏམ་བཤད་མ་ཟིན་འདི་འཁྱེར་འདུག་པས་ཁོ་པས་ནང་དོན་གང་ཡིན་ཤེས་ཀྱི་ཡོད་པ་ཡིན་ནམ། མཐའ་སྐོར་གྱི་མི་ཚོ་ཟ་རི་ཟི་རེའི་ངང་གཞན་གྱིས་གར་བཞག་དེར་སྡོད་པ་ནང་བཞིན་འདྲ་པོ་འདུག ཡང་འདི་རྣམས་ཡོངས་རྫོགས་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོ་རེད་ཅེས་གསུངས་ཀྱི་འདུག

སེམས་འགུལ་ཐེབས་བཞིན་པའི་ངང་འབོད་ཚིག་སྒྲོག་ནས་མཇིང་པའི་རྩ་ཡང་ཁྱུར་རེ་མངོན་པའི་དམར་ཆུང་དམག་དེར་འགའ་རེས་ཁོ་པའི་མིང་ལ་ངག་དབང་དགེ་ལེགས་ཟེར་བ་དང་ནར་སོན་པའི་རྗེས་ཡུལ་དམག་གི་འགོ་ཁྲིད་བྱས་པ་རེད། ད་ལྟ་ལོ་ལྔ་བཅུ་ཙམ་ལ་སོན་གྱི་ཡོད་ཙང་ཉིན་ལྟར་གླིང་སྐོར་དང་ཆོས་མཇལ་ལ་སྐྱོད་བཞིན་ཡོད་པ་གསུངས་མཁན་བྱུང༌། འཁྲིས་དེར་ཡོད་པའི་སྒལ་པར་ལྷན་པ་རྒྱབ་པའི་དུག་ལོག་གྱོན་པ་དང་མགོ་བོ་གཅུས་ཏེ་ཁོ་པར་ལྟ་བཞིན་པའི་སྐྱེས་པ་འདི་ཝ་པ་གླིང་ཁུལ་གྱི་རྐང་འཁོར་བཟོ་བཅོས་མཁན་རྒན་པོ་འདི་ཡིན་པ་ངོ་ཤེས་སོང༌། དེ་བཞིན་ཕྲུ་གུ་འདིའི་རྒྱབ་ལ་མགོ་རས་དཀྲིས་པའི་བུད་མེད་འདི་ཁ་ཆེ་ཡིན་ཞིང་ད་ཆ་རྟག་ཏུ་བར་སྐོར་ནང་བག་ལེབ་བཙོང་གི་ཡོད།

ཟབ་ནན་ངང་གཟིགས་དང་སྤོམ་མདའ་སྟོབས་རྒྱལ་ཡང་མི་ཚོགས་ནང་འདུག་པ་ནི་ཕྲུ་གུ་དེའི་རྒྱབ་འདིར་ཞྭ་མོ་སྒོར་སྒོར་གྱོན་ཏེ་སྟོད་ཁོག་ཚུར་མངོན་པའི་སྐྱེས་པ་དེ་རེད། ཁོང་གི་གདོང་པ་སྐྱོ་ཞིང་ཧོན་ཐོར་བ་ལྟར་དགག་པ་འཐབ་འཛིང་བྱེད་བཞིན་ཡོད་པའི་ཚོགས་རྭར་ལྟ་བཞིན་འདུག་ལ། ག་དུས་སྐད་བཏང་ནའི་འགྲོ་ཆོག་ཆོག་དང་དེ་ནས་འཛིན་ཏེ་འཐབ་འཛིང་ཐེངས་གཅིག་ཕོག་རྒྱུ་ཡིན་པའི་གྲ་སྒྲིག་བྱས་ནས་ཡོད་པ་རེད་འདུག མི་རབས་གཅིག་གི་སྐྱེས་ཕོ་ཕུལ་བྱུང་ཞིག་ཡིན་ཡང་ད་ཆ་དེ་ལྟ་བུའི་ཉམས་རྒུད་བྱུང་ཡོད་པ་རེད།

འཛུམ་དམུལ་དམུལ་ངང་ཡོད་པའི་མི་འདིར་དོ་སྣང་བྱས་ན་རྒྱ་མི་རང་གི་བཟོ་ལྟ་ཡོད་པ་མ་ཟད། ད་དུང་ལས་བྱེད་པའི་བཟོ་ལྟ་ཞིག་འདུག་ལ། ཐེངས་འདིའི་དགག་པ་འཐབ་འཛིང་གི་ཚོགས་འདུའི་གཙོ་སྐྱོང་བ་ཡིན་པ་གསལ་པོ་རེད་བཞག

ཁོ་པས་གཟུགས་པོ་རྒྱབ་ལ་གྱེར་ཙམ་བྱས་ཏེ་མགོ་བོ་སྒུར་ནས་འཐབ་འཛིང་བཟེད་བཞིན་པའི་དགེ་འདུན་པ་འདིར་མཛུབ་མོ་བཙུགས་བཞིན་འདུག ཡང་ཁོ་པའི་ལག་པ་མར་བཞག་པ་ཡིན་ནའི་ཡང་བསྐྱར་བརྐྱངས་ཆོག་རེད་འདུག

ཁོ་པའི་འཛུམ་མདངས་འདི་ལྷ་འདྲེ་གདོན་བགེགས་ལ་དགག་པ་འཐབ་འཛིང་བཏང་བའི་ནང་གི་འཛུམ་དམུལ་དམུལ་གྱི་རྣམ་འགྱུར་ཡོད་པ་གཅིག་པུ་དེ་རེད། འོན་ཀྱང་ཡར་ལངས་ཞིང་བྲན་གྱི་གདོང་པར་འདི་ལྟ་བུའི་བློ་བདེ་བག་ཕེབས་དང་དགའ་སྣང་དོད་པོའི་འཛུམ་མདངས་དེ་རིགས་མཐོང་རྒྱུ་མི་འདུག ཁོང་ཚོའི་གདོང་པའི་སྟེང་ནས་མངོན་པ་མང་ཆེ་བ་ནི་ཡིད་གཡོ་བ་དང་དཔའ་ངར་རྒྱས་པ། ངར་སེམས་འཕེལ་ཞིང་ཁོང་ཁྲོ་ལངས་པ་བཅས་རེད་འདུག འོན་ཀྱང་བློ་འཚབ་དང་མིག་གི་མདུན་གློ་བུར་དུ་འགྱུར་བ་ཕྱིན་པའི་མགོ་རྨོངས་ཀྱི་གནས་སྟངས་དེར་ཡིད་ཆེས་བྱེད་མི་ཕོད་པའི་རྣམ་པ་ཕྲན་བུ་ཡོད་པ་རེད། ལག་པ་དགེ་འདུན་པ་ཁོང་གི་དཔུང་པའི་སྟེང་བཞག་མཁན་གྱི་བོད་མི་དམར་སྲུང་དམག་འདིའི་བྱེད་སྟངས་དང་རྣམ་འགྱུར་གཏུམ་དྲག་མེད་པ་མ་ཟད་ཁྱད་མཚར་ངང་ལྕེ་སྟོན་ཙམ་བྱས་པ་དང་སྐེད་པ་ཡང་གུག་ཙམ་བྱས་ནས་འདུག རང་འགུལ་མ་ཡིན་པར་དངངས་སྐྲག་སྐྱེས་ནས་བསྡད་ཡོད་པ་ལྟ་བུ་འདུག བྱས་ཙང་ཁོ་པ་གཅིག་པུ་འཛུམ་དམུལ་དམུལ་ངང་འདུག་པ་དང་རྒྱ་མིའི་ལས་བྱེད་པ་འདི་གཅིག་པུས་བློ་བག་ཡངས་པོའི་ངང་འཛུམ་དམུལ་དམུལ་བྱས་ནས་འདུག འདི་ནི་བདག་པོ་གསར་པ་གཅིག་གི་འཛུམ་མདངས་རེད།

ཡང་སྙིང་ཁོ་པ་སུ་རེད་དམ།

མི་འགའ་རེས་གསུངས་ན། ཁོ་པ་ནི་སློབ་གསོ་ཆེན་པོ་གསུམ་གྱི་ལས་དོན་རུ་ཁག་གི་འགོ་ཁྲིད་དང་ཁྲེང་ཀོན་ཆུས་ཀྱི་དྲུང་ཆེ་བྱེད་མྱོང་ཡོད་པའི་ལིའི་ཧྥང་རེད་ཟེར། མི་འདི་བཙན་ཧམ་ཆེན་པོ་ཡོད་པ་མ་ཟད། ད་དུང་འདོད་ཧམ་ཡང་ཡོད་པ་ཞིག་རེད་ཟེར་མཁན་འདུག རྗེས་སུ་ཁོ་པ་རྒྱ་ནག་ལ་ལས་སྒྱུར་བྱས་ཏེ་ལོག་འགྲོ་སྐབས་རྩ་ཆེའི་རིག་དངོས་མི་ཉུང་བ་ཞིག་འཁྱེར་ཡོད་པ་ཡིན་རུང་ལམ་བར་ལ་མོ་ཀྲ་མགོ་རྟིང་ལོག་ནས་ཁོ་པར་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་འཁྱེར་ཕྱིན་པའི་དངོས་པོ་ཚང་མ་ས་ལ་ལྷུང་པའི་དབང་གིས་གཞི་ནས་གསལ་རྗེན་དུ་ཐོན་པ་རེད། ཡིན་ནའི་འདྲ་པར་ཐོག་གི་མི་འདི་གདོང་པར་རྒྱ་ཡིས་ཁེངས་པའི་དྲུང་ཆེ་ལིའི་ཧྥང་ཡིན་ནམ། ང་ཚོས་ཚོད་དཔག་བྱ་རྒྱུ་ལས་ཁུངས་བཙན་པོའི་སྒོ་ནས་ཤེས་ཐབས་མི་འདུག འོན་ཀྱང་ཁོ་པ་དང་ཁོ་པའི་འཛུམ་མདངས་འདིར་སྣང་མེད་བྱ་རྒྱུ་མེད། མི་འདིའི་གདོང་པའི་སྟེང་བག་ཕེབས་ཀྱི་འཛུམ་མདངས་འདི་ལ་ཡང་དངོས་གནས་བྱས་ན་མཚོན་རྟགས་ཀྱི་རང་བཞིན་ཞིག་ཡོད་པ་རེད།

དེ་བཞིན་ང་ཚོས་གསུང་ཆོས་རྭ་བའི་སྡིངས་ཆའི་སྟེང་ལངས་བསྡད་པའི་མི་སྟར་པ་གཅིག་ཡོད་པ་དེ་ལའང་སྣང་མེད་བྱ་རྒྱུ་མེད་པར་ཁོ་ཚོས་ལག་གཉིས་མདུན་ལ་བཞག་པ་དང་ཡང་ན་སྐེད་གཟེར་བྱས་ནས་ཡོད་པ་འདི་རྣམས་དམག་མི་མིན་ན་ལས་བྱེད་པ་རེད་འདུག

ཞྭ་མོ་རིང་པོའི་སྟེང་ཡི་གེ་ཕྱེད་ཀ་ཙམ་ཡོད་པའི་ནང་བོད་ཡིག་ཡིག་འབྲུ་ན་དང་ཚོ་མཐོང་རྒྱུ་འདུག་པའི་དགེ་འདུན་པ་དེར་གཅིག་མཚུངས་ཀྱི་མཚོན་རྟགས་རང་བཞིན་ཞིག་ལྡན་འདུག དེའི་ནང་ཁོང་གི་བྲང་ཁོག་མདུན་རྩ་ཆེན་ཕྱག་དཔེ་མང་པོ་ཞིག་བཏགས་འདུག་པ་དང་ཡང་ཁོང་གི་མདུན་དུ་ཡོད་པའི་ཤིང་གི་ཐེར་གེ་འདིའི་སྟེང་མཆོད་ཆས་དང་སྐུ་ཐང་བཅས་ཆོས་ཕྱོགས་ཀྱི་དངོས་པོ་ཡོད་པ་ཁག་རྙིང་པ་བཞི་ལ་བརྩིས་ཡོད། མི་འགའ་རེས་ཁོང་ནི་གཙུག་ལག་ཁང་ཇོ་བོ་ཤཱཀྱ་མུ་ནེའི་ལྷ་ཁང་ལ་དོ་དམ་གནང་མཁན་དཀོན་གཉེར་དཔོན་རེད་ཟེར་བ་དང་ཡང་འགའ་རེས་ཁོང་ནི་འབྲས་སྤུངས་དགོན་པའི་མཁན་པོ་བཞིའི་ནང་གི་རྒྱས་པ་མཁན་པོ་རེད་ཟེར་མཁན་ཡང་འདུག ཡང་འགའ་རེས་ཁོང་ནི་སེ་ར་དགོན་པའམ་དགའ་ལྡན་དགོན་པའི་དགེ་འདུན་པ་མཐོ་གྲས་ཤིག་རེད་ཟེར་མཁན་འདུག དོན་དངོས་ཐོག་བཙན་ཤེད་ཀྱིས་སྲུང་མའི་ཆས་གོས་གཡོགས་ཏེ་ཁྲོམ་སྐོར་དུ་ཁྲིད་པའི་དེ་མོ་རིན་པོ་ཆེ་དང་ཡང་ན་དམར་སྲུང་དམག་གིས་རྡོ་རྗེ་གཞུས་ཏེ་དམར་གསོད་བཏང་བའི་ལྷ་བཙུན་རིན་པོ་ཆེ་ཡིན་པར་རྩིས་ནའི་མ་འགྲིག་པ་མི་འདུག

མཐའ་སྐོར་ནས་ལྟ་མཁན་སྐོར་རྭ་ཕྱི་ནང་ཁ་ཤས་(དེའི་ནང་ད་དུང་ཞྭ་མོ་རིང་པོ་གཡོགས་པའི་བུད་མེད་ཅིག་གི་གཟུགས་པོའི་སྟེང་ལྷམ་མང་པོ་བཏགས་ཡོད་པ་འདིའི་དོན་སྙིང་གང་ཡིན་ནམ།)ཡོད་པའི་ནང་བཅིངས་འགྲོལ་ཐོབ་ནས་དགའ་སྤྲོ་འཕེལ་ཏེ་སྐུལ་མ་ཐེབས་པའི་མི་ག་ཚོད་ཙམ་ཡོད་པ་དང་ཡང་མི་ག་ཚོད་ཙམ་ཞིག་འཇིགས་སྣང་དང་སྐྲག་སྣང་སྐྱེས་ཀྱི་ཡོད་དམ། དེ་བཞིན་མི་ག་ཚོད་ཙམ་གྱིས་རང་ཉིད་ཀྱི་ཆེད་སེམས་ངན་བཅངས་ཏེ་ཁོག་རྩིས་རྒྱབ་ཀྱི་ཡོད་པ་ཡིན་ནམ། དེ་དག་ང་ཚོས་ཀྱང་ཤེས་ཐུབ་ཐབས་མེད་པ་རེད། ཡིན་ནའི་ང་ཚོས་ཤེས་པ་གཅིག་ནི་དོན་དངོས་ཐོག་བྲན་གཡོག་ནི་ད་དུང་ཡང་བྲན་གཡོག་ཡིན་པ་རེད་འདུག འདི་ལྟ་བུའི་འཛུམ་མདངས་ཁྲོད་ནས་བདག་པོ་གསར་པ་ཞིག་ཐོན་ཡོང་བའི་སྐབས་དེ་སྔོན་ནང་པ་སངས་རྒྱས་ཆོས་ལུགས་དར་ཁྱབ་བྱ་ཡུལ་གྱི་ས་ཆ་འདི་དྲང་བདེན་མེད་པའི་ཁྲིམས་རྭ་ཞིག་ཏུ་གྱུར་བའི་སྐབས་དེར་མི་གཅིག་གི་ངོས་ལ་ཉེས་མེད་ཉེས་བཙུགས་བྱས་པའི་ཐོག་བརྙས་བཅོས་བཏང་བའི་ངང་འདྲི་རྩད་བྱ་སྐབས་མི་རྒན་གཞོན་ཕོ་མོ་ཚང་མ་མཐའ་སྐོར་ནས་ཡོད་པ་ཚོས་ངན་རོགས་ཀྱི་གྲས་ལ་ཚུད་ཀྱི་མེད་པ་ཡིན་རུང་ཉུང་མཐར་ཕྱི་ཚུལ་གྱི་རྣམ་པའི་ཐོག་ཁ་ལ་ཉན་པོ་ཡོད་པའི་ཁོ་པ་ཚོ་ནི་དོན་དངོས་བྲན་གཡོག་རང་རེད། ཁོང་ཚོར་དོན་དངོས་ཐོག་བཅིངས་འགྲོལ་གཙང་མ་ཞིག་རྩ་བ་ནས་བཏང་མེད་པ་རེད།

གསུང་ཆོས་རྭ་བ་འདི་བཞིན་དེ་སྔའི་ཆོས་ལུགས་ཀྱི་དོན་སྙིང་ལྡན་པའི་རྣམ་པ་ངོ་མ་དེ་སྐབས་དེ་དུས་མེད་པར་གྱུར་ཡོད། སྐབས་དེ་དུས། མ་རེད། སྐབས་དེའི་དུས་རབས་ལ་བོད་མི་ཚོས་འགྲོ་བ་མིའི་རིགས་ཀྱི་མི་གསོད་འཕྲོག་བཅོམ་བྱེད་པའི་དུས་སྐབས་ཤིག་ཡིན་པར་བརྗོད་ཀྱི་ཡོད། གྲངས་ལས་འདས་པའི་དམའ་འབེབས་འདི་རྣམས་གསུང་ཆོས་རྭ་བའི་ས་སྟེང་གི་རྡོ་རེ་རེའི་ཐོག་གཏིང་ཟབ་བརྐོས་ཡོད། གསུང་ཆོས་རྭ་བ་དེ་དུས་འདི་ནས་བཟུང་སྤྱི་ལོ་༡༩༦༦ལོ་ནས་འགོ་ཚུགས་པའི་གསར་བརྗེ་འདིའི་དཔང་པོར་གྱུར་ཡོད་པ་རེད།