བར་སྐོར་འདི་བཞིན་གསར་འཛུགས་ལམ་ཆེན་ཟེར་བར་བསྒྱུར་བ།

༄༅།། བར་སྐོར་ནི་ཆོས་ཕྱོགས་གོ་དོན་གཟབ་པོ་ཡོད་པའི་མིང་ཞིག་ཡིན་པ་དང་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཐོག་ཡོད་པའི་<<ལྷ་སའི་བར་སྐོར་ཁུལ་གྱི་གནའ་བོའི་འཛུགས་སྐྲུན་ངོ་སྤྲོད་མདོར་བསྡུས།>> ཞེས་པའི་དེབ་དེའི་ནང་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ལ་སྐོར་ལམ་བར་རིམ་གསུམ་ཡོད་པ་སྟེ། གཙུག་ལག་ཁང་ནང་གི་ལྷ་ཁང་ཚུད་པའི་མཐའ་སྐོར་བར་ཁྱམས་ཀྱི་སྐོར་ལམ་དེ་སྐོར་བ་ནང་མ་དང་གཙུག་ལག་ཁང་མཐའ་སྐོར་ནས་ཡོད་པའི་ལམ་དེ་སྐོར་བ་དཀྱིལ་མ་ཆགས་ཀྱི་ཡོད། དེ་ནས་ཤར་ངོས་ཁ་ཆེའི་ལྷ་ཁང་དང་ལྷོ་ངོས་གླིང་སྐོར་ལམ། ནུབ་ངོས་ལྕགས་པོ་རི། བྱང་ངོས་ར་མོ་ཆེ་གཙུག་ལག་ཁང་མངའ་ཁུལ་ཚུད་པའི་ལྷ་ས་གྲོང་ཁྱེར་དབུས་འདི་མཐའ་སྐོར་ནས་ཡོད་པར་གླིང་སྐོར་ལམ་ཞེས་བརྗོད་ཀྱི་ཡོད། (ཕྱིའི་སྐོར་ལམ་ལ་ཁྱོན་ཡོངས་ཀྱི་རིང་ཚད་སྤྱི་ལེ་བཅུ་ཙམ་ཡོད།) དེར་བརྟེན་དཀྱིལ་གྱི་སྐོར་ལམ་ལ་བར་སྐོར་ཞེས་འབོད་སྲོལ་ཆགས་པ་རེད།

ཡང་བར་སྐོར་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ལ་བརྟེན་ནས་ཆགས་པ་ཞིག་དང་དེའི་ཐོག་མའི་རྣམ་པ་ནི་ལྡེབས་རིས་ཐོག་གསལ་བ་བཞིན་དུས་རབས་བདུན་པའི་སྐབས་ཀྱི་གཙུག་ལག་ཁང་མཐའ་སྐོར་ལ་བཙན་རྫོང་ལྟ་བུའི་རྡོ་ཁང་དང་སྦྲ་གུར་མཐོང་རྒྱུ་ཡོད་པ་རེད། དེ་སྔ་དུས་ཡུན་རིང་པོ་ཞིག་ནང་འདི་ཁུལ་ནི་ལྷ་སའི་སྤྱི་ཚོགས་གཅིག་པུ་འདི་ཡིན་ཞིང་། དཔེར་ན་དེབ་འདིའི་ནང་འཁོད་པ་བཞིན་བར་སྐོར་ནང་གཏིང་པའི་རྡོ་ལམ་ངོས་ལ་རིང་ཚད་སྤྱི་ལེ་གཅིག་ཡོད་པ་དེའི་གཡས་གཡོན་ལ་ཚོང་ཁང་དང་གྲོང་མིའི་སྡོད་ཁང༌། དེ་བཞིན་ལྷ་ཁང་དང་རྟ་ར་བཅས་གྲལ་སྟར་སྒྲིག་པོའི་འཛུགས་སྐྲུན་གྱིས་གཙུག་ལག་ཁང་མཐའ་བསྐོར་ནས་ཡོད་པ་རེད། ཡང་དེའི་བཀོད་བཟོ་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡོད་པས་མི་རྣམས་ཀྱིས་དོ་སྣང་ཆེན་པོ་ཡོང་གི་ཡོད་པར་བརྟེན་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་མཁན་གནས་མཇལ་བ་དང་ཚོང་པ། ཚོང་འདུས་དང་རྟེན་འབྲེལ་བྱེད་སྒོ་སྤེལ་ཡུལ་གྱི་ལྟེ་གནས་སུ་གྱུར་ཡོད་པ་རེད་ཅེས་འཁོད་བཞག ཁྲོམ་གཞུང་དེའི་ཐོག་འཇིག་རྟེན་ཁྱིམ་པའི་འཚོ་བའི་རྣམ་པས་ཁེངས་ནས་ཡོད་པ་མ་ཟད། ད་དུང་འཇིག་རྟེན་ཁྱིམ་པའི་འཚོ་བ་ལས་ཐར་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་རྣམ་པ་ཡང་ལྡན་ཡོད་ལ། རང་ཁྱིམ་གྱི་ཐབ་ཀྱི་དུ་བ་དང་སྤོས་དང་མཆོད་མེའི་དུ་བ། ཡང་དངུལ་ཕྲན་བུ་དང་བསྙེན་བཀུར་ཞུ་བ། ཁྱིམ་ཚང་གི་འཚོ་བ་དང་རྣམ་དཀར་དགེ་བའི་ལས་ལ་བརྩོན་མཁན་སོགས་ཚང་མ་ཧ་ཅང་འཆམ་མཐུན་ངང་མཉམ་དུ་འབྲེལ་ནས་ཡོད་པ་རེད། སྲིད་དབང་གསར་པས་ཚབ་མ་བྱས་གོང་གི་བོད་ལ་ཁྲོམ་གཞུང་དེའི་སྟེང་ད་དུང་སྲིད་དབང་རྙིང་པའི་ཚན་པ་ཁག་གནས་ཡོད་པ་སྟེ། དཔེར་ན་བཙོན་ཁང་དང་སྨན་ཁང༌། སྦྲག་ཁང༌། དམག་སྒར། གྲོང་ཁྱེར་སྲིད་གཞུང་བཅས་ཡོད་པར་བརྟེན་བར་སྐོར་འདི་བཞིན་ཆོས་མཇལ་དང་སྐོར་རྭར་སྐྱོད་སའི་ཁྲོམ་ལམ་གཅིག་པུ་ཙམ་མ་ཡིན་པར་ད་དུང་བོད་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུ་ཡོད།

འདི་ལྟར་བར་སྐོར་ལ་རྐྱང་ཕྱག་ཕུལ་མཁན་གྱི་རྣམ་པ་ཉིན་ལྟར་མཐོང་རྒྱུ་ཡོད་པ་དང་བསམ་པ་རྣམ་པར་དག་པའི་དད་ལྡན་པ་ཁོང་རྣམས་བོད་ཀྱི་ས་ཕྱོགས་ཁག་ནས་ཡིན་ཞིང་ཁོང་ཚོའི་ཁྲོད་ཕོ་མོའི་དབྱེ་བ་མེད་ལ། རྒན་གཞོན་དང་སྐྱ་སེར་གྱི་དབྱེ་བ་ཡང་མེད་པ་རེད།

ཡིན་ན་ཡང་བར་སྐོར་ཁྲོམ་གཞུང་ཞེས་པའི་ས་ཆའི་མིང་འདི་རྒྱ་སྐད་ནང་བརྗོད་སྐབས་ཟུར་བརྒྱད་ཁྲོམ་གཞུང་ཞེས་འབོད་ཀྱི་ཡོད་པ་དང༌། ཡང་གོ་དོན་ལེན་ཚུལ་ནོར་འཁྲུལ་ཤོར་བའི་སྒྲ་བཏོན་སྟངས་འདི་སྤྱི་ལོ་༡༩༥༠ལོར་བོད་ནང་འཛུལ་མཁན་གྱི་བཅིངས་འགྲོལ་དམག་གི་དཔུང་ཁག་ནང་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་དམག་མི་དང་ཡང་ན་དེ་ལས་སྔ་བ་ཆིང་རྒྱལ་རབས་ཀྱི་བོད་ལ་བཅའ་སྡོད་ཨམ་བན་གྱི་དུས་སྐབས་སུ་བརྗོད་ན་ཡང་ཆོག ཡིན་ནའི་ཟི་ཁྲོན་གྱི་མི་དང་འབྲེལ་བ་ཡོད་པ་འདི་གཏན་འཁེལ་བ་རེད། ཟི་ཁྲོན་གྱི་སྐད་ཆའི་ནང་སྐོར་ཟེར་བ་ཀློག་སྐབས་རྒྱ་སྐད་ཀྱི་སྒྲ་ཇའོ་དང་ཟུར་ཡི་གོ་དོན་ཡིན་པར་བརྟེན་བར་སྐོར་ཁྲོམ་གཞུང་དེ་ཟུར་བརྒྱད་ཁྲོམ་གཞུང་ལ་གྱུར་བ་དེར་ཧ་ལས་དགོས་དོན་མེད། ཡིན་ནའི་བར་སྐོར་གྱི་གོ་དོན་ནི་ཟུར་བརྒྱད་ཡོད་པ་ཞིག་རྩ་བ་ནས་མ་ཡིན་ལ། ཐོག་མའི་སྒྲའི་བཏོན་སྟངས་ཀྱང་Ba Jiao Jie ཟེར་གྱི་མེད་པ་རེད། སྤྱི་ལོ་༡༩༦༦ ལོའི་ཟླ་༨ཚེས་༢༦གི་ཉིན་མོ་དེར་བར་སྐོར་ཁྲོམ་གཞུང་ཐོག་གམ་ཡང་ན་ཟི་ཁྲོན་གྱི་མིས་སྔ་ས་ནས་ཟུར་བརྒྱད་ཁྲོམ་གཞུང་ཞེས་འབོད་པའི་ཁྲོམ་གཞུང་རྙིང་པ་དེར་གསར་བརྗེའི་གོ་དོན་གྱི་རྣམ་པས་ཁེངས་པའི་མིང་གསར་པས་ཆོས་ལུགས་ཀྱི་གོ་དོན་གཏིང་ཟབ་མཚོན་པའི་མིང་རྙིང་པ་དེའི་ཚབ་བྱས་པ་རེད། བར་སྐོར་ཁྲོམ་གཞུང་དང་ཡང་ན་ཟུར་བརྒྱད་ཁྲོམ་གཞུང་གང་ཡིན་རུང་གང་ལྟར་ཁྲོམ་གཞུང་དེར་དུས་དེ་ནས་བཟུང་གསར་འཛུགས་ལམ་ཆེན་ཞེས་མིང་བསྒྱུར་བྱས་ཡོད་པ་རེད།

བར་སྐོར་ཁྲོམ་གཞུང་སྟེང་གི་ཁྲ་ཆིལ་དགུ་ཆིལ་གྱི་ཁྲོམ་བཀྱག་གིས་ས་ཕྱོགས་ཁག་ནས་ཕེབས་པའི་མགྲོན་པོ་ཚོའི་བློ་ཡིད་འགུག་བཞིན་ཡོད་པ་རེད།

ད་དུང་ཁྲོམ་གཞུང་གཞན་ཁག་ཅིག་གི་མིང་ལ་ཡང་བསྒྱུར་བ་བཏང་ཡོད་པ་དཔེར་ན། རྡོ་སེང་གེ་ལམ་ལ་ཤིན་ཧྭ་ལམ་ཟེར་བ་དང་གཡུ་ཐོག་ལམ་ལ་མི་དམངས་ལམ་ཟེར་བ། ལྕང་གསེབ་ཤར་ལ་པེ་ཅིང་ལམ་ཟེར་བསྒྱུར་བ་བཏང་ཡོད། དེ་བཞིན་གྲོང་མི་ཨུ་ཡོན་ལྷན་ཁང་ཁག་གི་མིང་ཡང་བསྒྱུར་བ་བཏང་ཡོད་པ་དཔེར་ན། བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་མིང་ལ་གསར་འཛུགས་གྲོང་མི་ཨུ་ཡོན་ལྷན་ཁང་ཟེར་བ་དང༌། བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་མིང་ལ་འོད་ཟེར་གྲོང་མི་ཨུ་ཡོན་ལྷན་ཁང༌། ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་མིང་ལ་ཤར་ཕྱོགས་དམར་གྲོང་མི་ཨུ་ཡོན་ལྷན་ཁང་བཅས་ལ་བསྒྱུར་བ་བཏང་ཡོད། དེའི་ཐོག་ནས་ལྷ་ས་གྲོང་ཁྱེར་འདི་བཞིན་རང་ཉིད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སྲོལ་རྒྱུན་རིག་གཞུང་བཅས་དང་འབྲེལ་བ་རྩ་བ་ནས་མེད་པའི་མིང་ཚིག་གསར་པ་མང་དག་ཅིག་བཏགས་ནས་ཡོད་པ་རེད།

fleft

དུས་ཀྱི་འཕོ་འགྱུར་དང་རྒྱུགས་ཕྱོགས་ཀྱིས་སླར་ཡང་འཁོར་བའི་ཆོས་ཉིད་གྱེན་དུ་ལྡོག་པའི་སྐབས་དེར་གསར་འཛུགས་ལམ་ཆེན་ཟེར་བའི་མིང་འདི་མེད་པ་བཟོས་པ་རེད། དེ་སྔ་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཟུར་པ་བཅུ་བཞི་(གསང་མིང་)ཡིས་དྲན་གསོས་ཀྱིས་སྤྱི་ལོ་༡༩༥༩ལོའི་རྗེས་ལ་ང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་དེར་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་ཟེར་གྱི་ཡོད། རིག་གནས་གསར་བརྗེའི་སྐབས་གསར་འཛུགས་ཨུ་ཡོན་ལྷན་ཁང་ཞེས་མིང་ལ་བསྒྱུར་བ་བཏང་ཡོད་པ་རེད། ཡང་སྤྱི་ལོ་༡༩༨༡ལོའི་རྗེས་དབུས་གཞུང་གི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཚུགས་རྗེས་ཁྲེང་ཀོན་ཆུས་ཀྱི་འགོ་ཁྲིད་ཆོས་འཕེལ་ནས་མིང་གསར་པ་འདི་འོས་འཚམས་མེད་པས་མིང་རྙིང་པ་རང་འཇགས་བེད་སྤྱོད་བྱས་ན་ལེགས་པ་ཡོད་པ་བརྗོད་བྱུང༌། དེར་བརྟེན་དེ་སྔའི་མིང་དེ་རང་ལ་བསྒྱུར་བ་བཏང་བ་རེད་ཅེས་གསུངས་བྱུང༌། དེ་སྔ་ཡིག་ཆེན་ཚགས་པར་དང་ཟུར་ཟའི་རི་མོས་ཁེངས་ནས་ཡོད་པ་དང་ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིང་གཏོང་སའི་གསར་འཛུགས་ལམ་ཆེན་དེ་ད་ཆ་བསྐྱར་དུ་བོད་མི་ཚོའི་ཁ་རྒྱུན་དུ་ཡོད་པའི་བར་སྐོར་ཆགས་ཡོད་ལ། བསྐྱར་དུ་རྒྱ་མི་ཚོའི་ཁ་རྒྱུན་དུ་ཡོད་པའི་ཟུར་བརྒྱད་ཁྲོམ་གཞུང་དང་ཡང་དད་ལྡན་པ་ཚོས་སྐོར་བ་བསག་སའི་ཆོས་ཕྱོགས་ཀྱི་ཁྲོམ་གཞུང་དུ་བསྐྱར་གསོ་ཐུབ་ཡོད་པ་མ་ཟད། ཚོང་གཉེར་བྱ་ཡུལ་གྱི་ཚོང་ལས་ཁྲོམ་གཞུང་ཞིག་ཀྱང་ཆགས་ཡོད། འོན་ཀྱང་ཁྲོམ་གཞུང་དེའི་ཐོག་གསང་བའི་ཉེན་རྟོག་པ་མང་ཤོས་གནས་ས་ཞིག་ཡིན་པ་ནི་སྤྱི་ལོ་༡༩༨༧ལོ་དང་༡༩༨༩ལོར་ཁྲོམ་གཞུང་དེའི་ཐོག་ཟིང་འཁྲུག་ཟེར་བ་ལངས་པའི་རྐྱེན་གྱིས་ཡིན་པ་རེད།

ཚེམ་བཟོ་བ་བློ་བཟང་ནས་ཀྱང་དེ་སྔ་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བྱེད་མྱོང་ཡོད་པ་དང་སྐབས་དེ་དུས་ཁོ་པ་ནི་འགན་འཛིན་གཞོན་པ་རེད། དེ་སྔོན་སྤྱི་ལོ་༡༩༥༩ ལོ་ནས་ཁོང་ནི་གཞི་རིམ་ལས་བྱེད་པ་གསོ་སྐྱོང་བྱ་ཡུལ་ཞིག་དང་རིག་གནས་གསར་བརྗེའི་སྐབས་རྙིང་པ་བཞི་ཟེར་བ་རྩ་གཏོར་བྱ་སྐབས་མདུན་དུ་སྐྱོད་མཁན་ཞིག་ཡིན་པ་རེད། མི་མང་པོས་ཁོ་པ་ཧུར་བརྩོན་ཆེན་པོ་ཡོད་པ་མ་ཟད་ལས་འགུལ་ཚང་མའི་ནང་ཞུགས་ཡོད་པ་གསུངས་ཀྱི་འདུག ད་ཆ་བློ་བཟང་རྒས་ཡོལ་ཞུས་ཟིན་པ་དང་ཆོས་ལ་དད་པ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་གསུངས་མཁན་ཡང་འདུག

fleft

སྤྱི་ལོ་༢༠༠༣ལོའི་ཟླ་གཉིས་པའི་ཟླ་མཇུག་དང་བོད་ཀྱི་ལོ་གསར་གྱི་གོང་ཙམ་ལ་དེ་སྔ་ཁོ་པ་ཡང་ཧུར་བརྩོན་ཅན་བྱེད་མྱོང་ཡོད་པའི་བགྲེས་སོང་བྱམས་པ་རིན་ཆེན་གྱི་རོགས་རམ་འོག་བར་སྐོར་ལྷོ་ལམ་བླ་བྲང་རྙིང་པའི་ཐོག་རྩེགས་གསུམ་ཐོག་ལ་ཡོད་པའི་བློ་བཟང་གུས་མོས་དངོས་སུ་ཐུག་བྱུང༌། སྐབས་དེ་དུས་ཁོང་མགོ་དཀར་ལ་གཟུགས་སྟོབས་ཉམས་པའི་རྒན་འཁོགས་ཤིག་ཆགས་འདུག ཁོང་གིས་ཆེ་ཤེལ་ལྟ་བུའི་མིག་ཤེལ་མཐུག་པོ་ཞིག་བཏགས་འདུག་པ་དེས་ཁོང་གི་མིག་གཉིས་ཀྱི་དབྱིབས་འགྱུར་བ་ནང་བཞིན་ཁྱད་མཚར་ཞིག་མངོན་གྱི་འདུག རྒྱུས་མངའ་མེད་མཁན་ཞིག་ནས་གློ་བུར་ཁོང་ལ་བཅའ་འདྲི་ཞུ་ཡི་ཡིན་ཟེར་མཁན་ལ་དོགས་ཟོན་ངང་བཅའ་འདྲིར་དང་ལེན་མི་བྱེད་པར། གལ་ཏེ་ཁོ་རང་ལ་བཅའ་འདྲི་བྱེད་དགོས་ན་ངེས་པར་དུ་ཁྲེན་ཀོན་ཆུས་ནས་གྲོང་མི་ཨུ་ཡོན་ལྷན་ཁང་ལ་བྲིས་པའི་ངོ་སྤྲོད་ཡི་གེ་དགོས་པ་དང་དེས་མིན་ན་ཁོང་གིས་མོས་མཐུན་བྱེད་རྒྱུ་མིན་པ་བརྗོད་བྱུང༌། ཕར་ལྟ་དུས་ཁོང་གིས་ད་དུང་ཡང་གཞི་རིམ་ལས་བྱེད་པའི་ཟབ་ནན་གྱི་བྱེད་སྟངས་དེ་སྔར་རྒྱུན་བཞིན་རྒྱུན་འཁྱོངས་བྱེད་བཞིན་འདུག ཡིན་ནའི་འདྲ་པར་ལེན་རྒྱུར་ཁོང་གིས་མོས་མཐུན་བྱེད་ཀྱི་འདུག བྱས་ཙང་བྲེལ་འཚུབ་ངང་འདྲ་པར་གཉིས་བརྒྱབ་པ་ཡིན། ཁོང་གི་ས་ནས་ཕྱིར་ཐོན་ཡོང་སྐབས་ཁང་པའི་ཟུར་ཞིག་ལ་ཚེམ་བུའི་འཁོར་ལོ་ཞིག་བཞག་ཡོད་པ་མཐོང་བྱུང་བས་བློ་བཟང་གིས་མི་ཚེ་གཅིག་རིང་གསར་བརྗེ་བྱས་ཀྱང་ད་དུང་ཚེམ་བཟོ་བ་བློ་བཟང་རང་ཡིན་པར་མངོན་གྱི་ཡོད།

ནོར་བུ་གླིང་ཁ་མི་དམངས་སྤྱི་གླིང་ཟེར་བར་མིང་བསྒྱུར།

༄༅༑ ཡང་དཔེར་ན་ནོར་བུ་གླིང་ཁར་ཆ་མཚོན་ན། བོད་ཀྱི་བླ་མའི་རྒྱལ་ལྡན་རྒྱལ་ཁབ་རྒྱུད་ཀྱི་ངོས་ནས་བཤད་ན། ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ཁ་གཉིས་པོ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་ཡིན་པ་རེད། ལྷ་སའི་རི་རླུང་གི་དཀྱིལ་ནས་ཀྲོང་ངེར་ཡོད་པའི་གནས་རི་དམར་པོ་རིའི་སྟེང་གི་ཕོ་བྲང་པོ་ཏཱ་ལའི་ལོ་རྒྱུས་ནི་དེ་བས་ཡུན་རིང་ལྡན་པ་དང་མཆོག་ཏུ་གྱུར་པ་ཞིག་མངོན་གྱི་ཡོད། ཕོ་བྲང་འདི་ནི་༡༣༠༠ ལོ་ལྷག་ཙམ་གྱི་གོང་ནས་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་ནས་ཐོག་མའི་མཁར་རྫོང་གི་བཟོ་དབྱིབས་འདི་བཞེངས་ཤིང་སྤྱི་ལོ་༡༦༤༢ལོར་རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་གནང་བ་དང་བོད་ས་གཅིག་གྱུར་བྱུང་ནས་བོད་ས་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་གྱུར་ཡོད་པ་རེད། ཡང་གང་ཉིད་ཀྱི་མཛད་རྗེས་གཞན་ཞིག་ནི་ཚང་མས་དོ་སྣང་བྱ་ཡུལ་དུ་གྱུར་པའི་ཕོ་བྲང་པོ་ཏྭ་ལའི་འཛུགས་སྐྲུན་འདི་ཡིན་པ་དང༌། གཞི་རྒྱ་ཆེ་བའི་ཕོ་བྲང་པོ་ཏཱ་ལ་དུས་དེ་ནས་བཟུང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མཚོན་བྱེད་ཅིག་ཆགས་ཡོད། ཡང་གང་ཉིད་ཕོ་བྲང་དེར་གཏན་བཞུགས་གནང་ཡོད་པ་མ་ཟད། དེར་དགོངས་པ་ཆོས་དབྱིངས་སུ་ཕེབས་ནས་གསེར་གདུང་མཆོད་རྟེན་འཛམ་གླིང་རྒྱན་གཅིག་བཞེངས་ཡོད་པས་དེ་ནས་བཟུང་རྒྱལ་མཆོག་སྐུ་འཕྲེང་རིམ་བྱོན་ནས་རྒྱུད་འཛིན་གནང་བའི་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱལ་མཆོག་སྐུ་འཕྲེང་བདུན་པའི་སྐབས་བཞེངས་པའི་ནོར་བུ་གླིང་ཁ་འདི་ད་ལྟ་བར་ལོ་ངོ་གསུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང༌། དེར་རང་བྱུང་ཁམས་ཆེན་པོ་དང་འཇིག་རྟེན་དམངས་ཁྲོད་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཡིན་པས་རྗེས་ཕེབས་རྒྱལ་དབང་རིམ་བྱོན་ནས་ཐུགས་མཉེས་པོ་གནང་གི་ཡོད། ལོ་ལྟར་དབྱར་དུས་ཤར་བ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནོར་བུ་གླིང་ཁར་བཞུགས་གནས་སྤོས་གནང་བའི་ཉིན་མོ་དེ་ནི་ལྷ་སའི་དུས་ཆེན་ཞིག་ཆགས་ཀྱི་ཡོད། མཛེས་ཞིང་ལྟ་ན་སྡུག་པའི་ཉི་འོད་འོག་དགུན་ཆས་མཐུག་པོ་ཕུད་ནས་དབུལ་ཕྱུག་གི་དབྱེ་བ་ལ་མ་ལྟོས་པར་ཚང་མ་ཕྱིར་ཐོན་ཏེ་ལག་ཏུ་མཇལ་དར་འཁྱེར་བཞིན་ལམ་གཡས་གཡོན་ལ་ལངས་ནས་སེམས་སྟེང་གི་སྤྱན་རས་གཟིགས་དབྱར་དུས་བཞུགས་ཡུལ་ཕོ་བྲང་ལ་ཆིབས་བསྒྱུར་གནང་བར་ཕེབས་བསུར་བཅར་གྱི་ཡོད་པ་རེད། རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་མཆོག་གི་མཛད་རྣམ་ཕྱག་དེབ་<<བཙན་བྱོལ་ནང་གི་རང་དབང།>>ཞེས་པ་དེའི་ནང་ཕྱིར་དྲན་གནང་བར། གུས་པ་རྩེ་ཕོ་བྲང་གི་ཁང་པ་ནག་ཁུང་དེ་དང་ཁ་བྲལ་བའི་དུས་འདི་ལོ་གཅིག་ནང་ང་དགའ་སྣང་ཆེ་ཤོས་ཀྱི་ཉི་མོ་ཞིག་ཡིན་པ་ཐེ་ཚོམ་མེད་པ་རེད་། དུས་ཚེགས་འདིའི་སྐབས་ལྗོན་ཤིང་རྣམས་ལ་མྱུ་གུ་བཏང་ནས་ལོ་མ་སྐྱེད་པ་དང་། གང་སར་གསར་དུ་ཐོན་པའི་རང་བཞིན་གྱི་མཛེས་པོ་མངོན་གྱི་འདུག འོན་ཀྱང་སྤྱི་ལོ་༡༩༥༩ ལོའི་ཟླ་༣ཚེས་༡༧ཉིན་གྱི་མཚན་མོ་ནོར་བུ་གླིང་ཁ་དེ་གང་ཉིད་ཀྱི་ལོ་ངོ་ལྔ་བཅུའི་བཙན་བྱོལ་གྱི་ལམ་བུ་དེ་ནས་དབུ་ཚུགས་ཡོད་པ་རེད། དེ་ནས་ཉིན་ཤས་སོང་བའི་རྗེས་ལྷ་སར་སྔར་བྱུང་མ་མྱོང་བའི་ཤུགས་གྲགས་ཆེ་བའི་མེ་སྒྱོགས་ཀྱི་མེ་ལྕེ་དྲག་པོའི་ནང་ནོར་བུ་གླིང་ཁ་དེ་དམར་གསོད་བྱ་སའི་ས་ཆ་ཞིག་ལ་གྱུར་བ་དང་གྲངས་ལས་འདས་པའི་བོད་མི་ཟིང་འཁྲུག་སློང་མཁན་ཟེར་བར་རྩིས་ཏེ་ས་ཆ་དེར་ཁྲག་འདོན་ནས་སྲོག་ཤོར་ཡོད་པ་རེད། ལོ་མང་སོང་བའི་རྗེས་སུ་ཡང་རྩིག་གྱང་འགའ་ཞིག་གི་སྟེང་མདེའུ་ཕོག་པའི་ཤུལ་གསལ་པོ་མཐོང་རྒྱུ་ཡོད་པ་མ་ཟད་ལྕགས་རི་དམར་པོའི་འོག་ལ་བསྔོག་ན་མི་ཡི་རུས་པ་མང་པོ་འདོན་རྒྱུ་ཡོད། སྤྱི་ལོ་༡༩༥༩ ལོར་ནོར་བུ་གླིང་ཁ་དུས་དེ་ནས་བཟུང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་ཁྲག་དྲི་བྲོ་བའི་བདེན་དཔང་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།

ནོར་བུ་གླིང་ཁ་དེ་དུས་ནས་བཟུང་མིང་དོན་མི་མཚུངས་པ་ཞིག་ཏུ་གྱུར་བ་རེད། སྤྱི་ལོ་༡༩༦༦ ལོའི་གོང་མིང་དེ་སྔར་མུས་བཞིན་གནས་ཡོད་ན་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མེད་པའི་ནོར་བུ་གླིང་ཁ་དེ་ད་དུང་ཡང་ནོར་བུ་གླིང་ཁ་ཞིག་རེད་དམ། དེ་ཡང་སྲིད་གཞུང་གསར་པའི་ངོས་ནས་ཕལ་ཆེར་བསམ་བློ་གཏོང་དགོས་པ་ཞིག་ཡིན་གྱི་རེད། མི་དམངས་ཀྱི་མིང་ཐོག་ནས་བསྐྱར་དུ་མིང་གསར་པ་བཏགས་པ་དེ་འཆར་གཞི་དང་ལྡན་པའི་ཐོག་ནས་རང་དོན་གྲུབ་པ་ཞིག་མ་རེད་དམ། གྱེན་ལོག་གི་སྙིང་སྟོབས་ལྡན་པའི་དམར་སྲུང་དམག་གི་དཔའ་བོ་ཆུང་ཆུང་དེ་ཚོས་ཐོག་མར་སྣེ་ཁྲིད་དེ་སྒྲོག་སྦྱང་བྱས་དོན། ནོར་བུ་གླིང་ཁ་ཟེར་བའི་མིང་དེ་དེ་སྔ་ཏཱ་ལ་ཡི་རང་ཉིད་ཀྱི་མིང་གི་ཐོག་ནས་བཏགས་པ་ཞིག་རེད། ཏཱ་ལའི་ནི་ཆེས་ལོག་སྤྱོད་དང་ཆེས་མུན་ནག ཆེས་གདུག་རྩུབ། ཆེས་ཀླ་ཀློའི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་རྩ་བ་ཡིན་པས་ངལ་རྩོལ་མི་དམངས་ཀྱིས་འཛུགས་སྐྲུན་བྱས་པའི་གླིང་ཁའི་མིང་ལ་ཏཱ་ལ་ཡི་མིང་ངན་དེ་ང་ཚོས་རྩ་བ་ནས་བེད་སྤྱོད་བྱེད་རྒྱུ་མེད་ཟེ་བརྗོད་ཡོད།

སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༨ཀྱི་ཉིན་མོ་དེར་སྐྱེ་ཁུངས་མངའ་བདག་ཆེན་པོ་གསུམ་ཟེར་བའི་ཁྱིམ་ཚང་ནས་ཡིན་པའི་དབང་གིས་སློབ་གྲྭའི་ནང་གི་དགག་པ་འཐབ་འཛིང་ལ་གཡོལ་ཐབས་བྱས་ཏེ་ནོར་བུ་གླིང་ཁའི་ནང་ཡིབ་ནས་དེབ་བྲིས་མཁན་བོད་ཡིག་དགེ་རྒན་དང་མཉམ་དུ་ཡོད་པའི་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་དེ་མོ་དབང་ཕྱུག་རྡོ་རྗེས་ནོར་བུ་གླིང་ཁའི་མིང་ལ་མི་དམངས་སྤྱི་གླིང་ཟེ་བསྒྱུར་བ་བཏང་བའི་བརྒྱུད་རིམ་ཆ་ཚང་དངོས་སུ་མཐོང་ཡོད་པས་ཁོང་གིས་ཕྱིར་དྲན་ངང་བརྗོད་དོན།

ལྷ་སའི་ལྷ་འདྲེ་གདོན་བགེགས་ཟེར་བ་ཐོག་མར་ཁྲོམ་སྐོར་ལ་ཁྲིད་པའི་ཉིན་གཉིས་པ་དེར་ནོར་བུ་གླིང་ཁའི་ནང་གི་སྐྱེད་ཚལ་ལས་ཀ་བྱེད་མཁན་བཟོ་པས་སྒྲིག་འཛུགས་བྱས་པའི་དམར་སྲུང་དམག་གི་གྱེན་ལོག་རུ་ཁག་ནས་ང་དང་རྒན་ལུང་འགོ་ཐད་ལགས་ཀྱི་ཉལ་ཁང་སྔོག་པར་རྒྱུགས་སླེབས་བྱུང༌། ང་ཚོའི་དངོས་པོ་ཡོངས་རྫོགས་ནོར་བུ་གླིང་ཁའི་རྒྱལ་སྒོའི་སྒོ་ཁར་དབྱུགས་པ་དང་ད་དུང་ངའི་པར་ཆས་ནང་གི་སྤྱིན་ཤོག་འཐེན་ནས་མེད་པ་བཟོས་སོང༌། སྐབས་དེ་དུས་ངས་འདྲ་པར་མི་ཉུང་བ་ཞིག་རྒྱབ་ཡོད། དེའི་ནང་མང་ཆེ་བ་ནི་ལྡེབས་རིས་ཡིན་པ་དང་དཔེར་ན་མཚོ་དཀྱིལ་ཕོ་བྲང་ནང་དེ་སྔ་ལྡེབས་རིས་ཡག་པོ་འདུག་ཀྱང་ལྡེབས་རིས་དེ་དག་རྙིང་པ་བཞི་ཟེར་བ་གཏོར་བའི་སྐབས་ཐེར་ཚལ་སྦར་ཚལ་བཟོས་བཞག ཡང་ང་ཚོའི་རླུང་འཕྲིན་འཕྲུལ་འཁོར་དེ་ཡང་དགྲ་བོའི་རྒྱང་བསྒྲགས་ཉན་བྱེད་ཡིན་པའི་དཔང་རྟགས་ཡིན་པར་བརྗོད་ཅིང་། དངོས་གནས་བཤད་ན། དགྲ་བོའི་རྒྱང་བསྒྲགས་ཟེར་བ་གང་དུ་ཡོད་མེད་ངས་དངོས་གནས་རྩ་བ་ནས་ཤེས་ཀྱི་མེད། ཁོ་པ་ཚོས་ང་གཉིས་རྒྱལ་སྒོའི་སྒོ་ཁར་མགོ་སྒུར་ཏེ་ཞོགས་པའི་རིང་བསླངས་ནས་བཞག་བྱུང༌། སྐབས་དེ་དུས་ད་དུང་དམར་སྲུང་དམག་མང་པོ་སླེབས་སོང་ཡང་ང་ཚོའི་སློབ་གྲྭ་ནས་མི་འདུག སློབ་གྲྭ་གཞན་ནས་རེད་འདུག ཁོ་ཚོ་མཉམ་དུ་འཛོམས་ཏེ་ནོར་བུ་གླིང་ཁར་སྒོ་སྦྱང་གསར་པ་བརྗེ་བ་དང་མིང་ལ་མི་དམངས་སྤྱི་གླིང་ཟེ་བཏགས་སོང༌། རྗེས་ལ་སློབ་གྲྭ་ནས་རྟ་འདྲེན་ཐེར་གེ་གཅིག་སླེབས་པ་དེའི་སྟེང་དམར་སྲུང་དམག་འགའ་ཤས་ཀྱིས་ལག་པར་གདུང་འཁྱེར་ཏེ་ང་ཚོ་ཕྱིར་སློབ་གྲྭར་ཁྲིད་བྱུང༌།

སྐབས་དེ་དུས་ཕོ་བྲང་པོ་ཏཱ་ལའི་མིང་མ་བརྗེ་པ་གང་ཡིན་མི་ཤེས། ནོར་བུ་གླིང་ཁར་མི་དམངས་སྤྱི་གླིང་ཟེ་མིང་ལ་བསྒྱུར་བ་བཏང་བ་ཡིན་དུས་ཡང་ཕོ་བྲང་པོ་ཏཱ་ལར་མི་དམངས་ཕོ་བྲང་ཟེར་བ་དང་ཡང་ན་མིང་གཞན་ལ་སྒྱུར་བ་མ་བཏང་བ་གང་ཡིན། ཕོ་བྲང་འདི་གཉིས་ནི་དེ་སྔ་མངའ་བདག་ཆེན་པོ་གསུམ་ཟེར་བའི་འགོ་གཙོས་ངལ་རྩོལ་མི་དམངས་ལ་གདུག་རྩུབ་གཉའ་གནོན་གཏོང་མཁན་གྱི་བཀས་བཀོད་རྒྱུད་འཛིན་གྱི་བཙན་རྫོང་གྲས་ཤིག་མ་རེད་དམ། བཤད་སྲོལ་ལ་དེ་སྔ་མི་འགའ་རེས་ཕོ་བྲང་པོ་ཏཱ་ལའི་མིང་ལ་ཤར་ཕྱོགས་དམར་ཕོ་བྲང་ཟེར་སྒྱུར་བ་གཏོང་དགོས་པའི་གྲོས་འགོ་བཏོན་མཁན་བྱུང་ཡོད་པ་རེད་འདུག ཡང་ཤར་ཕྱོགས་དམར་ཟེར་བ་ནི་ཉི་མ་ལྟར་དམར་བའི་མའོ་ཙེ་ཏུང་གིས་ཟིལ་རྔམ་ཕྱོགས་བཞིར་ཁྱབ་པའི་མཚོན་དོན་ཞིག་ཡིན་པ་རེད། རྗེས་སུ་མིང་ལ་སྒྱུར་བ་བཏང་མེད་ན་ཡང་རིག་གནས་གསར་བརྗེའི་ནང་མའོ་ཙེ་ཏུང་ཁྲི་ལོར་བརྟན་པར་ཤོག་ཟེར་བའི་སྐད་གྲགས་ཧ་ཅང་ཆེ་བའི་འབོད་ཚིག་ཡིག་འབྲུ་ཆེན་པོ་ལྔ་བརྐོས་རྒྱབ་སྟེ་སྒོ་བྱང་ཆེན་པོ་བཟོས་ཏེ་ཕོ་བྲང་པོ་ཏཱ་ལའི་དབུ་རྩེ་ནས་ལྷ་ས་གྲོང་ཁྱེར་ཡོངས་ལ་ཐུར་ལྟ་བྱ་སའི་སྟེང་ཀྲོང་ངེར་བསླངས་ཏེ་ལོ་མང་བཞག་ཡོད་པ་རེད།

fleft

ད་ལྟ་མཚོན་ན་ཡང་ལྷ་ས་གྲོང་ཁྱེར་ནང་ད་དུང་མི་འགའ་རེས་ནོར་བུ་གླིང་ཁར་མི་དམངས་སྤྱི་གླིང་ཟེར་མཁན་ཡོད། ཡིན་ནའི་དེ་སྔ་གཟིམ་སྒོ་རྒྱ་དམར་སྟེང་མཐོ་པོར་བཀལ་བའི་རྒྱལ་པོ་དང་བློན་པོ་ནང་བཞིན་གྱི་མའོ་ཙེ་ཏུང་གི་འདྲ་པར་དང་མི་དམངས་སྤྱི་གླིང་ཟེར་བའི་སྒོ་བྱང་དེ་སྔ་ས་ནས་མཐོང་རྒྱུ་མེད་པར་ནོར་བུ་གླིང་ཁའི་མིང་དེ་ཡང་བསྐྱར་གསོ་ཐུབ་ཡོད། ཡིན་ནའི་ད་ཆ་ས་ཆ་གང་སར་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བ་ཚོས་རང་སྣང་གང་ཤར་གྱི་སྤྱོད་ཚུལ་དང་ཡུལ་སྐོར་གྱི་དྲན་རྟེན་དངོས་རྫས་དང་མཐོང་སྣང་དོད་པོ་མེད་པའི་དོམ་ཁྲའི་གཟུགས་དབྱིབས་ཀྱི་གད་སྙིགས་བླུགས་ས་བཅས་ཀྱིས་ཁེངས་པའི་ནོར་བུ་གླིང་ཁར་མི་དམངས་སྤྱི་གླིང་ཟེ་འབོད་ན་དེ་བས་མིང་དོན་མཚུངས་པ་ཞིག་འདུག

ལྕགས་པོ་རི་འདི་བཞིན་རྒྱལ་ཁའི་རྩེ་ཟེར་བར་བསྒྱུར་བ།

༄༅༑ མཐའ་མཇུག་དེར་ལྕགས་པོ་རིའི་སྐོར་བརྗོད་ཀྱི་ཡིན། རི་དེ་གནས་རི་ཞིག་ཡིན་པ་དང་ཕོ་བྲང་པོ་ཏཱ་ལ་གནས་སའི་དམར་པོ་རིའི་གསེག་ངོས་ཙམ་ལ་ཡོད་པ་དང་དམར་པོ་རི་དེ་བཞིན་ཉེ་འགྲམ་གྱི་བ་མ་རི་བཅས་ལས་ལྷ་སའི་ལུང་གཞུང་གི་ལྟེ་གནས་སུ་རི་བོ་གསུམ་མངོན་གསལ་དོད་པོའི་ངང་གནས་ཡོད། གནའ་སྔ་མོ་རི་འདི་དང་དམར་པོའི་རི་གཉིས་འབྲེལ་ནས་ཡོད་པ་དང་དབྱིབས་ནི་འབྲུག་ལྟ་བུ་ཡོད་པས་ས་དཔྱད་ཧ་ཅང་གི་དམིགས་བསལ་ཡོད་པར་བརྟེན་བཤད་སྲོལ་ལ་ཕོ་བྲང་པོ་ཏཱ་ལ་ནི་འབྲུག་གི་སྒལ་པའི་སྟེང་བཞེངས་པ་དང་ཡང་འབྲུག་གི་མཇུག་མའི་སྟེང་དགོན་པ་ཆུང་ཆུང་ཞིག་བཞེངས་ཏེ་མགོ་མཇུག་འབྲེལ་ནས་ཕན་ཚུན་རྒྱང་རིང་ནས་གཞོགས་འདེགས་བྱས་ན་བརྟན་བརླིང་ཡོང་བའི་ནུས་པ་ཡོད་པ་རེད་འདུག བཤད་སྲོལ་ལ་དེ་སྔ་ཆིང་རྒྱལ་རབས་ཀྱི་དམག་དཔོན་གཡོས་ཀྲུང་བྱི་བོད་ནང་སྐྱོད་སྐབས་ས་ཆ་དེའི་བརྒྱུད་ལ་ས་དཔྱད་སྟོབས་འབྱོར་ཆེན་པོ་ཡོད་པ་མཐོང་ནས་སླད་ཕྱིན་བྱུར་ཆགས་གནོད་འཚེ་ཡོང་རྒྱུ་ཡིན་པར་ངེས་ནས་བཀའ་བཏང་སྟེ་མེ་སྒྱོགས་ཀྱིས་རི་གཉིས་ཀྱི་འབྲེལ་མཚམས་བཅད་པ་དེའི་དམིགས་ཡུལ་ནི་ས་ཆ་འདིའི་བརྗིད་ཉམས་དེ་མེད་པ་བཟོ་ཆེད་ཡིན་པ་རེད། རྗེས་སུ་བོད་མི་ཚོས་དེའི་ཁུལ་གྱི་ས་དཔྱད་སྔར་བཞིན་ཉམས་གསོ་ཡོང་ཆེད་རི་རྒྱུད་ཀྱི་བཅད་མཚམས་ལ་མཆོད་རྟེན་བཞེངས་པ་དང་མཆོད་རྟེན་གྱི་ཞབས་ལ་ལྷ་སར་མཛུལ་བའི་གཟིམ་སྒོ་ལྟ་བུ་དང་ཡང་རྒྱབ་མདུན་འབྲེལ་མཐུད་ལ་ལྕགས་ཐག་དང་དྲིལ་བུས་ཕན་ཚུན་འབྲེལ་ཡོད་པ་དེར་བྲག་སྒོ་ཀཀྞི་ཟེར་གྱི་ཡོད། དེ་ཡང་ལྷ་སའི་དམིགས་གསལ་གྱི་ཡུལ་ལྗོངས་ཤིག་ཆགས་ཡོད་པ་རེད། ཡང་བཤད་སྲོལ་གཞན་ཞིག་ལ་དམར་པོ་རི་ནི་ལྷ་རི་དང་ལྕགས་པོ་རི་ནི་བདུད་རི་ཡིན་ཟེར་གྱི་ཡོད་པས་དེར་བརྟེན་རི་གཉིས་བར་ལ་ལྕགས་ཐག་སྦོམ་པོས་འབྲེལ་ཡོད་པའི་དོན་ནི་ལྷས་ལྕགས་ཐག་གི་ཤུགས་སྐྱིལ་ནས་འདྲེ་གནོན་བྱེད་ཐུབ་པ་དེའི་ཐོག་ནས་དྲང་བདེན་ངན་འགོག་བྱས་པར་བརྟེན་ལྕགས་པོ་རི་ལ་ཡང་ལྕགས་རིའང་བརྗོད་ཀྱི་ཡོད།

ལོ་རབས་དྲུག་བཅུའི་ནང་མཆོད་རྟེན་གཏོར་བཤིག་བཏང་ནས་ཞེང་ཚད་ལ་རྨི་ཌར་བཅུ་གྲངས་ཡོད་པའི་སྣུམ་ནག་གཞུང་ལམ་བཟོས་ཏེ་རི་གཉིས་ཁ་བྲལ་ཡོད་པ་རེད། དམངས་ཁྲོད་ནས་བླ་རྩ་ཆད་པར་ངོས་འཛིན་བྱས་ཏེ་ཐབས་ཤེས་གང་ཡོད་ཀྱིས་དར་ལྕོག་གིས་རི་གཉིས་དབར་འབྲེལ་གྱི་ཡོད་པས་བོད་པའི་ལོ་གསར་སླེབས་ལ་ཉེ་བའི་སྐབས་དད་ལྡན་མང་ཚོགས་ཚོས་འདིར་དར་ལྕོག་གསར་པ་བཀལ་གྱི་ཡོད། ད་ཆ་དེ་སྔའི་ས་ཆ་དེའི་སྟེང་བསྐྱར་དུ་མཆོད་རྟེན་དཀར་པོ་གསུམ་བཞེངས་ཡོད་པ་དང་མཆོད་རྟེན་ཕན་ཚུན་བར་ལ་མོ་ཀྲ་ཕར་འགྲོ་ཚུར་འོང་བྱེད་ཐུབ་པ་བཟོས་ཡོད་པ་རེད།

ད་ཆ་ལྕགས་པོ་རིར་དེ་བས་མི་ཚོས་ཤེས་རྟོགས་ཡོད་པ་ནི་སྨན་རྒྱལ་རི་ཞེས་འབོད་ཀྱི་ཡོད། དེ་ནི་བོད་པས་བཏགས་པའི་མིང་ཞིག་མིན་ན་ཡང་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བ་ཡོད་པ་རེད། དུས་རབས་བཅུ་བདུན་པའི་མཇུག་ཙམ་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་མཚན་སྙན་ཆེན་པོ་བྱུང་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་རི་དེའི་སྟེང་སྐད་གྲགས་ཡོད་པའི་སྨན་པ་གྲ་ཚང་གསར་འཛུགས་གནང་ཡོད། གང་ཡིན་ཞེ་ན། དེར་རིན་ཆེན་སྔོན་པོས་བརྒྱན་པའི་སྨན་ལྷའི་སྐུ་ཡོད་པར་བརྟེན་རྒྱ་མི་ཚོས་སྨན་རྒྱལ་རི་ཞེས་འབོད་ཀྱི་ཡོད་པ་རེད། འོན་ཀྱང་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ལ་སྨན་རྒྱལ་རི་ཟེར་བའི་སྟེང་ཡོད་པའི་སྨན་པ་གྲ་ཚང་འདི་རྩ་བ་ནས་མཐོང་རྒྱུ་མེད་པར་གྱུར་བ་རེད། སྤྱི་ལོ་༡༩༥༩ ལོའི་ཟླ་བ་གསུམ་པའི་ ལྷ་སའི་དོན་རྐྱེན་ཟེར་བ་དེའི་རིང་རི་དེ་ས་བབ་ཀྱི་ཐོག་ནས་མཐོ་པོ་ཡོད་པའི་དབང་གིས་བཀའ་ཤག་གཞུང་གི་དམག་མིས་ཟིན་ཡོད་པར་བརྟེན་བཅིངས་འགྲོལ་དམག་གིས་ཤུགས་གྲགས་ཆེན་པོའི་ཐོག་ནས་ལྕགས་པོ་རིར་མེ་སྒྱོགས་དྲག་པོ་རྒྱབ་སྟེ་སྨན་པ་གྲ་ཚང་རྩ་མེད་བཟོས་ནས་གྱང་རོ་ཞིག་ཏུ་གྱུར་བ་རེད།

ལྕགས་པོ་རིའི་ལས་དབང་དེ་ཙམ་གྱིས་མ་ཚད་པར་རྙིང་པ་བཞི་ཟེར་བ་གཏོར་བའི་རླུང་འཚུབ་ཕྱུར་ཡོང་བའི་སྐབས་རྙིང་པ་གཏོར་ཡག་གང་ཡང་མེད་ཀྱང་དམར་སྲུང་དམག་ཚོས་ད་དུང་རྒྱལ་ཁའི་རྩེ་ཟེར་བའི་སྒོ་བྱང་དེ་ལྕགས་པོ་རིའི་རྩེ་མོར་བཙུགས་ནས་སྤྱི་ཚོགས་རྙིང་པའི་རི་དེར་བསྐྱར་དུ་ཚེ་སྲོག་གསར་པ་ཞིག་ཐོབ་པ་ལྟ་བུ་མངོན་པར་བྱས་ཡོད། རྗེས་སུ་དམག་འཁྲུག་གི་གྲ་སྒྲིག་དང་མྱུར་སྐྱོབ་ཀྱི་གྲ་སྒྲིག་ཟེར་བའི་ཆེད་དུ་ཡང་རི་འོག་ཏུ་མཁའ་ཟོན་གབ་ཁུང་ཆེན་པོ་ཞིག་འདྲུས་པ་རེད། སྤྱི་ལོ་༡༩༨༥ ལོར་དེ་སྔ་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་རི་རྩེའི་སྟེང་ལ་མཐོ་ཚད་རྨི་ཌར་བདུན་བཅུ་དོན་དགུ་ཙམ་ཡོད་པའི་བརྙན་འཕྲིན་བརྡ་སྤྲོད་ལྕགས་སྡོང་མཐོ་པོ་ཞིག་བཙུགས་པ་མ་ཟད། ད་དུང་གཤམ་དུ་དམག་སྒར་ཞིག་ཀྱང་བཙུགས་ནས་ཉིན་མཚན་ཀུན་ཏུ་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་དང་ཐ་ན་དད་ལྡན་མང་ཚོགས་ཚོས་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་བཞིན་རི་རྩེར་དར་ལྕོག་བཙུགས་པར་ཡང་གཏོང་གི་མེད། བྱས་ཙང་ལྷ་སའི་བགྲེས་སོང་ཞིག་གིས་གསུངས་པ་བཞིན་བརྗོད་ན་དུས་དེ་ནས་ལྕགས་པོ་རི་ཚར་བ་རེད།

ད་ཆ་ལྕགས་པོ་རིའི་རི་ལྡེབ་གང་སར་དབྱིབས་མི་འདྲ་བའི་སྐུ་བརྙན་སྣ་ཚོགས་དང་རིང་ཐུང་མི་མཚམས་པའི་དཔེ་ཆ་བཅས་རྡོ་བརྐོས་བརྒྱབ་པ་ཁག་གིས་ཁེངས་ནས་ཡོད་པ་རེད། གོ་ཐོས་ལ་སྐུ་འདྲ་ཁྱོན་སྟོང་ཁྲག་ལྔ་ཙམ་ཡོད་པ་དང་ད་དུང་མུ་མཐུད་རྒྱུན་ཆད་མེད་པར་ཁ་སྣོན་བྱེད་བཞིན་ཡོད་པས་དེར་བོད་ཀྱི་བྲག་ཐོག་རྡོ་བརྐོས་སྐུ་འདྲ་མང་ཤོས་ཞེས་བརྗོད་ཀྱི་ཡོད། ཉེ་ལམ་ལོ་ཤས་རིང་ཁམས་ཁུལ་ནས་གནས་སྐོར་ལ་ཕེབས་པའི་དགེ་འདུན་པ་ཞིག་གིས་གཙོ་འགན་འཁུར་བ་དང་གྲངས་ལས་འདས་པའི་དད་ལྡན་མང་ཚོགས་ཚོའི་རོགས་སྐྱོར་ཞལ་འདེབས་གནང་བ་བརྒྱུད་ས་ཆ་དེར་རྡོ་པར་གྱིས་རྩིག་པ་བརྩེགས་པའི་མ་ཎི་མཆོད་རྟེན་ལྟར་བཞེངས་ཡོད་པ་དང་རྡོ་གཡམ་ཐོག་བཀའ་བསྟན་འགྱུར་བརྐོས་ཡོད་པ་རེད། ཉེ་འགྲམ་གྱི་བྲག་ཁུང་ནང་སྐུ་བསང་གི་དྲི་མས་ཁེངས་ནས་རྒྱུན་དུ་ནས་མཆོད་མེ་དང་སྨོན་ལམ་འདེབས་པའི་སྐད་སྒྲ་རྫོགས་རྒྱུ་མེད། ལྕགས་པོ་རི་ཡང་ན་སྨན་རྒྱལ་རི་དེ་གླིང་སྐོར་ལ་སྐྱོད་སྐབས་ཀྱི་གནས་ཤིག་ཆགས་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་བ་སྐྱོད་སའི་ས་གནས་ཤིག་ཀྱང་ཆགས་ཡོད་པས་ཆོས་མཇལ་ཞུ་མཁན་རྫོགས་རྒྱུ་མེད་ལ་ཡུལ་སྐོར་བ་ཡང་རྫོགས་རྒྱུ་མེད་པ་རེད།