༄༅།། མིང་ལ་སྒྱུར་བ་གཏོང་རྒྱུ་དེ་ཡང་རྙིང་གཏོར་གསར་བཙུགས་ཟེར་བའི་ནང་གི་གལ་ཆེའི་མཚོན་རྟགས་ཤིག་རེད། མིང་རྙིང་པ་མེད་པ་བཟོས་ཏེ་མིང་གསར་པ་བརྗེས་པ་དེ་ནི་འཛམ་གླིང་གསར་པ་འཛུགས་སྐྲུན་བྱེད་རྒྱུར་མེད་དུ་མི་རུང་བའི་རྣམ་པ་ཞིག་ཆགས་ཡོད་ལ། མིང་ལ་བསྒྱུར་བ་བཏང་བ་དེ་དར་སྲོལ་ཞིག་ཀྱང་ཆགས་ཡོད་པ་རེད། ཁྲོམ་གཞུང་གི་མིང་ལ་བསྒྱུར་བ་བཏང་བ་མ་ཟད། ད་དུང་ཚོང་ཁང་དང་གྲོང་གསེབ་སོ་སོའི་མིང་ལ་ཡང་བསྒྱུར་བ་གཏོང་གི་ཡོད་པ་དང༌། ཐ་ན་མི་སོ་སོའི་རང་མིང་ལའང་བསྒྱུར་བ་བཏང་གི་ཡོད། གུས་མོའི་ཨ་མ་ལགས་ཀྱིས་ཕྱིར་དྲན་གནང་བར་སྐབས་དེ་དུས་མི་ཚང་མའི་མིང་ལ་སྒྱུར་བ་གཏོང་དགོས་པ་བརྗོད་ནས་བོད་པའི་མིང་ནི་རྙིང་པ་བཞིའི་ཁོངས་སུ་གཏོགས་ཀྱི་ཡོད་པས་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཀྱི་རྣམ་པ་ཡོད་པར་བརྟེན་ངེས་པར་བསྒྱུར་བ་གཏོང་དགོས་ཟེ་བརྗོད་ཀྱི་ཡོད། ང་ཚོ་ནི་སྤྱི་བདེ་ལས་ཁུངས་ནས་གཅིག་གྱུར་གྱིས་མིང་ལ་བསྒྱུར་བ་བཏང་པ་དང་མི་སོ་སོའི་མིང་གསར་པ་དེ་གོང་རིམ་གྱི་ཆབ་སྲིད་ཚན་པར་སྤྲད་ནས་ཆོག་མཆན་ཞུ་དགོས་ཀྱི་ཡོད། མིང་གི་མདུན་རུས་མིང་མའོ་མིན་ན་ལིན་ཡིན་པ་དང་འགའ་རེས་མིང་ལ་ཀའོ་ཡོན་ཧུང་ཟེར་བོད་སྐད་ནང་དོན་སྒྱུར་བྱས་ན་ས་མཐོ་དམར་ཟེར་གྱི་ཡོད་པ་རེད་ཅེས་དང༌། ངས་སྔོན་ལ་མའོ་དབུས་ཧྭ་ཟེར་བའི་མིང་གཅིག་བདམས་པ་ཡིན་རུང་སྤྱི་བདེ་ལས་ཁུངས་ནང་ལའང་མིང་ལ་མའོ་དབུས་ཧྭ་ཟེར་མཁན་འདུག་པས་བྱས་ཙང་ངའི་བསམ་པར་རྒྱ་མིའི་མིང་གི་ནང་དུའང་གཡུ་སྒྲོན་ཟེར་མཁན་ཡོད་པས་མཐར་ལིན་གཡུ་སྒྲོན་ཟེར་བའི་མིང་འདི་བཏགས་པ་ཡིན། དེ་ནི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ལིན་དང་རུས་མིང་གཅིག་པ་རེད། མིང་གསར་པ་བེད་སྤྱོད་བྱེད་དགོས་པ་བརྗོད་ཀྱི་ཡོད་ན་ཡང་དམག་དོན་འཐུས་མིས་མིང་འབོད་བྱེད་སྐབས་མ་གཏོགས་དུས་རྒྱུན་འབོད་མཁན་མེད་པས་མི་མང་པོས་བརྗེད་ཚར་འདུག ངའི་ལས་རོགས་ཟླ་བ་ཆུང་བར་ཡང་ཀའོ་ཡོན་ཧུང་ཟེར་གྱི་ཡོད། འོན་ཀྱང་ཁོང་གི་མིང་གསར་པ་དེ་ག་དུས་འབོད་པ་ཡིན་ནའི་ཨ་ལན་ལེན་རྒྱུ་བརྗེད་ཀྱི་ཡོད་པར་བརྟེན་ང་ཚོས་ལམ་སེང་ཁོང་ལ་གཞུ་ཙམ་བྱས་ནས་ཟླ་བ་ལགས་ཁྱེད་རང་སྐད་བཏང་གི་འདུག་ཅེས་བརྗོད་སྐབས་ཁོང་གིས་གཞི་ནས་སེམས་འཚབ་ངང་ཡོད། ཡོད། ཡོད་ལབས་ཀྱི་ཡོད། ད་ལྟ་བསམ་བློ་འཁོར་དུས་དངོས་གནས་བགད་མོ་ཤོར་གྱི་འདུག
གསར་འཛུགས་ལམ་ཆེན་ཟེར་བ་འདི་ནི་ལྷ་སའི་གྲོང་ཁྱེར་རྙིང་པའི་ཆོས་ཕྱོགས་དང་ཚོང་ལས་ཀྱི་ཁྲོམ་གཞུང་བར་སྐོར་ལ་བརྗོད་ཀྱི་ཡོད། རྒྱ་མིས་དེར་ཟུར་བརྒྱད་ཁྲོམ་ལམ་ཟེར་ཞིང་བར་སྐོར་གྱི་གོ་དོན་ནི་སྐོར་ལམ་དཀྱིལ་མ་ལ་ཟེར་གྱི་ཡོད་པས་དེ་ནི་གཙུག་ལག་ཁང་གི་སྐོར་ལམ་གཉིས་པ་དེ་ཡིན་པར་བརྟེན་དེར་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཀྱི་རྣམ་པ་ལྡན་ཡོད་པར་ངོས་འཛིན་བྱས་ཏེ་ངེས་པར་མིང་སྒྱུར་དགོས་པར་རྩིས་ཡོད།
སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༩ཉིན་གྱི་<<བོད་ལྗོངས་ཉིན་རེའི་ཚགས་པར།>>ལ་གཞིགས་ན། ཁ་ས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གསར་བརྗེའི་མང་ཚོགས་བརྒྱད་བརྒྱ་ཙམ་ནས་ལྷ་སའི་གློག་བརྙན་ཁང་ལ་རྙིང་གཏོར་གསར་འཛུགས་ཀྱི་ཚོགས་ཆེན་ཚུགས་པ་རེད། ཚོགས་འདུ་འདི་བཞིན་བར་སྐོར་ལམ་གྱི་གསར་བརྗེའི་མང་ཚོགས་ནས་གྲོས་འགོ་བཏོན་པའི་འོག་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཀྱི་རྣམ་པ་ལྡན་པའི་བར་སྐོར་ཁྲོམ་ལམ་གྱི་མིང་ལ་གསར་འཛུགས་ལམ་ཆེན་ཞེས་སྒྱུར་བ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་ཅེས་འཁོད་བཞག
འདྲ་པར་ཐོག་རྡོ་རྩིགས་མཐུག་པོའི་གྱང་མཐོ་པོ་དང་བོད་ཁང་གི་སྒེའུ་ཁུང་མདུན་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཁྲོམ་གཞུང་གསར་པའི་མིང་གི་མིང་བྱང་ཆེན་པོ་ཞིག་དང་ཁ་བཏགས་དཀྲིས་པའི་མའོ་ཙེ་ཏུང་གི་འདྲ་པར་གཅིག་བཅས་ཡོད་པ་འདི་མངོན་གསལ་དོད་པོ་འདུག ད་དུང་ཚང་མ་རྒྱ་ཡིག་ཐོག་ནས་བྲིས་པའི་ཡིག་ཆེན་ཚགས་པར་དེ་རྣམས་ཀྱིས་རང་དབང་མེད་པར་བསམ་བློ་གཏོང་དགོས་པ་ཞིག་བྱུང་བར་ཅིའི་ཕྱིར་བོད་ཡིག་གི་ཐོག་ཡིག་ཆེན་ཚགས་པར་གཅིག་ཀྱང་མེད་པ་དེ་གང་ཡིན་ནམ། ཐ་སྙད་གསར་པ་མང་པོ་ཡོད་པའི་རྐྱེན་གྱིས་བོད་ཡིག་ནང་དེ་དང་མཐུན་པའི་ཚིག་འཚམ་པ་ཞིག་འཚོལ་མ་ཐུབ་པར་རྒྱ་ཡིག་བྲིས་དགོས་བྱུང་བ་ཞིག་ཡིན་ནམ། ཡིན་ནའི་ཐ་སྙད་གསར་པ་དེ་ལས་ལྷག་པ་ཡོད་པའི་<<གཙོ་འཛིན་མའོ་ཡི་གསུང་བཏུས།>> དེབ་སྔ་ས་ནས་བོད་ཡིག་ཐོག་ཡོད་པ་མ་རེད་དམ། ཡང་དགོད་བྲོ་ལ་གོ་རྒྱུ་ཡོད་པ་ཞིག་ནི་མགོ་ཆུང་ཆུང་དང་གཟུགས་པོ་ཆུང་ཆུང་འགའ་ཚུར་མངོན་པའི་ཕྲུ་གུ་དེ་ཚོ་ཡིན། གཡོན་ངོས་ཀྱི་ཁུ་ཚུར་ཆུང་ངུ་བརྐྱངས་པའི་ཕྲུ་གུ་དེས་མི་རྒན་པའི་འབོད་ཚིག་སྒྲོག་སྟངས་ལད་ཟློས་བྱེད་ཀྱི་ཡོད་པ་མ་ཡིན་ནམ། གཡས་ངོས་སུ་ཡོད་པའི་ངོ་གདོང་ཁོང་ཁྲོས་ཁེངས་པའི་ཕྲུ་གུ་དེས་མི་རྒན་པས་གྲལ་རིམ་དགྲ་བོར་ཁ་རྡུང་གཏོང་སྟངས་ལ་ལད་ཟློས་བྱེད་ཀྱི་ཡོད་པ་མིན་ནམ། ད་དུང་དཀྱིལ་ལ་སྐྱིལ་ཀྲུང་བྱས་ཏེ་བསྡད་པའི་ཞྭ་མོ་དམག་ཞྭ་གྱོན་པ་དེ་དང་ཡར་ལངས་བསྡད་པའི་བུ་མོ་སྐྲ་ཐུང་ཐུང་ཁོང་གཉིས་ཀྱི་མིང་ལ་ཡང་བསྒྱུར་བ་བཏང་ནས་རྡོ་རྗེ་དང་པ་སངས། ཉི་མ། ཆོས་སྒྲོན་བཅས་མ་འབོད་པར་དབུས་ཏུང་(ཤར་སྲུང་)དང་ཧྲེང་ལིད།(རྒྱལ་ཁ་) ཧུང་ཆིའི་(དར་དམར་) ཡུང་ཧུང་(ནམ་ཡང་དམར་པོ་)ཟེར་བར་སྒྱུར་བ་བཏང་ཡོད་དམ། དུས་སྐབས་ཀྱི་རྟགས་ཐམ་བརྒྱབ་པའི་བོད་པའི་ཕྲུ་གུ་དེ་ཚོ་ད་ཆ་གང་དུ་ཡོད་དམ། ཡང་གང་བྱེད་ཀྱི་ཡོད་པ་ཡིན་ནམ། གཏན་འཁེལ་བ་ཞིག་ལ་ཁོང་ཚོ་ད་ཆ་ལོ་ན་བཞི་བཅུ་ལྷག་ཙམ་ལ་སོན་པའི་མི་དར་མ་ཞིག་ཆགས་ཡོད་པ་རེད། ཡང་ཁོང་ཚོའི་ཕྲུ་གུ་ཚོ་རི་འགུལ་གློག་བརྙན་དང་གློག་རྡུལ་རོལ་རྩེད་རྩེ་མཁན། ཁོག་ཟེར་བའི་ཆུ་མངར་མོ་འཐུང་མཁན་གྱི་མི་རབས་ཤིག་ཆགས་ཡོད་པ་གསལ་པོ་རེད།
སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༢༩ཉིན་གྱི་<<བོད་ལྗོངས་ཉིན་རེའི་ཚགས་པར།>>སྟེང་ད་དུང་སྐུལ་སློང་གི་རྣམ་པ་མངོན་པའི་ཐོག་ནས་ལྕགས་པོ་རིའི་མིང་ལ་སྒྱུར་བ་བཏང་བའི་བརྒྱུད་རིམ་ཁག་འཁོད་ཡོད་པ་རེད། ལྕགས་པོ་རི་འདི་དེ་སྔ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་བྱེད་སྐབས་ཏཱ་ལས་གཙོ་བོ་བྱེད་པའི་ཞིང་བྲན་བདག་པོར་ཞབས་འདེགས་ཞུ་བའི་སྨན་བཅོས་ཀྱི་ཚན་པ་དང་ངལ་རྩོལ་མི་དམངས་ལ་གདུག་རྩུབ་གཉའ་གནོན་གཏོང་སའི་བཀས་བཀོད་རྒྱུད་འཛིན་གྱི་བཙན་རྫོང་ཟེར་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་དམར་སྲུང་དམག་གིས་གསར་བརྗེའི་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་རྒྱལ་ཁའི་རྩེ་ཞེས་བྲིས་པའི་གསེར་འོད་འཆེམ་འཆེམ་གྱི་སྒོ་བྱང་འདི་བཀྱག་སྟེ་རྔ་དང་ཁར་རྔའི་སྒྲའི་ཁྲོད་ནས་རིར་འཛེགས་པ་དང་རིའི་སྟེང་འོག་གཉིས་སུ་སྐད་གསང་མཐོན་པོས་རླབས་ཆེན་གཙོ་འཛིན་དང་རླབས་ཆེན་གྱི་སྤྱི་ཁྱབ་བཀོད་འདོམས་པ། རླབས་ཆེན་གྱི་དེད་དཔོན་གཙོ་འཛིན་མའོ་ཁྲི་ལོར་བརྟན་པར་ཤོག་ཟེར་བ་དང་འཐབ་ན་མི་རྒྱལ་བ་མེད་པའི་མའོ་ཙེ་ཏུང་གི་དགོངས་པ་ཁྲི་ལོར་བརྟན་པར་ཤོག་ཟེར་བ། འཛམ་གླིང་རྙིང་པ་ཐལ་བའི་རྡུལ་དུ་སློག་དགོས་ཟེར་བ། ང་ཚོ་ནི་འཛམ་གླིང་གསར་པའི་བདག་པོ་ཡིན་ཟེར་བ་སོགས་ཀྱི་འབོད་ཚིག་སྒྲོག་གི་ཡོད་པ་རེད། རྒྱལ་ཁའི་རྩེ། ཉིན་མོ་དེ་རིང་ནས་བཟུང་ཁྱེད་མའོ་ཙེ་ཏུང་དགོངས་པའི་འོད་ཟེར་འཕྲོས་པའི་འོག་གཞི་ནས་བརྗིད་ཆགས་ཡིད་དུ་འོང་པར་འགྱུར་རྒྱུ་རེད་ཅེས་འཁོད་ཡོད།
འདྲ་པར་ཐོག་གི་དར་དམར་སྒྲེང་མཁན་དང་མའོ་ཙེ་ཏུང་གི་འདྲ་པར་བཀྱག་སྟེ་ལྕགས་པོ་རིའི་མིང་ལ་རྒྱལ་ཁའི་རྩེ་ཞེས་སྒྱུར་བ་གཏོང་མཁན་དམར་སྲུང་དམག་ཡོད་ས་འདི་དེ་སྔ་སྙན་གྲགས་ཆེན་པོ་ཡོད་ཀྱང་བཅིངས་འགྲོལ་དམག་གིས་མེ་སྒྱོགས་འོག་གཏོར་བསླག་བཏང་བའི་སྨན་རྩིས་འགྲོ་ཕན་གླིང་གནས་ས་འདི་རེད་ལ་དུས་དེང་སང་ལྷ་སའི་མི་ཚོས་བོད་ཀྱི་ལོ་གསར་དང་ཆོས་ཕྱོགས་ཀྱི་དུས་ཆེན་སྐབས་བསང་གསོལ་བྱེད་ས་དེ་ཡིན། དེར་བརྟེན་དེང་སང་དར་ལྕོག་བཀལ་མཁན་དང་སྐུ་ཕྱག་ཕུལ་མཁན་གྱི་དད་ལྡན་པ་ཚོའི་ཁོངས་སུ་དེ་སྔ་རྒྱལ་ཁའི་རྩེ་ཟེར་བའི་སྒོ་བྱང་བཀྱག་མཁན་གྱི་དམར་སྲུང་དམག་ཡོད་པ་ཡིན་ནམ།
མི་འདི་ཚོ་ཚང་མ་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་རེད། གཡོན་ངོས་སུ་ཡོད་པའི་མིག་ཤེལ་རྒྱབ་པ་དེ་གྲོང་མི་ཨུ་ཡོན་ལྷན་ཁང་གི་འགོ་འཛིན་གཞོན་པ་བློ་བཟང་ཡིན་ཞིང༌། གོང་ལ་ནག་རོང་ཤག་ཨེམ་ཆི་ལགས་ཀྱི་ཁྱིམ་ཚང་ལ་འཐབ་འཛིང་བྱས་པའི་འདྲ་པར་ཐོག་མངོན་མྱོང་ཡོད། བློ་བཟང་གི་འགྲམ་ལ་ཡོད་པའི་མི་དེ་ཚོ་གྲོང་མི་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་རུ་ཁག་གི་ཟློས་གར་འཁྲབ་མཁན་རེད། གཡོན་ནས་རྩིས་པའི་ཨང་གསུམ་པ་དེའི་མིང་ལ་དབང་འདུས་ཟེར་གྱི་ཡོད། རྗེས་སུ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཐོན་སྐྱེད་མཉམ་ལས་ཁང་ནང་ལས་ཀ་བྱས་ཡོད་པ་དང་ལོ་ཤས་སྔོན་བོད་ཀྱི་སྲོལ་རྒྱུན་ཞབས་གཞས་འཁྲབ་ཡུལ་ནང་མ་ཁང་ནང་པི་ཝང་གཏོང་གི་འདུག
རྒྱ་ནག་ནང་དང་འདྲ་བར་བོད་ལ་ཡང་རིག་གནས་གསར་བརྗེ་ཐོག་མར་འགོ་ཚུགས་སྐབས་ཡིག་ཆེན་ཚགས་པར་འབྲི་སྲོལ་དར་ཡོད་པ་དང་མང་ཆེ་བ་རྒྱ་ཡིག་ཐོག་བྲིས་པའི་ཡིག་ཆེན་ཚགས་པར་ཡིན་པ་རེད། བྲིས་ཟིན་པའི་ཡིག་ཆེན་ཚགས་པར་ཁག་དེར་སྦྱར་མེད་ན་ཕར་བསྐྱལ་བ་སོགས་ལག་རྟགས་ཆེན་པོ་ལྟ་བུར་རྩིས་ཀྱི་ཡོད། ཡིག་ཆེན་ཚགས་པར་དམིགས་ཡུལ་གྱི་ས་ཆ་དེར་བསྐྱལ་བའི་རྗེས་སྔོན་ལ་སྐད་ཤུགས་ཆེན་པོས་ཐེངས་གཅིག་ཀློག་ནས་དྲིལ་བསྒྲགས་རུ་ཁག་གིས་རྔ་དང་འཁར་རྔ་རྡུང་སྟེ་འཁྲབ་སྟོན་བྱེད་ཀྱི་ཡོད། དེར་བརྟེན་འདྲ་པར་འདིའི་ཐོག་ཡིག་ཆེན་ཚགས་པར་ཧ་ཅང་ཆེན་པོ་ཞིག་བློ་བཟང་དང་ཁོ་པའི་གསར་བརྗེའི་འཐབ་གྲོགས་ཚོས་ང་ཚོའི་མིག་མདུན་སྟོན་ཡོད། ཡིག་ཆེན་ཚགས་པར་ཧ་ཅང་ཆེན་པོ་འདིའི་ཐོག་ཡི་གེ་གྲུ་བཞི་ཧ་ཅང་ཆེ་བ་ཞིག་དང་ཧ་ཅང་ཆེ་བའི་འབོད་རྟགས་ཀྱིས་རྙིང་གཏོར་གསར་འཛུགས་ཟེར་བའི་རླབས་ཆེན་དོན་སྙིང་དེ་ཟབ་རུ་བཏང་ཡོད་ལ། ངེས་པར་དུ་གནམ་ས་བརྗེ་འགྱུར་བྱེད་པའི་སྤོོབས་ཤུགས་ཀྱིས་ཁེངས་བསྡད་ཡོད་པ་རེད། མིག་ཤེལ་རྒྱབ་པའི་འཚེམ་བཟོ་བ་བློ་བཟང་དང་ཁོ་པའི་གསར་བརྗེའི་འཐབ་གྲོགས་ཚོས་ཡིག་ཆེན་ཚགས་པར་སྟེང་གི་རྒྱ་ཡིག་ངོ་ཤེས་ཀྱི་ཡོད་མེད་ང་ཚོས་མ་ཤེས་ཀྱང་ཁོ་པ་ཚོའི་སེམས་ནང་འབོད་རྟགས་གྲངས་མེད་དེ་དག་གིས་ཇི་ལྟར་ཧ་ལས་ཡོད་པ་དེ་ང་ཚོས་བསམ་ཚོད་ཐེབས་ཐུབ་པ་ཞིག་ཡིན།
ཡིག་ཆེན་ཚགས་པར་འོག་གི་མིང་རྟགས་བཀོད་པ་དེ་ཚོར་ཟབ་ནན་ངང་ལྟས་ན། སློབ་གསོ་ཆེན་པོ་གསུམ་གྱི་རུ་ཁག་གཉིས་པའི་གསར་རྗེའི་མང་ཚོགས་ཡོངས་ནས་ཞེས་འཁོད་ཡོད་པ་དང༌། གོང་དུ་བརྗོད་པ་བཞིན་འདིའི་ཐོག་ནས་སྤྱི་ལོ་༡༩༦༦ ལོའི་ཟླ་བ་བརྒྱད་པའི་བར་དུའང་སློབ་གསོ་གསུམ་གྱི་ལས་དོན་རུ་ཁག་སྔར་ལྟར་གནས་ཡོད་པ་གསལ་པོ་མངོན་ཐུབ།
འདྲ་པ་འདི་ནི་དེ་སྔ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབྱར་དུས་ཀྱི་ཕོ་བྲང་ནོར་བུ་གླིང་ཁ་མིང་སྒྱུར་བྱེད་པའི་སྐབས་ཀྱི་རྣམ་པ་འདི་ཡིན་པ་རེད། སྤྱི་ལོ་༡༩༦༦ ལོའི་ཟླ་༨ཚེས་༢༩ཉིན་གྱི་<<བོད་ལྗོངས་ཉིན་རེའི་ཚགས་པར།>> པར་ངོས་དང་པོའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༢༨ཉིན་ངར་འཚུབ་འཚུབ་ཀྱི་དམར་སྲུང་དམག་དང་ལྷ་ས་གྲོང་ཁྱེར་གྱི་ལག་ཤེས་བཟོ་པ་དང་ཞིང་པ། གྲོང་མི། དེ་བཞིན་ལྷ་སའི་སྒྱུ་རྩལ་རུ་ཁག་དང་ཚན་པ་ཁག་གི་གསར་བརྗེའི་ལས་བྱེད་པ་བཅས་ཁྱོན་མི་ལྔ་སྟོང་ལྷག་ཙམ་ནས་གཙོ་འཛིན་མའོ་ཡི་འདྲ་པར་ཆེན་པོ་དང་གཙོ་འཛིན་མའོ་ཡི་གསུང་བཏུས་ཡིག་བྱང་མཐོན་པོར་སྒྲེང་ཞིང༌། འཛམ་གླིང་རྙིང་པར་དམག་འཐབ་འགོ་ཚུགས་བྱེད་རྒྱུའི་དམག་བརྡ་དང་གྲོས་གཞི་འདོན་ཡིག ཆོད་སེམས་ཡི་གེ་བཅས་ཀྱི་མཐའ་བསྐོར་ནས་ཡོད་པ་རེད། དེ་བཞིན་གསར་དུ་བཟོས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་མི་དམངས་སྤྱི་གླིང་ཟེར་བ་དང་རྒྱལ་ཁའི་རྩེ་ཟེར་བ་སོགས་གཞི་དམར་པོའི་སྟེང་ཡི་གེ་གསེར་པོས་བྲིས་པའི་སྒོ་བྱང་བཀྱག་སྟེ་རྔམ་བརྗིད་ལྡན་པའི་ངང་ཕྱོགས་བཞི་མཚམས་བརྒྱད་ནས་ལྷ་སའི་ཁྲོམ་གཞུང་ཆེ་ཁག་ཐོག་སྐྱོད་ཅིང་གྲོང་ཁྱེར་ཡོངས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུའི་སྐད་སྒྲ་དང་འབོད་སྒྲ། དེ་བཞིན་གཞས་དང་འཁར་རྔའི་སྒྲས་སྐབས་ཤིག་རིང་ལང་ལོང་དུ་འཕྱུར་བ་རེད།
གཡོན་ཕྱོགས་སུ་ཡོད་པའི་ཤོག་ངོས་ཀྱི་གཤམ་འོག་འདྲ་པར་ནང་གཡོན་ནས་རྩིས་པའི་མའོ་ཙེ་ཏུང་གི་འདྲ་པར་གཉིས་པའི་འོག་མིག་ཤེལ་རྒྱབ་པ་དང་དཔུང་པ་གཡོན་པར་དཔུང་རྟགས་དམར་པོ་བཏགས་པའི་ཕོ་གཞོན་འདི་ལྷ་ས་སློབ་འབྲིང་གི་རྒྱ་ཡིག་དགེ་རྒན་དང་ལྷ་སའི་དམར་སྲུང་དམག་སྒྲིག་འཛུགས་བྱ་མཁན། ལྷ་ས་གྱེན་ལོག་ཤོག་ཁག་གི་སྤྱི་ཁྱབ་ལས་ཁུངས་ཀྱི་དམག་སྤྱི་དའོ་གྲང་སུང་རེད།
གསར་འགྱུར་གཏོང་སྤེལ་ནང་འགྲེལ་བརྗོད་བྱས་དོན་ཟླ་༨ཚེས་༢༨ཉིན་གྱི་ཞོགས་པ་སྔ་པོ་ནས་མི་དམངས་སྤྱི་གླིང་(དེ་སྔའི་ནོར་བུ་གླིང་ཁ་)གི་གསར་བརྗེའི་ལས་བཟོ་ཚོས་སྤྲོ་སེམས་འཁོལ་བའི་ངང་སྒོ་འགྲམ་དུ་དམར་སྲུང་དམག་དང་གསར་བརྗེའི་མང་ཚོགས་ལ་དགའ་བསུ་ཞུས་པ་དང། ཉིན་ཤས་སྔོན་ཁོ་པ་ཚོས་གསར་བརྗེའི་དཔའ་བོ་ཆུང་ཆུང་གི་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་དང་ནང་མོལ་གྱི་གྲོས་བསྡུར་འཐུས་ཚང་བྱས་པ་བརྒྱུད་དམར་སྲུང་དམག་གི་གྲོས་གཞི་འདོན་པར་རྒྱབ་སྐྱོར་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ནོར་བུ་གླིང་ཁའི་མིང་མི་དམངས་སྤྱི་གླིང་ལ་བསྒྱུར་བ་བཏང་ཡོད་པ་མ་ཟད། ད་དུང་མང་ཚོགས་ལ་མགོ་སྐོར་གཏོང་བའི་རྨོངས་དད་ཀྱི་དངོས་པོ་ཁག་ཅིག་བཤིག་པ་དང་གཏོར་ཡོད་པ་རེད། ཡང་རྒྱལ་སྒོའི་རྫ་གཡབ་དམར་པོའི་སྟེང་སྐར་ལྔའི་དར་དམར་བཙུགས་པ་དེས་འཛམ་གླིང་རྙིང་པར་འཐབ་རྩོད་བྱེད་རྒྱུ་འགོ་ཚུགས་པའི་ཆོད་སེམས་མཚོན་ཡོད། ཉིན་དེར་དམར་སྲུང་དམག་གིས་མི་དམངས་སྤྱི་གླིང་ཞེས་བྲིས་པའི་སྒོ་བྱང་ཆེན་པོ་ཞིག་བཀྱག་ནས་སླེབས་ཡོད་པ་དང་ཁོ་པ་ཚོས་མདུན་དུ་རྒྱུགས་ཕྱིན་ཏེ་ལག་པས་སྒོ་བྱང་ཚུར་ལེན་ནས་རྒྱལ་སྒོའི་སྟེང་བཀལ་ཡོད་པ་རེད། དེའི་སྐབས་ལས་བཟོ་ཡོངས་རྫོགས་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་རྔ་དང་འཁར་རྔ་བརྡུངས་བཞིན་གསར་བརྗེའི་མང་ཚོགས་སྟོང་ཁྲག་ཁ་ཤས་དང་མཉམ་དུ་རྔ་དང་འཁར་རྔའི་སྒྲ་དང་འབོད་སྒྲ་སྐབས་ཤིག་ལང་ལོང་དུ་འཕྱུར་བ་རེད། གླིང་ཁར་སྤྲོ་གསེང་གཏོང་བར་ཡོང་མཁན་གྱི་ལས་བཟོ་མང་ཚོགས་ཚོས་ཀྱང་མིང་སྒྱུར་བའི་རུ་སྟར་ནང་ཞུགས་ཏེ་ཚང་མས་གཞས་བཏང་བ་དང་ཞབས་བྲོ་བརྒྱབ་པ་བཅས་བྱས་ནས་མི་དམངས་སྤྱི་གླིང་འདི་གསར་བརྗེའི་མེ་ལྕེ་དྲག་པོའི་ནང་གསར་དུ་དབུ་བརྙེས་པར་དགའ་སྤྲོའི་བསྔགས་བརྗོད་བྱས་ཡོད་པ་རེད་ཟེ་ཚགས་པར་ནང་བཀོད་ཡོད།
གནའ་བོའི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཚན་རིག་དེ་བོད་ཀྱི་རིག་གཞུང་ནང་གི་གལ་ཆེའི་ཆ་ཤས་ཤིག་ཡིན་པ་རེད། དེ་སྔ་སྨན་བཅོས་ཀྱི་ཚན་པ་སྤྱིར་བཏང་ཚང་མ་དགོན་པའི་ནང་ལ་བཙུགས་ཏེ་འཛིན་སྐྱོང་བྱས་པ་ལས་གཞུང་གིས་གཙོ་གཉེར་བྱེད་མཁན་ཉུང་ཉུང་ཡིན་པས་དཔེར་ན་ལྕགས་པོ་རིའི་སྟེང་ཡོད་པའི་སྨན་པ་གྲ་ཚང་ལྟ་བུ་རེད། སྤྱི་ལོ་༡༩༡༦ལོར་༧རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་མཆོག་གི་བཀའ་དགོངས་བཞིན་བཙུགས་གནང་བའི་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་སློབ་གྲྭ་དེས་ཕྱོགས་གཅིག་ནས་སྨན་བཅོས་གནང་བ་དང་ཕྱོགས་གཞན་ཞིག་ནས་རྩིས་སྐར་ནག་རིག་པའི་མི་སྣ་གསོ་སྐྱོང་གནང་གི་ཡོད་པ་དེར་སྨན་རྩིས་ཁང་ཞེས་འབོད་ཀྱི་ཡོད་པ་དང་ལྷ་ལྡན་གཙུག་ལག་ཁང་གི་ནུབ་ངོས་སུ་ཡོད་པ་རེད། སྤྱི་ལོ་༡༩༥༩ ལོའི་རྗེས་ལ་སྲིད་གཞུང་གསར་པས་སྨན་རྩིས་ཁང་དང་སྨན་པ་གྲ་ཚང་(དོན་དངོས་ཐོག་བཅིངས་འགྲོལ་དམག་གི་མེ་སྒྱོགས་བརྒྱབ་ནས་མེ་ལྕེའི་ནང་རྩ་མེད་དུ་བཟོས་ཡོད་པ་རེད།)གཉིས་མཉམ་དུ་ཟླ་སྒྲིལ་བཏང་ནས་ལྷ་ས་སྨན་རྩིས་ཁང་ཞེས་མིང་བཏགས་ཡོད།
རིག་གནས་གསར་བརྗེའི་སྐབས་བོད་ཀྱི་གསོ་བ་རིག་པ་དེ་རིན་ཐང་གང་ཡང་མེད་པའི་གད་སྙིགས་ཤིག་ལ་རྩིས་ཏེ་རྙིང་པ་བཞིའི་དཔེ་མཚོན་དེ་ལས་ལྷག་པ་མེད་པའི་ཁོངས་སུ་བཅུག་པར་བརྟེན་ཆེད་མངགས་ཞིབ་འཇུག་བྱས་ནས་བཟོས་པའི་སྨན་རིལ་བུ་རྣམས་ལྷ་སའི་གཙང་པོའི་ནང་དབྱུགས་པ་དང་མི་རབས་ནས་མི་རབས་བརྒྱུད་དེ་ཡོད་པའི་ཤིང་བརྐོས་དང་ལག་བྲིས་ཀྱི་བོད་རིག་པའི་ཕྱག་དཔེ་སོགས་མེར་བསྲེགས་བཏང་ནས་ཐལ་བར་གྱུར་ཡོད། དེ་བཞིན་སྙན་གྲགས་ཆེན་པོ་དང་དམངས་ཁྲོད་ལ་སྐྱོད་མཁན་གྱི་སྨན་པ་མང་པོ་ལྷ་འདྲེ་གདོན་བགེགས་ཟེར་བར་ལ་རྩིས་ཏེ་རྒྱུ་མཚན་གང་ཡང་མེད་པའི་སྒོ་ནས་བརྙས་བཅོས་བཏང་ཡོད་པ་རེད།
སྨན་རྩིས་ཁང་ནི་བཀས་བཀོད་རྒྱུད་འཛིན་རྨོངས་དད་དར་སྤེལ་བྱེད་སའི་ས་ཆ་ཞིག་ཡིན་པར་ངོས་འཛིན་བྱས་པ་མ་ཟད། ཐ་ན་སྨན་རྩིས་ཁང་གི་མིང་དེ་ལ་ཡང་སྐྱོན་བཙུགས་བྱས་ཡོད་པ་རེད། སྤྱི་ལོ་ ༡༩༦༦ ལོའི་ཟླ་༨ཚེས་༢༩ཉིན་གྱི་<<བོད་ལྗོངས་ཉིན་རེའི་ཚགས་པར།>> ཐོག་གནས་ཚུལ་སྤེལ་བར། སྨན་ཁང་དེར་ཚེས་༢༥ཉིན་རང་སྐྱོང་ལྗོངས་དགེ་འོས་སློབ་གྲྭའི་གསར་བརྗེའི་གྲོས་གཞི་འདོན་ཡིག་འབྱོར་རྗེས་གསར་བརྗེའི་ལས་བཟོ་ཚོས་གསར་བརྗེའི་འབོད་སྐུལ་ལ་དང་ལེན་བྱས་ནས་ལམ་སེང་བྱ་སྤྱོད་སྤེལ་ཏེ་དེ་སྔའི་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཀྱི་རྣམ་པ་ལྡན་པའི་སྨན་གྱི་མིང་ལ་སྒྱུར་བ་བཏང་བ་དང་དེ་སྔ་ན་ཚ་ལྟ་བར་སྐྱོད་པའི་ཉིན་མ་འདེམས་ཚུལ་དེའང་རྨོངས་དད་ལ་བརྩིས་ཏེ་མེད་པ་བཟོ་པ། ད་དུང་གྲོས་བསྡུར་བྱས་པ་བརྒྱུད་ལྷ་ས་སྨན་རྩིས་ཁང་ཞེས་པའི་མིང་དེར་ངལ་རྩོལ་མི་དམངས་སྨན་ཁང་ཟེར་བར་སྒྱུར་བ་གཏོང་རྒྱུའི་གཏན་འབེབས་བྱས། ཚེས་༢༨ཉིན་སྨན་ཁང་གི་གསར་བརྗེའི་ལས་བཟོ་ཡོངས་ལ་དམར་སྲུང་དམག་གི་མཛའ་བརྩེའི་རོགས་རམ་འོག་དར་མཚོན་དམར་པོས་རྒྱན་པའི་ངལ་རྩོལ་མི་དམངས་སྨན་ཁང་ཟེར་བའི་སྒོ་བྱང་འདི་གཟབ་རྒྱས་ངང་རྒྱལ་སྒོའི་མདུན་དུ་བཀལ་ནས་མའོ་ཙེ་ཏུང་གི་དགོངས་པའི་རླབས་ཆེན་དར་དམར་མཐོ་པོར་ཆེ་ཆེར་བསྒྲེངས་ཏེ་ང་ཚོ་ངལ་རྩོལ་མི་དམངས་སྨན་ཁང་འདི་བཞིན་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ཞབས་འདེགས་ཞུ་ཡུལ་ཞིག་དང་མའོ་ཙེ་ཏུང་དགོངས་པ་སློབ་སྦྱོང་བྱ་སའི་དམག་ས་ཞིག་བཟོ་རྒྱུ་ཡིན་ཞེས་བཀོད་ཡོད། ཡང་འདི་ནི་ཏག་ཏག་འདྲ་པར་ཐོག་གི་གནས་སྟངས་དེ་རེད།
སྤྱི་ལོ་༡༩༨༠ལོའི་ཟླ་༩ཚེས་༡ཉིན་ངལ་རྩོལ་མི་དམངས་སྨན་ཁང་ཟེར་བ་འདི་ནས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ལ་མིང་སྒྱུར་བྱས་ཡོད། ཡིན་ནའི་བོད་མི་ཚོའི་གོམས་གཤིས་ནང་སྔར་རྒྱུན་བཞིན་སྨན་རྩིས་ཁང་ཞེས་འབོད་ཀྱི་ཡོད།