ཤོག་ཁག་གཉིས་པོ་དོན་དངོས་ཐོག་གཅིག་པ་རེད།

༄༅༑ སྤྱི་ལོ་༡༩༦༦ལོའི་ཟླ་༡༢ཚེས་༢༢ཉིན་བཤད་སྲོལ་ལ་མང་ཚོགས་ཀྱི་སྒྲིག་འཛུགས་༥༦གི་ཚབ་བྱས་པའི་མི་སྟོང་ཁྲག་ལྷག་ཙམ་འདུ་འཛོམས་བྱས་ཏེ་ལྷ་སའི་གསར་བརྗེའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དེ་དབུ་བརྙེས་པའི་བསྒྲགས་གཏམ་དངོས་སུ་གསལ་བསྒྲགས་བྱས་པ་དང་གནམ་ས་འགུལ་བ་ལྟ་བུའི་རྔ་དང་འཁར་རྔའི་་འབོད་སྒྲའི་ཁྲོད་ནས་ལྷ་ས་ཡོངས་ལ་གྱེན་ལོག་ཟེར་བ་དེའི་སྐད་སྒྲས་ཁེངས་ཡོད་པ་སྟེ།

ང་ཚོས་གུང་ཁྲན་ཚོགས་པའི་ནང་གི་མ་རྩ་རིང་ལུགས་ཀྱི་ལམ་ལ་སྐྱོད་མཁན་དབང་འཛིན་པ་ཉུང་ཤས་ལ་གྱེན་ལོག་བྱེད་དགོས་པ་དང་ང་ཚོས་མ་རྩའི་གྲལ་རིམ་གྱི་ལོག་སྤྱོད་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་མཁན་གྱི་ངན་རེངས་པར་གྱེན་ལོག་བྱེད་དགོས། ད་དུང་ང་ཚོས་ལྷ་འདྲེ་གདོན་བགེགས་ལ་ངོ་རྒོལ་བྱེད་དགོས་པ་དང་ང་ཚོས་མ་རྩའི་གྲལ་རིམ་གྱི་གོང་མ་སྲུང་སྐྱོབ་བྱེད་མཁན་ལ་ངོ་རྒོལ་བྱེད་དགོས། དེ་བཞིན་ང་ཚོ་ནི་གནམ་ས་གཉིས་ཀར་ཞེད་མི་དགོས་པའི་གསར་བརྗེའི་གྱེན་ལོག་ཤོག་ཁག་ཡིན་པས་ང་ཚོས་ལྕགས་ཀྱི་ཕྱག་མ་འཁྱེར་ཞིང་ལྗིད་ལྡན་དབྱུག་པ་གཡོ་བཞིན་འཛམ་གླིང་རྙིང་པ་འདི་ལོ་རྒྱུས་ཀྱི་གད་སྙིགས་ཕུང་པོའི་ནང་ཕྱགས་ནས་ང་ཚོས་གནམ་འོག་ཚང་མ་དཀྲུག་དགོས་པ་དང་ང་ཚོ་དྲག་ཆར་རླུང་འཚུབ་ལ་སྐྲག་གི་མེད་ལ། བྱེ་རླུང་དྲག་འཚུབ་ལ་ཡང་མི་སྐྲག་པར་གྱེན་ལོག་བྱེད་དགོས། གྱེན་ལོག་མཐར་ཕྱིན་པ་བྱས་ཏེ་ངེས་པར་དུ་དམར་ཐིང་ཐིང་གི་འབྱོར་མེད་གྲལ་རིམ་གྱི་འཛམ་གླིང་གསར་པ་ཞིག་འཛུགས་དགོས་ཞེས་བརྗོད་ཀྱི་ཡོད།

ལོ་མང་ཕྱིན་པའི་རྗེས་ངས་དའོ་གྲང་སུང་ལ་གོང་གསལ་སྙན་ཞིང་འཇེབས་ལ་ཤུགས་གྲགས་ཆེ་བའི་བསྒྲགས་གཏམ་འདི་ཁྱེད་རང་ངོ་མས་བྲིས་བ་ཡིན་ནམ་ཞེས་དྲི་སྐབས་ཁོང་གིས་གད་མོ་བགད་པ་ལས་ལན་འདེབས་བྱེད་ཀྱི་མེད་འདུག། འོན་ཀྱང་ཁོང་གི་རྣམ་འགྱུར་ཁྱུག་ཙམ་རིང་བསྐྱར་དུ་སྐབས་དེ་དུས་ཀྱི་དམག་འཁྲུག་ནང་སླེབས་པ་ལྟར་གྱི་སྣང་བ་འཆར་སོང༌།

གྱེན་ལོག་ཟེར་བ་ནི་གྱེན་ལོག་ཤོག་ཁག་ལོས་ཡིན་པས། གྱེན་ལོག་གི་གདུང་རྩེ་ཐད་ཀར་སྐབས་དེ་དུས་བོད་ཀྱི་དམག་སྲིད་གཉིས་ཀའི་དབང་ཆ་འཛིན་མཁན་གྱི་ཡུལ་གྱི་གོང་མ་ལྟ་བུར་གྱུར་བའི་ཀྲང་གོ་ཧྭ་ལ་གཏད་དེ་ཀྲང་གོ་ཧྭ་ཡིས་བོད་ལ་མའོ་ཀྲུའུ་ཞིའི་གསར་བརྗེའི་ལམ་ཕྱོགས་ལག་བསྟར་བྱས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ནའི་རྗེས་ལ་བཙུགས་པའི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བས་ཀྲང་གོ་ཧྭ་ལ་མཐར་ཕྱིན་པའི་སྒོ་ནས་སྲུང་སྐྱོབ་བྱས་པར་བརྟེན་རྙིང་ཞེན་ཅན་ལ་རྩིས་ཀྱི་ཡོད། ཤོག་ཁག་གཉིས་ཀར་སློབ་ཕྲུག་དང་གྲོང་མི། བཟོ་པ། ལས་བྱེད་པ། ཞིང་འབྲོག་མང་ཚོགས། དེ་བཞིན་བོད་པ་དང་རྒྱ་མི་བཅས་ཡོད་པ་རེད། སྐབས་དེ་དུས་དར་སྲོལ་ཡོད་པའི་སྐད་ཆ་བཤད་སྟངས་ནས་བརྗོད་ན། བརྩེ་དང་མི་བརྩེ་ཤོག་ཁག་ནས་དབྱེ་ཐུབ་ཅེས་བརྗོད་ཀྱི་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ་ཐོག་མཐའ་བར་གསུམ་དུ་དམག་དཔུང་ནས་དབང་ཆ་ཟིན་ནས་ཡོད་པའི་བོད་འདིར་ཤོག་ཁག་གི་རླུང་འཚུབ་དེ་ཤུགས་དྲག་ཆེན་པོའི་ངང་ལྟ་བ་གང་ཡང་མེད་ཟེར་བའི་དམག་སྒར་ལའང་སླེབས་ཡོད་པ་རེད།

ཡང་བོད་ཀྱི་དབང་འཛིན་པས་དང་ཐོག་བྱས་ན་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཅིང་ཧྲའ་དང་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་རྒྱུན་ལས་དང་སྒྲིག་འཛུགས་ལས་ཁུངས་འགན་འཛིན་ཧུད་དབྱིས་རན། དེ་བཞིན་ལྷ་ས་གྲོང་ཁྱེར་གུང་ཁྲན་ཚོགས་པའི་དྲུང་ཆེ་གཙོ་བོ་ཧེའེ་ཙུའུ་དབྱིང་བཅས་འབྲེལ་ཡོད་མི་སྣ་ཉེས་ཚབ་འཁུར་མཁན་ལ་རྩིས་ཏེ་མ་རྩ་རིང་ལུགས་ཀྱི་ལམ་ལ་སྐྱོད་མཁན་གྱི་དབང་འཛིན་ཤོག་ཁག་རེད་ཟེར་བ་དང་ལོག་སྤྱོད་ཀྱི་རིག་གཞུང་དབང་གྲགས་ཅན་ཟེར་བ་བཅས་ཀྱི་ཞྭ་མོ་གཡོགས་པ་རེད། རིག་གནས་གསར་བརྗེ་འགོ་ཚུགས་པའི་དུས་ཚོད་ནང་རྔ་རྡུང་དར་འཕྱར་གྱི་སྒོ་ནས་གོང་ཞུས་མི་སྣ་དེ་དག་ལ་དགག་པ་རྒྱབ་པ་མ་ཟད། ད་དུང་རྙིང་པ་བཞི་ཟེར་བ་གཏོར་རྒྱུ་དེ་རིམ་པ་གོང་མ་ནས་འོག་མར་མང་ཚོགས་སྐུལ་སློང་བྱས་པའི་གསར་བརྗེའི་གཞུང་ཕྱོགས་ཀྱི་བྱ་སྤྱོད་ཅིག་ལ་གྱུར་ཡོད། དེ་ནི་དབང་འཛིན་པས་རང་ཉིད་ལ་སྲུང་སྐྱོབ་བྱེད་ཆེད་འཐབ་རྩོད་ཀྱི་ཁ་ཕྱོགས་སྒྱུར་ཐུབ་པའི་རེ་ངན་བཅངས་པ་ཞིག་ཡིན་པ་དང༌། ཡར་ལངས་ཞིང་བྲན་ཟེར་བས་རྙིང་པ་བཞི་ཟེར་བ་གཏོར་བའི་བརྒྱུད་རིམ་ནང་མངའ་བདག་ཆེན་པོ་གསུམ་ཟེར་བར་གྲལ་རིམ་ཀྱི་འཁོན་འཛིན་དང་མི་རིགས་ཀྱི་འཁོན་སྡང་བཅས་ཀྱིས་ཁེངས་པའི་རེ་བ་བཅོལ་ཡོད་པ་ལས་སེམས་པ་གཅིག་སྒྲིལ་ངང་ཁོང་ཚོའི་ལག་པ་ནས་དབང་ཆ་འཕྲོག་རྒྱུ་དེ་མ་ཡིན། ཡིན་ནའི་ངལ་བ་སྟོང་ཟད་ཕྱིན་ནས་ཀྲང་གོ་ཧྭ་ཡི་གཙོ་བོ་བྱས་པའི་དབང་འཛིན་པ་ཚོ་གང་ལྟར་གསར་བརྗེའི་མེ་ལྕེ་དེ་རང་གི་གཟུགས་པོའི་ཐོག་འཁྱུད་རྒྱུ་ལས་གཡོལ་ཐུབ་པ་ཞིག་བྱུང་མེད་པ་རེད།

དེ་ནས་ཤོག་ཁག་གཉིས་པོ་ས་ཁུལ་ཁག་དང་རྫོང་ཁག་གྲོང་གསེབ་ཁག འབྲོག་ཁུལ་བཅས་ལ་རིམ་བཞིན་འཕེལ་རྒྱས་ཕྱིན་པར་བརྟེན་རྒྱལ་ཁབ་གཞན་དང་ས་འབྲེལ་གྱི་མཐའ་མཚམས་ས་ཁུལ་ཁག་(པེ་ཅིང་ནས་གཏན་འབེབས་བྱས་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་རྫོང་ཁག་༧༡ནང་གི་ས་མཚམས་ས་ཁུལ་གྱི་རྫོང་ཁག་༢༥ནས་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་མི་ཆོག་པ་བརྗོད་ཡོད་པ་དང་དཔེར་ན་བོད་ཀྱི་མངའ་རིས་དང་མཚོ་སྣ། གྲོ་མོ། གཉའ་ལམ། སྐྱིད་རོང། སྤུ་ཧྲེང་བཅས་ཀྱི་གྲོང་རྡལ་དང་མཐའ་མཚམས་ཀྱི་འགག་སྒོ་ཚུད་ཡོད།) རིག་གནས་གསར་བརྗེའི་ལས་འགུལ་ནང་ཞུགས་མི་ཆོག་པ་ཕུད། དེ་མིན་བོད་ཀྱི་ས་གནས་གཞན་རྣམས་ཤོག་ཁག་གཉིས་ཀྱི་འཁྲུག་རྩོད་ནང་ཚུད་ཡོད། ལྷ་འདྲེ་གདོན་བགེགས་ཟེར་བ་ཕུད་པའི་དེ་མིན་མི་ཚང་མས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་མིན་ན་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་ངེས་པར་དུ་འཛུལ་ཞུགས་འདེམས་ཀ་བྱེད་དགོས་ཀྱི་ཡོད་པས་འདི་ནི་འཇིག་རྟེན་གྱི་བྱ་བ་ལས་བྲལ་བའི་འདེམས་ཀ་ཧ་ཅང་ཁག་པོ་ཞིག་རེད། མི་མང་པོ་ཞིག་གི་ངོས་ནས་བཤད་ན། ཤོག་ཁག་གང་ལ་འཛུལ་མཁན་མང་བ་ཡོད་ནའི་དེའི་རྗེས་ལ་འགྲོ་ཡི་ཡོད་པས་མི་མང་པོ་ཞིག་གིས་དང་ཐོག་ཤོག་ཁག་གཅིག་ནང་འཛུལ་བ་དང་དེ་རྗེས་དུས་བབ་ཀྱི་འགྱུར་བ་ལ་བརྟེན་ནས་ཤོག་ཁག་གཞན་ལ་ཁ་ཕྱོགས་ཀྱི་ཡོད་པ་དེར་གདུང་རྩེ་ཁ་ཕར་གཏད་པ་ཟེར་གྱི་ཡོད།

ཕྱི་ཚུལ་ནས་བལྟས་ན་ཤོག་ཁག་གཉིས་པོ་ཕན་ཚུན་མེ་དང་ཆུ་ལྟ་བུ་མཐུན་ཐབས་མེད་པ་ཞིག་ཡིན་རུང༌། དོན་དངོས་ཐོག་འདུ་ཤེས་འཛིན་སྟངས་ཀྱི་རིམ་པའི་ཐོག་གཅིག་པ་རེད། དེ་ཡང་གང་ལྟར་ཤོག་ཁག་གཉིས་ཀས་རང་ཉིད་ནི་མར་ཁེ་སི་རིང་ལུགས་པ་ངོ་མ་དང་མའོ་ཙེ་ཏུང་དང་ཁོ་པའི་བསམ་བློར་སྲུང་སྐྱོབ་བྱེད་མཁན་ཡིན་པ་བརྗོད་ཀྱི་ཡོད། འོན་ཀྱང་དེ་སྔ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་འདིའི་ཁོངས་མི་ཡིན་པ་ཞིག་གི་བཤད་སྟངས་བཞིན་བརྗོད་ན། ངའི་བསམ་པར་ཤོག་ཁག་གཉིས་ཀ་གཅིག་པ་ཡིན་པ་ལས་ཁྱད་པར་ཡང་ལྕི་གང་ཡང་མེད། ཚང་མས་མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པ་ཤོག ཁྲི་ལོ་ནས་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་རྒྱབ་ཀྱི་ཡོད་ལ། ཚང་མས་བེད་སྤྱོད་བྱེད་ཡག་ནི་མའོ་ཀྲུའུ་ཞིའི་གསུང་བཏུས་རེད། གང་ལྟར་ཚང་མས་དམར་པོའི་སྲིད་དབང་དུས་ནམ་ཡང་འགྱུར་བ་མི་འགྲོ་བའི་ཆེད་དུ་ཡིན་པ་རེད། འདི་ནི་ཤོག་ཁག་གཉིས་ཀྱི་ཐུན་མོང་གི་ཕྱོགས་གཅིག་ཡིན་པར་བརྟེན་ཚང་མ་གཅིག་པ་རེད། སུ་ཞིག་འགྲིག་པ་དང་སུ་ཞིག་ནོར་བ་བཤད་ཁག་པོ་རེད་ཅེས་གསུངས་བྱུང༌། དོན་དངོས་ཐོག་མཐར་གཏུགས་ནས་བཤད་ན་ཤོག་ཁག་གཉིས་ཕན་ཚུན་ཁ་གཏད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་དབང་ཆའི་ཆེད་དུ་རང་རེད། གྱེན་ལོག་ཤོག་ཁག་ཡིན་ནའང་འདྲ་རྙིང་ཞེན་ཤོག་ཁག་ཡིན་ནའང་འདྲ་ཚང་མས་དབང་ཆ་ཁོ་ནར་རྔམ་ནས་དེ་སྔའི་དབང་ཆའི་མ་ལག་གི་གསར་བརྗེའི་ནང་ནས་དབང་ཆ་ཐོབ་ཐུབ་པ་དང་དབང་ཆ་དམ་འཛིན་བྱེད་འདོད་ཀྱི་རེ་བ་བཅངས་ཡོད། འདི་ནི་ཤོག་ཁག་གཉིས་ཀྱི་ཐུན་མོང་ཁྱད་ཆོས་ཆེ་ཤོས་འདི་ཡང་ཡིན་པ་རེད། དབང་ཆ་འཐོབ་རྒྱུའི་ཆེད་ཤོག་ཁག་གཉིས་ཀྱིས་དབང་ཆ་འཕྲོག་པ་ཟེར་བའི་འཐབ་རྩོད་བྱས་ནས་ཐོག་མའི་བྱེད་སྟངས་ནི་ཞི་བའི་ཐབས་རྩོད་ཟེར་བ་འདི་རེད། འདི་ནི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ཁ་ཐོག་ནས་དགག་པ་རྒྱག་པ་དང་ཡིག་ཐོག་ནས་སུན་འབྱིན་བྱེད་པའི་རྫས་ཀྱི་དྲིས་ཁེངས་པའི་ཡིག་ཆེན་ཚགས་པར་དང་རྩོད་གླེང་ཆེན་པོ། དགག་པ་ཆེན་པོ། འབྲེལ་གཏུག་ཆེན་པོ་སོགས་ཀྱི་ལས་འགུལ་ཚ་ཚ་འུར་འུར་ངང་མདུང་རྩེ་ཁ་སྤྲོད་ཀྱིས་སྤེལ་ཡོད་པ་དང༌། མཐར་དྲག་པོའི་འཐབ་རྩོད་ཟེར་བའི་ཁ་ཕྱོགས་སུ་གྱུར་ནས་ཁྲག་ཕྱུང་སྲོག་ཤོར་བའི་ནང་འཁྲུག་ནང་ལྷུང་ཡོད་པ་རེད། ཡང་ཤོག་ཁག་གཉིས་ནས་རྒྱུན་ཆད་མེད་པར་དབང་ཆ་འཕྲོག་རེས་བྱས་པའི་འཐབ་རྩོད་ནང་ཟང་ཟིང་ངང་ཁྱོད་ཀྱིས་གཞས་བཏང་ན་ངས་འཁྲབ་སྟེགས་ཐོག་ཡོང་ཆོག་ཟེར་བ་ལྟར་བྱེད་ཀྱི་ཡོད།

གསལ་བཤད་བྱེད་དགོས་པ་ཞིག་ལ། བོད་ལ་ལོ་གཉིས་ལྷག་ཙམ་རིང་གི་དྲག་པོའི་འཐབ་རྩོད་བྱས་པ་བརྒྱུད་དེའི་ཤུགས་རྐྱེན་ཧ་ཅང་གི་གཏིང་ཟབ་ཐེབས་ཡོད་པ་དང་གཏོར་བཤིག་ཀྱང་ཧ་ཅང་གི་ཆེན་པོ་བྱུང་བ་མ་ཟད། གྱོང་གུན་ཡང་ཆེན་པོ་བྱུང་ཡོད་ལ། ཐག་གཅོད་དཀའ་བའི་གྱོད་གཞི་ཡང་མང་པོ་བྱུང་ཡོད་པ་དེ་དག་ནི་དེབ་འདིའི་སྟེང་ནས་རགས་བསྡུས་དང་ཕྱོགས་བསྡོམས་བྱ་ཐུབ་པ་ཞིག་མིན་ལར་ནས་ད་དུང་ངེས་པར་དུ་ནན་བཤད་བྱེད་དགོས་པ་ཞིག་ལ་རྙིང་པ་བཞི་ཟེར་བ་གཏོར་བའི་རླུང་འཚུབ་འདི་མཇུག་སྒྲིལ་མེད་པར་མུ་མཐུད་སྤེལ་བཞིན་ཡོད་པ་རེད། ཐ་ན་ཤོག་ཁག་གཉིས་ཀྱི་གསར་བརྗེའི་རང་བཞིན་མཐར་ཕྱིན་པ་ཡིན་མིན་དབྱེ་བ་འབྱེད་པའི་ཚད་གཞིར་གྱུར་ཡོད། ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་ལ་རྒྱལ་རབས་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་དགོན་པ་དང་གནའ་ཤུལ་རྣམས་གྱང་རོར་གྱུར་ཡོད་པ་དང༌། སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས། འཚོ་བ་བསྐྱལ་སྟངས། ཀུན་སྤྱོད་ཀྱི་འདུ་ཤེས་འཛིན་སྟངས་བཅས་ལ་དམའ་འབེབས་ཕོག་ཐུག་ཚད་མེད་ཐེབས་ནས་བོད་ལ་བྱུང་བའི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་འདི་བོད་ཀྱི་རིག་གཞུང་ཁྱོན་ཡོངས་ལ་དམིགས་པའི་གསར་བརྗེ་ཞིག་རང་ལ་གྱུར་ཡོད་པ་རེད།

བློ་ཕམ་པ་ཞིག་ལ་གུས་མོར་དེའི་དུས་མཚམས་ཀྱི་རྣམ་པ་མངོན་པའི་འདྲ་པར་མང་ཙམ་རགས་མ་བྱུང༌། གུས་མོའི་པཱ་ལགས་དེ་སྔ་བོད་ལྗོངས་དམག་ཁུལ་ཁང་གི་དམག་དོན་དོ་དམ་ཁང་གི་དྲིལ་བསྒྲགས་རུ་ཁག་གི་ལས་བྱེད་ཅིག་ཡིན་རུང་ཁོང་གིས་བཞག་གནང་བའི་འདྲ་པར་བརྒྱ་ཁྲག་ནང་ཤོག་ཁག་གཉིས་ཀྱི་དྲག་པོའི་འཐབ་རྩོད་བྱས་པའི་སྐོར་གྱི་འདྲ་པར་རྙེད་ཡག་མི་འདུག རྒྱུ་མཚན་ནི་སྤྱི་ལོ་༡༩༦༨ ལོའི་དབྱར་དུས་ནས་སྤྱི་ལོ་༡༩༦༩ ལོའི་དཔྱིད་ཀའི་བར་ཁོང་གུང་སེང་ཞུས་ཏེ་ཁམས་ལ་ཕྱིར་ལོག་གནང་ནས་ནད་གཞི་ལྗིད་པོ་ཕོག་པའི་ཁོང་གི་པཱ་ལགས་མཇལ་བར་ཕེབས་ཡོད། སྐབས་དེ་དུས་ད་དུང་ངའི་ཨ་མ་ལགས་དང་ལོ་གཉིས་ལ་སླེབས་ཙམ་ཡིན་པའི་གུས་མོ་མཉམ་དུ་ཁྲིད་གནང་ཡོད་པ་རེད། ཡང་དུས་ཚོད་འདིའི་རིང་ཏག་ཏག་ལྷ་སར་དྲག་པོའི་འཐབ་རྩོད་ཀྱི་མཐོ་རླབས་འཕྱུར་བའི་སྐབས་འཁེལ་འདུག་པས་གནས་ཚུལ་བྱུང་དུས་ཁོང་མེད་པར་བརྟེན་འདྲ་པར་ཡང་ལེན་ཐུབ་མེད་པ་རེད།

དེ་མིན་སྐབས་དེ་དུས་ཀྱི་ཚགས་པར་དང་ཡང་ན་གཞུང་ཕྱོགས་ཀྱིས་དོན་ཆེན་བཀོད་པའི་ད་ལྟའི་ཡིག་ཚགས་ཁག་ནང་དུ་དེའི་སྐབས་ཀྱི་ལོ་རྒྱུས་བྱུང་བའི་ཐད་ཁ་གྲགས་མི་ནུས་པ་དང་དེའི་སྐོར་བཤད་རྒྱུར་གཡོལ་ཐབས་བྱས་ཡོད། ཤོག་ཁག་གཉིས་པོ་ནས་གཉེར་བའི་རང་རང་སོ་སོའི་ཚགས་པར་(གོ་ཐོས་ལ་སྣེ་ཁ་བཅུ་གྲངས་ལྷག་ཙམ་ཡོད་པ་མ་ཟད། ད་དུང་བོད་ཡིག་གི་པར་ངོས་ཀྱང་ཡོད་པ་རེད་འདུག)ཐོག་དེའི་སྐོར་ལ་གནས་ཚུལ་མི་ཉུང་བ་ཞིག་བཀོད་ཡོད་པ་ཡིན་རུང༌། དམངས་ཁྲོད་ཀྱི་ཚགས་པར་ཆུང་ཆུང་དེ་ཚོ་འགྲེམ་སྤེལ་གྱི་གྲངས་ཚད་ཐོག་ཚད་གཞི་ཡོད་པ་མ་ཟད། དེང་སང་ཧ་ཅང་གི་བཙལ་ཁག་པོ་ཆགས་ཡོད། དེའི་ཐོག་བོད་ཀྱི་ཁྱད་ཆོས་བཞིན་རང་བཞིན་དང་འབྲེལ་མེད་དུ་སྡོད་པའི་མིའི་བྱེད་ལས་ཀྱི་བཟོས་པའི་གནས་སྟངས་ཤིག་ཆགས་ཡོད་པར་བརྟེན་བོད་ལ་བྱུང་བའི་ཤོག་ཁག་གཉིས་ཀྱི་འཐབ་རྩོད་འདི་ཕལ་ཆེར་མི་ཚོས་ཤེས་རྟོགས་མེད་པ་རེད། དེར་བརྟེན་རིག་གནས་གསར་བརྗེའི་སྐོར་ལ་ཞིབ་འཇུག་བྱེད་མཁན་མང་པོའི་མིག་ནང་བོད་ཀྱི་རིག་གནས་གསར་བརྗེའི་ལས་འགུལ་སྐབས་དྲག་པོའི་འཐབ་རྩོད་བྱས་ཡོད་པ་ཡིན་རུང་རྒྱ་ནག་ནང་ཁུལ་དང་བསྡུར་ཐབས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་རྒྱ་ནག་དང་ཁྱད་པར་མེད་པར་ཟིང་ཆ་ཧ་ཅང་ཆེན་པོ་ལངས་པ་གཅིག་པ་རེད་ལ། གང་སར་ཆག་རོ་ཞིག་རོས་ཁེངས་པའང་གཅིག་པ་དང། མི་སྲོག་འབེན་བཙུགས་བྱས་པ་གཅིག་པ་ཡིན་པ་རེད།

འདིར་གུས་མོས་བཅའ་འདྲི་ཞུས་པ་དང་དེ་བཞིན་འབྲེལ་ཡོད་ཀྱི་ཡིག་ཆར་གཞིགས་ནས་ཤོག་ཁག་གཉིས་ཀྱི་རིག་གནས་གསར་བརྗེའི་ནང་གི་དོན་ཆེན་གལ་ཆེ་ཤོས་ཁག་ཅིག་བདམས་ཏེ་སྟབས་བདེའི་སྒོ་ནས་ཟིན་ཐོ་བཀོད་པ་དང་ཕྱིར་དྲན་བྱ་རྒྱུ་ཡིན།

འདི་ནི་སྐབས་དེའི་དུས་ཀྱི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ཁོངས་མི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན་པའི་བོད་པ་ཞིག་དང༌། བོད་ལྗོངས་རྒྱང་བསྒྲགས་ལས་ཁུངས་ཀྱི་ལས་བྱེད་པ་གཅིག་གིས་ཉར་ཚགས་བྱས་པའི་ཟིན་ཐོའི་ཤོག་ལྷེ་གཉིས་རེད། དེའི་ནང་འཁོད་པར། རིག་གནས་གསར་བརྗེ་ཆེན་པོ་འགོ་འཚུགས་པའི་སྐབས་ང་ཡང་བློ་མཐུན་གཞན་དང་འདྲ་བར་གསར་བརྗེའི་བརྩེ་སེམས་ཆེན་པོ་ཁེངས་བཞིན་པར་འཐབ་རྩོད་དེའི་ནང་ཞུགས་པ་ཡིན། རྗེས་སུ་རང་ཉིད་ནས་དངོས་ཡོད་གནས་ཚུལ་མང་པོ་ཞིག་དངོས་སུ་མཐོང་བར་བརྟེན་རིམ་བཞིན་དོགས་པ་སྐྱེས་བྱུང་བར། ལས་བྱེད་པ་རྒན་གྲས་མང་དག་ཅིག་གིས་གུང་ཁྲན་ཚོགས་པའི་ཆེད་བྱ་བ་བཟང་པོ་མང་པོ་བྱས་ཡོད་པར་བརྟེན་ཁོང་ཚོ་ནི་བྱས་རྗེས་ཡོད་མཁན་གྱི་མི་ཞིག་ཡིན་རུང༌། གང་གི་དོན་དུ་ཁོ་པ་ཚོ་ལམ་སེང་གཏོར་གྱེལ་གཏོང་གི་ཡོད་པ་རེད་དམ། རིམ་པ་ཁག་གི་གུང་ཁྲན་ཏང་གི་ཚོགས་པའི་སྒྲིག་འཛུགས་ཁང་ནུས་མེད་བཟོས་ཡོད་པས་གསར་བརྗེ་དང་འཛུགས་སྐྲུན་ལ་སུས་འགོ་ཁྲིད་བྱེད་ཀྱི་རེད་དམ། མི་འགའ་རེས་སྤྱི་ཚོགས་དེར་ཟིང་ཆ་ལངས་ན་ཅི་མ་རུང་སྙམ་ནས་མང་ཚོགས་ནང་མ་རུང་ཁོག་བཅངས་བྱས་ནས་ཁ་བྲལ་བཏང་བ་དང་དྲག་པོའི་འཐབ་རྩོད་བསླངས་ནས་ཁྲག་འདོན་བཅུག་པ་སོགས་བྱེད་དགོས་དོན་གང་ཡིན། ཡང་གང་བྱུང་གིས་མི་བཟུང་བ་དང་ཟུར་ལ་སྟོན་ནས་འཐབ་འཛིང་བཏང་དགོས་དོན་གང་ཡིན། འདི་འདྲ་བྱས་པ་ཡིན་ན་མའོ་ཙེ་ཏུང་གི་བསམ་བློ་དང་མཐུན་གྱི་ཡོད་པ་རེད་དམ། ཡུན་རིང་སོང་ན་རྒྱལ་ཁབ་འདི་གང་འདྲ་ཞིག་ཆགས་ཀྱི་རེད་དམ། ངས་ཁ་ཁུ་སིམ་པོའི་ངང་སྡོད་རྒྱུ་ལས་མི་འདུག ལས་བྱེད་པ་རྒན་གྲས་ཚོ་རྒྱུ་མཚན་མེད་པར་བཙན་ཁྲིད་བྱས་ནས་ཁྲོམ་སྐོར་བྱས་པ་དང་འཐབ་འཛིང་བཏང་བ་མཐོང་དུས་ང་རང་དབང་མེད་པར་མིག་ཆུ་ཤོར་གྱི་འདུག དེ་བཞིན་ཐོན་སྐྱེད་ལ་གཏོར་བཤིག་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བཅས་ལ་གྱོང་གུན་ཕོག་པ་མཐོང་སྐབས་གྱོད་སེམས་ཚད་མེད་སྐྱེས་ཏེ་མཚན་མོ་གཉིད་ཁུག་ཐུབ་ཀྱི་མི་འདུག་ཟེ་བྲིས་འདུག

ཁྲག་དང་མེ་ལྕེའི་འགྲན་རྩོད།

སྤྱི་ལོ་༡༩༦༧ ལོའི་ཟླ་༡ཚེས་༦ཉིན་རྒྱ་ནག་གི་ཧྲང་ཧད་ལ་བྱུང་བའི་དབང་ཆ་འཕྲོག་རེས་ཟེར་བའི་ལས་འགུལ་དེར་མའོ་ཙེ་ཏུང་གིས་བསྟོད་བསྔགས་ཐོབ་ཡོད། དེ་ནས་རྒྱ་ནག་གི་ས་གནས་ཁག་གིས་ <<འུན་ཧུད་ཚགས་པར་>> གྱི་དབང་ཆ་འཕྲོག་ནུས་མཁན་གྱི་ཧྲང་ཧད་གྱེན་ལོག་ཤོག་ཁའི་ལད་ཟློས་རིམ་པས་བྱས་ཏེ་དབང་ཆ་འཕྲོག་པའི་རླུང་འཚུབ་ཅིག་འཕྱུར་ཞིང་རྒྱ་ནག་གི་ཞིང་ཆེན་ཁག་གི་འཛིན་སྐྱོང་ཚན་པ་ཁག་གཅིག་མཇུག་གཉིས་མཐུད་ཀྱི་ཐོར་ཞིག་ཏུ་སོང་ཡོད་ལ། དེ་དང་གཅིག་མཚུངས་ཀྱི་སྐུལ་མ་ཐེབས་པའི་བོད་ཀྱི་གྱེན་ལོག་ཤོག་ཁས་ཟླ་༡ཚེས་༡༡ཉིན་གྱི་དགོང་དྲོ་ <<བོད་ལྗོངས་ཉིན་རེའི་ཚགས་པར་>> ཁང་གི་དབང་ཆ་འཕྲོག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་རེད། འདི་ནི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་ནས་ཕར་རྒོལ་བྱས་པ་ཐོག་མ་ཡིན་ཞིང་དེ་རྗེས་བོད་ལ་ཡོད་པའི་ཤིན་ཧྭ་གསར་འགྱུར་ཁང་གི་ཡན་ལག་ལས་ཁུངས་དང་རང་སྐྱོང་ལྗོངས་ཀྱི་རྒྱང་བསྒྲགས་ལས་ཁུངས། ལྷ་ས་གྲོང་ཁྱེར་གྱི་གནས་སྐབས་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས། དེ་བཞིན་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་ལས་ཁུངས་བཅས་ཀྱི་དབང་ཆ་རིམ་པས་འཕྲོག་པ་རེད། <<བོད་ཀྱི་དོན་ཆེན་ཕྱོགས་སྒྲིག་(སྤྱི་ལོ་༡༩༤༩ ལོ་ནས་ ༡༩༨༥ ལོ། )>> ཟེར་བའི་དེབ་འདིའི་ནང་འཁོད་པར། ཟླ་༡ཚེས་༢༣ཉིན་ལྷ་སའི་གསར་བརྗེའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དང་ལྷ་སའི་གསར་བརྗེའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ། དེ་བཞིན་རྒྱལ་ས་ནས་བོད་ལ་སྐྱོད་མཁན་གྱི་གྱེན་ལོག་གསར་བརྗེའི་སྤྱི་ཁྱབ་ཁང་ཟེར་བ་བཅས་ནས་ལྷ་ས་གྲོང་ཁྱེར་གྱི་གྱེན་ལོག་སྒྲིག་འཛུགས་ཁག་གསུམ་བརྒྱ་ལྷག་ཙམ་གྱི་ཚབ་བྱས་ཏེ་མི་ཁྲི་གཉིས་ལྷག་ཙམ་མཉམ་ཞུགས་བྱས་པའི་འབྱོར་མེད་གྲལ་རིམ་གསར་བརྗེའི་མཉམ་འབྲེལ་ཆེན་པོས་མ་རྩ་རིང་ལུགས་ལམ་དུ་སྐྱོད་མཁན་གྱི་དབང་འཛིན་ཤོག་ཁག་གི་དབང་ཆ་འཕྲོག་པའི་འགན་སྒྲུབ་དམ་བཅའི་ཚོགས་ཆེན་ཟེར་བ་ཞིག་གཙོ་གཉེར་བྱས་ཏེ་ཚོགས་ཆེན་ཐོག་མའོ་ཙེ་ཏུང་ལ་གུས་འདུད་ཀྱི་གློག་འཕྲིན་གཏོང་རྒྱུའི་གྲོས་ཆོད་དང་བོད་ལྗོངས་ཡོངས་ཀྱི་མི་དམངས་ལ་བཏང་བའི་འཕྲིན་ཡིག་ཟེར་བ་བཅས་གྲོས་ཆོད་བཞག་པ་མ་ཟད། ད་དུང་ལག་ཏུ་དཔལ་འབར་འཁྱེར་ཏེ་ཁྲོམ་སྐོར་བྱས་ཡོད་པ་རེད།

རྒྱ་ནག་རྒྱལ་ཡོངས་ལ་འཕྱུར་པའི་དབང་ཆ་འཕྲོག་པའི་རླུང་འཚུབ་དེས་སྤྱི་ཚོགས་ཁྱོན་ཡོངས་ལ་ཟང་ཟིང་ཆེན་པོ་བྱུང་ཡོད་པ་དང༌། རྒྱ་ནག་གི་ས་གནས་ཁག་ནང་གི་དབང་འཛིན་པ་མཐོ་ཤོས་དེས་དམག་དཔུང་གི་གོ་གནས་གཙོ་བོ་འདི་ཡང་གཅིག་ལྕོག་བྱེད་ཀྱི་ཡོད་པས་ཁོ་པ་ཚོས་ངོ་རྒོལ་བྱས་པ་ལས་མའོ་ཙེ་ཏུང་གིས་དམག་དཔུང་ནས་གྱེན་ལོག་ཤོག་ཁའི་བྱ་སྤྱོད་ལ་ཐེ་ཇུས་བྱེད་ཆོག་པའི་བཀའ་བཏང་བ་དང་དམག་དཔུང་ནས་ཟང་ཟིང་གི་རྣམ་པ་དེ་བཅོས་ཐུབ་པའི་རེ་བ་བྱས་ཡོད། ད་དུང་ཟླ་བ་གཉིས་པའི་ཟླ་སྟོད་ལ་བཀའ་ཞིག་བཏང་ཡོད་པའི་ནང་གཡས་ཕྱོགས་ཤོག་ཁག་ཟེར་བའི་མང་ཚོགས་སྒྲིག་འཛུགས་ཀྱིས་དམག་དཔུང་ནང་གདོང་མཆོངས་རྩ་བ་ནས་བྱེད་མི་ཆོག་པ་དང་དམག་དཔུང་གིས་མེ་མདའ་བརྒྱབ་སྟེ་རང་སྲུང་བྱེད་ཆོག་གི་ཡོད། ཡིན་ནའི་འགོ་ཁྲིད་མཁན་གྱི་གཡས་ཕྱོགས་ཤོག་ཁའི་གཙོ་བོ་མི་སྣར་དྲག་གནོན་བྱས་པ་ལས་གཞན་ལ་དྲག་གནོན་བྱེད་མི་ཆོག་པའི་ཚོད་འཛིན་བྱས་ཡོད་པར་བརྟེན་དམག་དཔུང་གོང་འོག་ཚང་མས་གཡས་ཕྱོགས་ཤོག་ཁག་ཟེར་བར་དྲག་གནོན་བྱེད་ཆོག་པའི་བཀའ་ཐོབ་ཡོད། ཡང་གཡས་ཕྱོགས་ཤོག་ཁག་ཟེར་བ་དེ་དབང་ཆ་འཕྲོག་མཁན་གྱི་གྱེན་ལོག་ཤོག་ཁག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་ས་གནས་ཁག་ལ་འཛེམ་བག་མེད་པར་འཛིང་རེས་བྱས་ནས་དམར་གསོད་ཚད་མེད་བཏང་ཡོད་པ་རེད།

<<བོད་ལྗོངས་ཉིན་རེའི་ཚགས་པར།>> ཚུར་རྩིས་ལེན་པར་སྐྱོད་མཁན་བོད་དམག་ཁུལ་ཁང་ནས་ཟབ་ནན་བྱས་ཏེ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་མེ་མདའ་མ་བརྒྱབ་པར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་མཐའ་སྐོར་ནས་དམག་དཔུང་གིས་དོ་དམ་བྱས་པ་རེད། ཉིན་ཤས་སོང་བའི་རྗེས་དའོ་གྲང་སུང་སོགས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་གཙོ་བོ་མི་སྣ་༡༢འཛིན་བཟུང་བྱས་ནས་དམག་དཔུང་གི་གནོན་ཤུགས་འོག་དམག་འཐབ་ཐོག་མ་དེ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་ཕམ་ཉེས་བྱུང་བ་རེད།

ཡང་ཡུན་རིང་མ་སོང་བར་ཐེངས་འདིའི་དམག་དཔུང་གིས་འཁོན་ལན་སློག་པའི་བྱ་སྤྱོད་འདི་ནི་རིག་གནས་གསར་བརྗེར་མི་འདོད་པ་ཡོད་པའི་དམག་དཔུང་གི་དབང་འཛིན་ཤོག་ཁག་རང་ཡིན་པ་དང་དོན་དངོས་ཐོག་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་དེར་ཉེན་ཁ་ཆེ་བ་ཞིག་ཡིན་པར་མའོ་ནས་ཤེས་རྟོགས་ཐུབ་སྟེ་ཡང་ཟླ་བ་གཉིས་པའི་ཆུ་བོའི་གྱེན་ལྡོག་བྱས་པ་རེད་ཟེར་ནས་ཡོངས་རྫོགས་རྩིས་མེད་དུ་བཏང་བ་རེད། སྤྱི་ལོ་༡༩༦༧ ལོའི་ཟླ་༤ཚེས་༡ཉིན་རྒྱ་ནག་དབུས་གཞུང་གི་རིག་གནས་གསར་བརྗེའི་ཚོགས་ཆུང་ནས་བཞི་གཅིག་གི་མཛུབ་སྟོན་ཟེར་བའི་བཀའ་རྒྱ་སྟེ་གྱེན་ལོག་ཤོག་ཁག་ལ་དག་སེལ་མཚོན་པ་བྱེད་དགོས་པ་དང་དུས་མཚུངས་དམག་དཔུང་གིས་གྱེན་ལོག་ཤོག་ཁག་ལ་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད། དེར་བརྟེན་ཉིན་གྲངས་༧༡བཀག་ཉར་བྱས་པའི་དའོ་གྲང་སུང་གློད་འགྲོལ་བཏང་བ་དང་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དེ་ཡང་བསྐྱར་དུ་ལངས་རྒྱུ་བྱུང་ནས་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་གནས་སྐབས་ཤིག་རིང་ནུས་པ་ཤོར་བ་རེད།

སྤྱི་ལོ་༡༩༦༧ ལོའི་ཟླ་བ་བཞི་པའི་ནང་དགའ་མགུ་ཡིད་ཚིམ་བྱུང་བའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བས་ལྷ་སར་མི་ཁྲི་བརྒལ་བའི་མང་ཚོགས་ཀྱི་ཚོགས་ཆེན་ཞིག་སྐོང་ཚོགས་བྱས་ཏེ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བར་ཁ་རྡུང་བཏང་བ་རེད། གྲངས་ལས་འདས་པའི་དམར་སྲུང་དམག་རྒྱ་ནག་ནས་བོད་ལ་འབྱོར་ཏེ་རྒྱབ་སྐྱོར་གྱི་རྣམ་པ་མངོན་པར་བྱས་པ་དང་དེའི་ནང་ཆིན་ཧྭ་སློབ་གྲྭ་ཆེན་མོ་ནས་བསྐྱར་དུ་ཕྱིར་ལོག་ཡོང་བའི་ཟླ་བ་ཚེ་རིང་དང་ངག་དབང་ཚེ་རིང་གཉིས་ཀྱང་ཡོད་པ་རེད། ཁོང་གཉིས་ཐོག་མར་བྱས་ན་ཟླ་བ་གཉིས་པའི་ཟླ་དཀྱིལ་ཙམ་ལ་རྒྱལ་སའི་དམར་སྲུང་དམག་ཟེར་བ་མི་གྲངས་བཞི་བཅུ་ལྷག་ཙམ་དང་མཉམ་དུ་བོད་ལྗོངས་དམག་ཁུལ་ཁང་གིས་མོ་ཀྲ་གཉིས་བཏང་ནས་བོད་ནས་ཟི་ཁྲོན་བར་གྱི་གཞུང་ལམ་བརྒྱུད་གྲན་རྡུར་བསྐྱལ་ནས་གནམ་ས་མཐོ་དམའ་གང་ཡང་མི་ཤེས་པའི་སློབ་ཕྲུག་དེ་དག་བོད་ནས་ཕྱིར་ཕུད་བཏང་བ་མཚོན་ཡོད། ཡིན་ནའི་བཞི་གཅིག་གི་མཛུབ་སྟོན་ཟེར་བ་ཁྱབ་བསྒྲགས་བྱས་རྗེས་ཁོ་པ་ཚོ་སླར་ཡང་ཕྱིར་ལོག་བྱས་ཡོད་པ་རེད། སྐབས་ཤིག་རིང་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་སྒྲིག་འཛུགས་ཧྲག་ཤོས་ཡིན་པ་སྟེ་ཆེད་མངགས་ཡུལ་གྱི་གོང་མ་གཏོར་མཁན་གྱི་འབྲེལ་མཐུད་ལྷན་ཁང་ཟེར་བ་འདི་ཡང་བསྐྱར་གསོ་བྱ་རྒྱུ་བྱུང་ཡོད།

དའོ་གྲང་སུང་ནས་མུ་མཐུད་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་དམག་སྤྱི་བྱས་པ་རེད། ངས་ཁོང་ལ་ཁྱེད་རང་ཚོ་གློད་འགྲོལ་བཏང་རྗེས་ག་རེ་བྱས་པ་ཡིན་ནམ་ཞེས་སྐད་ཆ་དྲིས་པས་ཁོང་གིས་བརྗོད་དོན་ལ། ང་ཚོ་མུ་མཐུད་མཉམ་ཞུགས་བྱས་ནས་ཡང་བསྐྱར་སྤྱི་ཁྱབ་ཁང་ལ་ཕྱིར་ལོག་པ་དང་དེ་སྔ་བཞིན་སྒྲིག་འཛུགས་ཀྱི་སྲོག་ཤིང་མི་སྣ་ཡིན། ང་ཚོ་གསར་བརྗེའི་ངོ་རྒོལ་པ་རེད་ཟེ་བརྗོད་མེད་པར་བརྟེན་ང་ཚོ་ནི་འགྲིག་པ་ཡིན་པ་གསལ་པོ་རེད་ལ་རྒྱ་ནག་དབུས་གཞུང་ནས་ཀྱང་དག་སེལ་བྱས་ཡོད་པས་མུ་མཐུད་ལས་ཀ་བྱ་རྒྱུ་རེད། ཡིན་ནའི་ང་ཚོས་ཉམས་མྱོང་དང་བསླབ་བྱ་ངེས་པར་དུ་ཕྱོགས་བསྡོམས་བྱ་རྒྱུ་དང་སྒྲིག་འཛུགས་ལ་བཅོས་སྒྲིག་བྱ་རྒྱུ་ནི་བརྗོད་མི་དགོས་པ་ཞིག་རེད། ང་ཚོ་གློད་འགྲོལ་བཏང་བའི་རྗེས་ཡུན་རིང་མ་སོང་བར་དྲག་པོའི་འཐབ་རྩོད་བྱུང་བ་རེད་ཅེས་བརྗོད་བྱུང་།

སྤྱི་ལོ་༡༩༦༧ ལོའི་ཟླ་བ་ལྔ་པར་ཀྲང་གོ་ཧྭ་ལས་གནས་བསྒྱུར་ཏེ་ཟི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ཨང་དང་པོར་བསྐོང་འཐེན་བྱས་པའི་རྗེས་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོས་ཀྲང་གོ་ཧྭ་ཡི་དབང་ཆའི་ས་མིག་སྟོང་པ་དེར་རྩོད་ལེན་བྱེད་ཆེད་འགོ་ཁྲིད་ནང་ཁུལ་ལ་ཁ་བྲལ་ཞིང་ཁག་སོ་སོས་མང་ཚོགས་ཀྱི་སྒྲིག་འཛུགས་ཟེར་བ་འདི་བེད་སྤྱོད་བཏང་ནས་མངོན་རྩོད་ལྐོག་འཐབ་བྱས་ཡོད། དུས་ཡུན་རིང་པོ་མ་སོང་བར་རྒྱ་ནག་དབུས་གཞུང་གི་རིག་གནས་གསར་བརྗེའི་ཚོགས་ཆུང་གི་འགོ་ཁྲིད་གཞོན་པ་ཅང་ཆིང་ནས་ཟླ་༧ཚེས་༢༢ཉིན་འབྲེལ་ཡོད་ཞི་རྒོལ་དྲག་སྲུང་ཟེར་བ་བྱེད་དགོས་པའི་སྐོར་གྱི་གཏམ་བཤད་སྤེལ་བར་བརྟེན་རྒྱ་ནག་རྒྱལ་ཡོངས་ལ་དྲག་པོའི་འཐབ་རྩོད་ཀྱི་མཐོ་རླབས་ཤིག་འཕྱུར་ནས་དྲག་པོའི་འཐབ་རྩོད་ལ་ལུགས་མཐུན་གྱི་རྒྱུ་མཚན་ཞིག་བྱུང་བ་རེད། ལྷ་སར་གློ་བུར་དུ་སྲང་ལམ་དམག་འཐབ་ལངས་པ་དང་ཡང་སྲང་ལམ་དམག་འཐབ་ནས་འཐབ་ཇུས་ཀྱི་གཙོ་གནད་ལ་དཔུང་འཇུག་བྱེད་རྒྱུར་གྱུར་བ་ཕྱིན་ཡོད། དེ་ནས་བོད་ཀྱི་ས་གནས་ཁག་ནང་དམག་དོན་གྱི་དོ་དམ་འོག་ཡོད་པའི་མཐའ་མཚམས་རྫོང་ཁག་ཕུད་པའི་དེ་མིན་ས་གནས་ཁག་ལ་དྲག་པོའི་འཐབ་རྩོད་རིམ་བཞིན་ལངས་པ་དང༌། ཐ་ན་ <<བོད་ལྗོངས་ཉིན་རེའི་ཚགས་པར།>> ཀྱང་སྐབས་ཤིག་རིང་པར་འགྲེམ་བྱེད་མཚམས་བཞག་དགོས་བྱུང་ཡོད།

འདི་ནི་སྐབས་དེ་དུས་གྱེན་ལོག་ཤོག་ཁག་ཟེར་བའི་ཚོགས་མི་ཞིག་གིས་ཉར་ཚགས་བྱས་པའི་དཔུང་རྟགས་དམར་པོ་ཁག་ཅིག་རེད། ཕངས་བ་ཞིག་ལ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་དཔུང་རྟགས་དམར་པོ་དེ་རགས་མ་བྱུང༌། ངའི་ནང་ལ་དེ་སྔ་ཉར་ཚགས་བྱས་ཡོད་རུང་ཁང་པ་ཐེངས་མང་སྤོས་པའི་དབང་གིས་བོར་བརླག་ཕྱིན་བཞག

དང་ཐོག་དྲག་པོའི་འཐབ་རྩོད་ནང་ཧ་ཅང་གནའ་བོའི་གོ་མཚོན་སྤྱོད་པ་དཔེར་ན་རྡོ་དང་འུར་རྡོ། ལྕགས་ཧྲེང༌། རིང་ཐུང་མི་འདྲ་བའི་གྲི་སོགས་ཡིན་པ་དང༌། ད་དུང་གོ་ཐོས་ལ་དགོན་པའི་ནང་ཉར་ཚགས་བྱས་པའི་གདུང་དང་ཁྲབ་རྨོག་ལ་སོགས་པའི་གནའ་བོའི་མཚོན་ཆ་ཡང་བེད་སྤྱོད་བྱས་ཡོད་ལ། ཐ་ན་ཡུལ་ཐབས་རྙིང་པར་བརྟེན་ནས་སོ་སོས་མེ་མདའ་དང་འབར་རྫས་བཟོས་ཡོད་པ་ཡིན་རུང༌། རིང་པོ་མ་སོང་བར་མེ་མདའ་དང་མདེའུ་ངོ་མ་ཐོན་པ་རེད། མཚོན་ཆ་དེ་རིགས་གང་འདྲ་ཟེ་བྱུང་བ་རེད་ཅེ་ན་སྐབས་དེ་དུས་བཤད་ཚུལ་ཞིག་ཡོད་པ་སྟེ་དངོས་འཕྲོག་ལྐོག་སྐྱེལ་ཟེར་བ་ནི་ཤོག་ཁའི་གདོང་ཐུག་གཅིག་མཚུངས་གནས་བཞིན་པའི་དམག་དཔུང་ལ་བརྗོད་ཀྱི་ཡོད་པ་དང་ཤོག་ཁག་གཉིས་བར་ཕན་ཚུན་གཞུང་དྲང་གིས་བར་འདུམ་བྱེད་མཁན་གྱི་ནུས་པ་མི་ཐོན་པའི་ཁར་དེ་ལས་ལྡོག་སྟེ་ལྐོག་ལ་ཤོག་ཁག་གཉིས་ཀར་མེ་མདའ་དང་མདེའུ་ལ་སོགས་པའི་མཚོན་ཆ་མཁོ་སྤྲོད་བྱས་པ་དང་ཡང་ན་ཤོག་ཁག་གཉིས་པོས་དམག་སྒར་གྱི་གོ་ལག་མཛོད་ཁང་ལ་འཕྲོག་བཅོམ་བྱེད་དུ་བཅུག་ཡོད་པ་རེད།

དྲག་པོའི་འཐབ་རྩོད་ནང་དྲག་པོ་དང་གདུག་རྩུབ་ཆེ་ཆུང་ཧ་ལམ་ཕན་ཚུན་གཉིས་ཀ་གཅིག་པ་རེད། མེ་མདའ་དང་མེ་སྒྱོགས་ལ་སོགས་པའི་མཚོན་ཆ་བེད་སྤྱོད་བྱས་ཏེ་ཁ་གཏད་གསོད་ཡག་རང་བྱས་པ་དང༌། དེ་མིན་སྔ་མོའི་གདུག་རྩུབ་ཀྱི་ཁྲིམས་གཅོད་གཏོང་སྟངས་བེད་སྤྱོད་བྱས་ཡོད་པ་དཔེར་ན་རྣ་ཅོག་བཀོག་པ་དང་སྣ་བཅད་པ། རྐང་ལག་བཅད་པ་ཡང་མང་པོ་བྱུང་ཡོད། ཐ་ན་བར་སྐོར་ནང་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་མི་གཉིས་གསོན་པོར་ལྕགས་ཀྱི་གཟེར་ག་བརྒྱབ་སྟེ་བསད་པའི་ཕུང་པོ་ཡང་ཐོན་ཡོད་པ་རེད།

གྱང་རོར་གྱུར་པའི་བཞི་སྡེ་དགོན་པ།

བཞི་སྡེ་དགོན་པའི་གྱང་རོའི་ནང་གི་གཏོར་བཤིག་ལ་ཕྱིན་པའི་ལྡེབས་རིས།

གནའ་བོའི་ཁང་པ་རྙིང་པའི་འཛུགས་སྐྲུན་མི་ཉུང་བ་ཞིག་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་དང་རྙིང་པ་བཞི་ཟེར་བ་གཏོར་བའི་སྐབས་དགོན་པ་མང་པོ་གཏོར་བཤིག་བཏང་ཚར་བ་དེ་ཚོར་ཡང་མུ་མཐུད་བར་ཆད་བྱུང་ཡོད་པ་རེད། དགོན་པ་དེ་ཚོ་གནས་ཡུལ་དངོས་གསལ་དོད་པོ་དང་གཞི་རྒྱ་ཆེན་པོ་ཡོད་པར་བརྟེན་ཤོག་ཁག་གཉིས་ཀའི་ལྟེ་གནས་སུ་གྱུར་ཡོད་པ་དཔེར་ན་ར་མོ་ཆེ་གཙུག་ལག་ཁང་དང་མཚོ་སྨོན་གླིང་དགོན་པ་གཉིས་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་འདིའི་རྒྱང་བསྒྲགས་བབས་ཚུགས་བཟོས་ཡོད། གཙུག་ལག་ཁང་དང་བསྟན་རྒྱས་གླིང། བཞི་སྡེ་དགོན་པ་བཅས་ལ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་རྒྱང་བསྒྲགས་བབས་ཚུགས་བཟོས་ཡོད་པ་རེད། གང་ལྟར་ཞི་བའི་འཐབ་རྩོད་ཟེར་བའི་སྐབས་དང་ཡང་ན་དྲག་པོའི་འཐབ་རྩོད་ཟེར་བའི་སྐབས་ལ་རྒྱང་བསྒྲགས་བབས་ཚུགས་ནི་ཤོག་ཁག་གཉིས་ཀྱི་གལ་གནད་ཧ་ཅང་ཆེ་བའི་དྲིལ་བསྒྲགས་ཀྱི་འཐབ་ས་ཞིག་རེད། དེར་བརྟེན་རྒྱང་བསྒྲགས་བབས་ཚུག་ལ་དམིགས་པའི་ཛ་དྲག་གི་འཐབ་རྩོད་ཧ་ཅང་གི་མང་པོ་བྱུང་ཡོད་པས་དགོན་པ་དེ་ཚོར་གཡོལ་ཐབས་མེད་པའི་སྒོ་ནས་འཐབ་རྩོད་ཐེངས་མང་བྱུང་བའི་ཁྲོད་གཏོར་བརླག་ཚབས་ཆེན་ཕོག་ཡོད་པ་དཔེར་ན། སྙན་གྲགས་ཆེ་བའི་བཞི་སྡེ་དགོན་པར་གཏོར་བཤིག་ཆེན་པོ་བྱུང་ནས་དུས་ད་ལྟ་ཡིན་རུང་ཁང་རོ་གྱང་གོག་མཐོང་རྒྱུ་ཡོད། ཡང་དགེ་ལུགས་པའི་གསང་སྔགས་དགོན་པའི་རྒྱུད་པ་གྲྭ་ཚང་དང་དེ་བཞིན་ཉེ་འཁྲིས་ཀྱི་རྨེ་རུ་དགོན་པ་འདི་བཞིན་གཏམ་བརྗོད་ཟློས་གར་ཚོགས་པ་དང་རྒྱ་མིའི་གཡུད་ཅུད་ཁྲང་ཞི་ཚོགས་པ་གཉིས་ཀྱི་ལས་ཁུངས་དང་ལས་བྱེད་ཀྱི་སྡོད་གནས་བཟོས་ཏེ་དེར་འཇིག་རྟེན་པའི་འཚོ་བ་བསྐྱལ་ཡུལ་གྱི་ཁྱིམ་ཚང་མང་པོ་ཡོད་པའི་སྒོ་རྭ་ཆེན་པོ་ཞིག་ཆགས་ཡོད།

བོད་ཀྱི་དྲག་པོའི་འཐབ་རྩོད་དེས་པེ་ཅིང་འདྲོག་སྟེ་ཟླ་༩ཚེས་༡༨ཉིན་ཀྲའུ་ཨེན་ལེ་དང་ཅང་ཆིང་སོགས་རྒྱ་ནག་དབུས་གཞུང་གི་རིག་གནས་གསར་བརྗེའི་འགོ་ཁྲིད་ཚོགས་ཆུང་གི་མི་སྣས་བོད་སྡོད་དམག་དཔུང་དང་ས་གནས་ཀྱི་གཙོ་བོའི་དཔོན་རིགས་ཚོ་ཐུག་འཕྲད་བྱས་ནས་འབྲེལ་ཡོད་བོད་ཀྱི་དྲག་པོའི་འཐབ་རྩོད་བཀག་འགོག་བྱེད་པའི་མཛུབ་སྟོན་ཁག་ལྔ་ཟེར་བ་ཞིག་གཤམ་འགྲེམ་བྱས་པ་རེད། ཡིན་ནའི་དྲག་པོའི་འཐབ་རྩོད་ལ་བཏང་འཛིན་མ་ཐུབ་པར་ཛ་དྲག་ཏུ་དྲག་ཏུ་ཕྱིན་ཡོད།

བོད་ལ་ལངས་བའི་དྲག་པོའི་འཐབ་རྩོད་ནང་ནས་ཤར་ངོས་ཆབ་མདོ་ས་ཁུལ་ལ་ཤུགས་དྲག་ཆེ་ཤོས་བྱུང་ཞིང། བཤད་པར་གཞིགས་ན་མི་གཉིས་བརྒྱ་ལྷག་བསད་ཡོད་པས་སྐབས་དེ་དུས་ཀྱི་རྒྱ་ནག་གྲོང་ཁྱེར་གྱི་མི་འབོར་བསྡུར་ཚད་ནས་གཞིགས་ན་གྲངས་ཚད་མཐོ་པོར་རྩིས་ཆོག ཆབ་མདོ་ཁུལ་གྱི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་དང་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་ཁག་སོ་སོར་རང་གི་དཔའ་བོའི་བང་སོ་ཁང་ཟེར་བ་ཡོད་པ་དང་འདས་གྲོངས་ལ་སོང་བའི་ཁོངས་སུ་བོད་པ་ཡོད་ལ་རྒྱ་མི་ཡང་ཡོད་པ་རེད།

དམག་སྒར་གྱི་གོ་མཚོན་མཛོད་ཁང་འཕྲོག་བཅོམ་བྱས་པ་དེས་དྲག་པོའི་འཐབ་རྩོད་ཇེ་སྡུག་ཏུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། སྤྱི་ལོ་༡༩༦༨ལོའི་ལོ་སྟོད་ལ་ཆབ་མདོ་དམག་སྒར་གྱི་མཛོད་ཁང་འཕྲོག་བཅོམ་བྱེད་མཁན་གྱི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ཚོགས་མི་ཞིག་གིས་ཁོང་དངོས་སུ་མཉམ་ཞུགས་བྱེད་མྱོང་ཡོད་པའི་གནས་ཚུལ་ཁག་ཞིབ་ཕྲ་གསུངས་པར། དམག་སྒར་གྱི་གོ་མཚོན་མཛོད་ཁང་ནང་མེ་མདའ་དང་མདེའུ་སྣ་ཚོགས་འདུག དཔེར་ན་ལྔ་བཞི་རྟགས་ཅན་གྱི་ཐུང་མདའ་དང་བདུན་དགུ་རྟགས་ཅན་གྱི་རིང་མདའ། ད་དུང་དེ་སྔོན་བོད་དམག་གིས་བེད་སྤྱོད་བྱེད་པའི་དབྱིན་ཇིའི་མེ་མདའ་བཅས་འདུག་ལ། ཡང་ལག་འབོམ་དང་མེ་མདའ་སྦག་སྦག་འདྲ་མིན། དེ་བཞིན་མེ་ཤུགས་འཕུར་མདའ། བརྙན་འཕྲིན་ནང་མཐོང་བའི་ཨབ་གྷ་ནི་སི་ཏན་གྱི་ཐ་ལེ་པན་གྱིས་བེད་སྤྱོད་བྱེད་བའི་ལག་ཆ་དང་གཅིག་པ་རེད། ང་ཚོས་སྔ་ཕྱི་ཁྱོན་བསྡོམས་ཐེངས་གསུམ་བཞི་ཙམ་འཕྲོག་པར་ཕྱིན་པ་ཡིན། མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་འདིས་མེ་མདའ་འཕྲོག་གི་ཡོད་པ་གྱེན་ལོག་སྤྱི་ཁྱབ་ཁང་གིས་ལོས་ཤེས་ཀྱི་ཡོད་ཅིང་གྱེན་ལོག་གིས་ཀྱང་འཕྲོག་པར་སྐྱོད་ཡོད། ང་ཚོས་དེ་རིང་འཕྲོག་པར་སྐྱོད་ན་ཁོ་པ་ཚོས་སང་ཉིན་འཕྲོག་པར་སྐྱོད་ཀྱི་ཡོད། ཚང་མས་འཕྲོག་ཡག་ནི་དམག་སྒར་གྱི་གོ་མཚོན་མཛོད་ཁང་དེ་རེད། གང་ལྟར་མཚོན་ཆ་མང་པོ་ཡོད་པས་འཕྲོག་བཅོམ་བྱས་ཚར་རྒྱུ་མེད་པ་རེད། དམག་དཔུང་གིས་ཕྱོགས་གཅིག་ནས་རང་རང་སོ་སོའི་ཤོག་ཁག་ལ་རྒྱབ་སྐྱོར་བྱས་པ་དང་ཕྱོགས་གཞན་ཞིག་ནས་དམག་དཔུང་ནང་མི་ཉུང་ཉུང་རེད། དང་ཐོག་ལྡིང་ཤོག་གཅིག་ལས་མེད་པ་དང་མེ་མདའ་འཕྲོག་པར་འགྲོ་མཁན་ནི་བརྒྱ་ཕྲག་ཁ་ཤས་ཡོད། ཐོག་མར་དམག་དཔུང་གིས་བཀག་འགོག་བྱེད་དགོས་བསམ་ཡང་མཐའ་མཇུག་མི་གཉིས་གསུམ་གྱིས་དམག་མི་གཅིག་བཟུང་ནས་འགུལ་ཙམ་ཡང་བྱེད་མི་ཐུབ་པ་བཟོས་ཏེ་ཆུ་ཕྱོགས་དང་བསྟུན་ནས་གྲུ་གཏོང་བ་ཟེར་བའི་དཔེ་ལྟར་ཤོག་ཁག་གཉིས་ཀས་མཚོན་ཆ་འཕྲོག་པར་སྐྱོད་པ་རེད། དེའི་རྗེས་དྲག་པོའི་འཐབ་རྩོད་ཧ་སངས་དགོས་པ་ལངས་པ་རེད་ཅེས་བརྗོད་བྱུང༌།

འདི་ནི་ཆེད་མངགས་དྲུག་བདུན་གྱི་གཙུག་ལག་ཁང་གི་དོན་རྐྱེན་ལ་དྲན་གསོ་ཞུ་བའི་ཆེད་བཟོས་པའི་མའོ་ཙེ་ཏུང་གི་རྟགས་མ་རེད། རྟགས་མ་འདིའི་མདུན་ངོས་སུ་མའོ་ནས་༡༩༦༨ལོའི་ཟླ་༡༢ཚེས་༡༤ཉིན་ཆེད་མངགས་མཛུབ་སྟོན་བྱས་པ་འདི་འཁོད་ཡོད་པ་དང༌། དེའི་ཐོག་དམག་སྒར་གྱི་འགོ་ཁྲིད་ནས་དམག་དཔུང་གིས་བྱས་པའི་ལས་ཀ་ངན་པ་རྣམས་ལ་འགེབས་སྲུང་མ་བྱས་པར་གནོད་འཚེ་ཕོག་པའི་མི་དམངས་ལ་དག་སེལ་བྱེད་དགོས་པ་འདི་ནི་རྒྱལ་ཁབ་མངའ་ཐང་རྒྱས་པའི་རྣམ་པ་ཞིག་ཡིན་པ་རེད་ཅེས་འཁོད་ཡོད།

མཚོན་ཆའི་མཛོད་ཁང་རྐུ་འཕྲོག་བྱས་པའི་བརྒྱུད་རིམ་ནང་སྤྲ་རྨོག་གི་མཚོན་ཆའི་བང་མཛོད་འཕྲོག་བཅོམ་བྱས་པ་འདི་དོན་རྐྱེན་ཚབས་ཆེ་ཤོས་ཤིག་ཡིན་པ་རེད། སྤྲ་རྨོག་ནི་གྲོང་རྡལ་ཆུང་ཆུང་ཞིག་ཡིན་པ་དང་བོད་ཀྱི་ཤར་ངོས་སྤོ་བོ་རྫོང་གནས་ས་དེ་རེད། སྐབས་དེ་དུས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནས་བྱས་ན་ཆབ་མདོ་ས་གནས་ཁོངས་སུ་གཏོགས་ཀྱི་ཡོད། སྤྱི་ལོ་༡༩༨༣ ལོར་ཀོང་པོ་ས་ཁུལ་གྱི་ཁོངས་སུ་བཅུག་པ་རེད། ས་གནས་དེར་བོད་ཀྱི་ཐོག་མའི་ཤིང་ཆ་ལས་སྣོན་བཟོ་གྲ་དང་འཕྲུལ་ཆས་བཟོ་གྲ སྐྱེལ་འདྲེན་བབས་ཚུགས། ས་གཤིས་རུ་ཁག ཟམ་བཟོའི་རུ་ཁག ཁང་པ་རྒྱབ་མཁན་གྱི་ཨར་ལས་རུ་ཁག་བཅས་ཡོད་པ་མ་ཟད། ད་དུང་དམག་སྒར་དང་དམག་མིའི་བབས་ཚུགས། འབྲུ་རིགས་མཛོད་ཁང༌། དེ་བཞིན་གོ་མཚོན་གྱི་མཛོད་ཁང་བཅས་ས་གནས་དེར་བཀོད་སྒྲིག་བྱས་ཡོད་པ་རེད། ཤོག་ཁག་གཉིས་ཐོན་པའི་རྗེས་བཟོ་པ་མང་པོ་ཡོད་པའི་སྤྲ་རྨོག་ས་ཁུལ་འདི་བཞིན་ཧ་ལམ་ཚང་མ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་གནམ་འོག་ལ་གྱུར་ཡོད། མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་སྟོབས་ཤུགས་ཡོད་ཀྱང་ཧ་ཅང་ཆུང་ཆུང་རེད། སྤྱི་ལོ་༡༩༦༨ ལོའི་དབྱར་ཁར་སྤྲ་རྨོག་གྲོང་རྡལ་ལ་ཡོད་པའི་དམག་སྒར་གྱི་གོ་མཚོན་བང་མཛོད་ལ་ས་གནས་ཀྱི་གྱེན་ལོག་སྤྱི་ཁབ་ཁང་ཟེར་བའི་མི་སྟོང་ཕྲག་བརྒལ་བས་འཕྲོག་བཅོམ་བྱས་པ་རེད། གོ་ཐོས་ལ་དམག་སྒར་གྱི་མཛོད་ཁང་སྲུང་མཁན་གྱི་དམག་མི་ཡང་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་རྒྱབ་སྐྱོར་བྱས་ཡོད་པར་བརྟེན་ཁོ་པ་ཚོས་མཚོན་ཆ་ལག་པས་བཏེགས་ནས་ཕན་ཚུན་སྤྲད་པ་རེད་ཅེས་བརྗོད་ན་ཆོག ད་དུང་གོ་ཐོས་ལ་མཛོད་ཁང་ནང་མེ་མདའ་དང་མདེའུ་འབར་རྫས་ལ་སོགས་པ་ཧ་ཅང་མང་པོ་ཡོད་པས་ཐ་ན་དམག་མི་ཧྲེ་ཤོག་གཅིག་ལ་འདངས་ངེས་ཀྱི་གོ་མཚོན་ཡོད་པ་རེད། འཕྲོག་བཅོམ་བྱས་པའི་མཚོན་ཆ་མང་ཆེ་བ་ལྷ་ས་དང་ཆབ་མདོར་དབོར་འདྲེན་བྱས་ཡོད་པས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་སྟོབས་ཤུགས་ལ་གང་མྱུར་ཤུགས་སྣོན་ཆེན་པོ་ཐེབས་ཏེ་བོད་ཀྱི་དྲག་པོའི་འཐབ་རྩོད་འདི་བཞིན་ཤུགས་ཆེ་རུ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཡོད་ལ། ཡང་གོ་མཚོན་མི་ཉུང་བ་ཞིག་ས་ཕྱོགས་གང་སར་ཁྱབ་རྡལ་ཕྱིན་པའི་དབང་གིས་ལོ་གཉིས་པ་དེར་བསྐྱར་དུ་ངོ་ལོག་རྒྱབ་པ་ཟེར་བའི་སྐབས་ནུས་པ་གང་ཙམ་ཐོན་ཡོད་པས་འདི་ནི་སྲིད་གཞུང་མགོ་ན་ཤོས་ཀྱི་གནས་ཚུལ་ཞིག་ཆགས་པ་རེད།

སྤྱི་ལོ་༡༩༦༨ ལོའི་ཟླ་༦ཚེས་༧ཉིན་ལྷ་སར་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་ལོ་རྒྱུས་ཐོག་ཧ་ལས་དགོས་པའི་ཁྲག་གི་གྱོད་གཞི་བྱུང་བའི་གྲས་ནས་གཙུག་ལག་ཁང་གི་དྲུག་བདུན་དོན་རྐྱེན་ཟེར་བ་འདི་བྱུང་པ་རེད། མདོར་བསྡུས་ནས་བཤད་ན་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བས་བཟུང་ནས་ཡོད་པའི་གཙུག་ལག་ཁང་གི་ཐོག་བརྩེགས་གསུམ་པའི་ཁྲོམ་གཞུང་ཕྱོགས་ལ་ཡོད་པའི་གཞོགས་གཅིག་ལ་རྒྱང་བསྒྲགས་གཏོང་སའི་བབས་ཚུགས་བཟོས་ཡོད་པ་དང་དེར་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་འདིའི་ལས་བྱ་མི་བཅུ་གྲངས་ཙམ་སྡོད་ཀྱི་ཡོད་པ་ཚང་མ་ཝ་པ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་དམར་སྲུང་དམག་དང་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་རེད། གོ་ཐོས་ལ་རྒྱང་བསྒྲགས་བབས་ཚུགས་འདིའི་དྲིལ་བསྒྲགས་ཀྱི་རྒོལ་ཐབས་དྲག་ཤུལ་ཆེན་པོ་ཡོད་པས་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་དང་དམག་དཔུང་ནང་གི་རྙིང་ཞེན་པར་ཁ་རྡུང་དྲག་པོ་གཏོང་བའི་སྐད་སྒྲ་ཉིན་གང་ལྷ་ས་ཡོངས་ལ་ཁྱབ་པར་བརྟེན་ཟླ་༦ཚེས་༧གྱི་ཉིན་མོ་དེར་སྔོན་ལ་བར་སྐོར་ཟུར་ཁང་སྒོ་རྭའི་ནང་ཡོད་པའི་བྱིན་ཅུས་ཁྲང་ཞི་ཚོགས་པ་དང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་བཅས་ཀྱི་འཁྲབ་མཁན་ཚོས་མཐའ་བསྐོར་བ་དང་དེ་རྗེས་མུ་མཐུད་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བར་རྒྱབ་སྐྱོར་བྱེད་མཁན་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གིས་དམག་དོན་དཔུང་འཇུག་བྱས་ཏེ་གཙུག་ལག་ཁང་ནང་རང་སར་མི་བཅུ་བསད་པ་མ་ཟད། ད་དུང་ཉེ་འཁོར་གྱི་ཁྲོམ་གཞུང་ཐོག་མི་གཉིས་བསད་ཡོད་པ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད། སྐད་སྒྲ་གསང་པོ་ཡོད་པར་བརྟེན་རྒྱ་སྐད་ཐོག་ཀའོ་དབྱིང་ཟེར་མིང་ཐོབ་པའི་རྒྱང་བསྒྲགས་བཤད་མཁན་འཕྲིན་ལས་ཆོས་སྐྱིད་ཀྱི་གྲོད་པར་མེ་མདའ་ཕོག་སྟེ་རྒྱུ་མ་ཕྱིར་འདོན་ནས་སྐབས་དེ་དུས་ཁོ་མོས་གུ་ཤ་ཕོར་པ་གཅིག་གིས་རྒྱུ་མ་ལུས་པ་བཀག་བཞིན་ཁ་ནས་ད་དུང་མའོ་ཀྲུའུ་ཞིའི་གསུང་བཏུས་ཟེར་བ་འདིའི་ནང་ནས་སྐད་ཤུགས་ཆེན་པོས་སེམས་ཐག་གཙང་བཅད་ཀྱིས་ཤི་རྒྱུར་མི་སྐྲག་པ་ཞེས་བརྗོད་ཡོད་པ་རེད་འདུག དེ་མིན་རྒྱང་བསྒྲགས་བཤད་མཁན་མིང་ལ་བསྟན་འཛིན་ཟེར་བ་ཞིག་ཏོག་ཙམ་མ་གཏོགས་སྲོག་ཤོར་གྲབས་བྱས་བཞག མདེའུ་ཡིས་ཁོ་མོའི་མགོ་ལ་ཡོད་པའི་དམག་ཞྭ་རྟོལ་ནས་མགོ་ལ་རྨ་བཟོས་པ་དང་ལག་འབོམ་འབར་ནས་རྐང་པ་བཅག་པ་རེད། ཡིན་ནའི་རྗེས་ལ་སྨན་ཁང་ནས་མྱུར་སྐྱོབ་བྱས་ཏེ་འཚོ་ཐུབ་པ་བྱུང་ཡོད། དམག་འཐབ་མགྱོགས་པོ་མཇུག་སྒྲིལ་ཏེ་བཅིངས་འགྲོལ་དམག་གིས་གཙུག་ལག་ཁང་བཙན་བཟུང་བྱས་པའི་རྗེས་བྱིན་ཅུས་ཁྲང་ཞི་ཚོགས་པའི་ཁྲ་ཞི་འཁྲབ་མཁན་ཚོས་གཙུག་ལག་ཁང་ནང་འཛུལ་ཏེ་རྨས་མ་རྣམས་ལ་ད་དུང་ཉེས་རྡུང་བཏང་ཡོད་པའི་གནས་ཚུལ་གོ་ཐོས་བྱུང༌། དེ་ནས་ཤི་རྨས་བྱུང་བ་རྣམས་གང་བྱུང་གིས་ཐེར་གེའི་ནང་བླུགས་ནས་སྨན་རྩིས་ཁང་གི་རྒྱལ་སྒོའི་འགྲམ་དུ་བཞག་ཡོད་པས་ལྷ་སའི་གྲོང་ཁྱེར་ནང་མི་རྣམས་ཀྱི་གོ་ཐོས་བྱུང་སྟེ་མཐའ་སྐོར་ནས་ལྟ་བཞིན་ཡོད་པ་རེད།

སྐབས་དེ་དུས་དྲུག་བདུན་གྱི་གཙུག་ལག་ཁང་གི་དོན་རྐྱེན་འཁོད་པའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་<<དམར་པོའི་གྱེན་ལོག་ཚགས་པར་>>གྱི་བོད་ཡིག་པར་ངོས།

གཙུག་ལག་ཁང་ནང་བྱུང་པའི་ཁྲག་གི་གྱོད་གཞི་དེས་ལྷ་སར་སྐད་གྲགས་ཆོད་ཅིང་པེ་ཅིང་ལ་ཡང་གཡོ་འགུལ་ཐེབས་ཏེ་ཤོག་ཁག་གཉིས་ཀྱིས་ཆེད་མངགས་མི་སྣ་མངག་གཏོང་བྱས་ནས་པེ་ཅིང་ལ་སྙན་གསེང་ཞུ་བར་བཏང་ཡོད། མའོ་ཙེ་ཏུང་དང་ལིང་པེའོ་གཉིས་ཀས་བཀའ་བཏང་སྟེ་བོད་དམག་ཁུལ་ཁང་ལ་སྐྱོན་བརྗོད་བྱས་པར་བརྟེན་དམག་དཔུང་ནས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་དགོངས་སེལ་ཞུ་དགོས་པ་དང་དེའི་རྐྱེན་གྱིས་དམག་དཔོན་ཁག་ཅིག་ལ་ཉེས་ཆད་བཏང་ཡོད་པ་རེད། གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བས་ལམ་སེང་<<དམར་པོའི་གྱེན་ལོག་ཚགས་པར་>>གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་ངོས་ཐོག་ཞིབ་ཕྲའི་གནས་ཚུལ་བཀོད་ཡོད་པ་མ་ཟད། ད་དུང་མའོ་ཙེ་ཏུང་གི་མཛུབ་སྟོན་འཁོད་པའི་མའོ་ཙེ་ཏུང་གི་འདྲ་པར་རྟགས་མ་ཆེད་མངགས་བཟོས་པ། དེ་བཞིན་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་གྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད། དོན་རྐྱེན་འདིའི་ནང་མི་༡༢ཀྱི་སྲོག་ཤོར་བ་རྣམས་ཀྱི་ཕུང་པོ་ལྷ་སའི་ནུབ་ངོས་ཀྱི་དཔའ་བོའི་བང་སོ་ཁང་ཟེར་བ་དེར་ཆེད་མངགས་བང་སོ་ཁང་ཆུང་ཆུང་ཞིག་བཟོས་ཏེ་སྦས་ཡོད། བོད་དམག་ཁུལ་ཁང་དང་བོད་ཀྱི་གསར་བརྗེའི་ཨུ་ཡོན་ལྷན་ཁང་ནས་དེའི་ཆེད་ད་དུང་རྡོ་རིང་བསླངས་ཡོད་པ་རེད།

མི་༡༢བསད་་པ་འདི་རྣམས་ཚང་མ་བོད་པ་ཡིན་པ་མ་ཟད། ད་དུང་མང་ཆེ་བ་ལྷ་ས་ནས་རེད། ཁོང་ཚོའི་ཆ་སྙོམས་ལོ་གྲངས་ཉི་ཤུ་ལྷག་ཙམ་དང་ཆུང་ཤོས་ནི་ལོ་༡༧ལ་སླེབས་པའི་བུ་མོ་ཞིག་རེད། བཅའ་འདྲི་ཞུས་པའི་བརྒྱུད་རིམ་ནང་མི་འགའ་རེས་གུས་མོ་ཁོང་ཁྲོ་ཚད་མེད་ལངས་པའི་སྒྲུང་ཞིག་གསུངས་བྱུང༌། དེ་ཡང་དང་ཐོག་ཁོང་ཚོ་མི་༡༢ལ་མྱ་ངན་བྱས་ཤིང་འདི་དག་སྔོན་གཤེགས་དཔའ་བོ་ཟེར་བར་རྩིས་པ་དང་ཡང་ལོ་གཅིག་ཕྱིན་པའི་རྗེས་ཁོང་ཚོར་བསད་ཀྱང་ཉེས་པ་མི་དག་པ་རེད་ཅེས་བརྗོད་ནས་དུར་སྒམ་ཁ་ཕྱེ་བ་དང་ཕུང་པོ་བདག་མེད་དུ་དབྱུག་པར་བརྟེན་ཕུང་པོ་ཁ་ཤས་ནང་མིས་ངོ་ཤེས་ཏེ་རྩིས་ལེན་བྱས་ཡོད་པ་དང་དེ་འཕྲོས་རྣམས་ཁྱིས་བཟས་པ་སོགས་ཡ་ང་བའི་གནས་ཚུལ་བྱུང་འདུག ཡིན་ནའི་ཡུན་རིང་མ་སོང་བར་གང་ཡིན་འདི་ཡིན་མེད་པར་བང་སོ་རྣམས་ཀྱི་ནང་ལོག་སྟོང་པ་ཡིན་རུང་ཕྱི་ཚུལ་ལ་སྔོན་མ་ལྟར་བསྐྱར་བཟོ་བྱས་ཡོད་པ་རེད་འདུག

དུས་ད་ལྟ་ཡང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་ཟུར་གཅིག་ལ་ད་དུང་དམིགས་བསལ་གྱི་བང་སོ་འདི་མཐོང་རྒྱུ་ཡོད་པ་རེད། ཡིན་ནའི་རྩ་ངན་སྟུག་པོ་སྐྱེས་ནས་ཡོད་པ་དང་ཉམས་རྒུད་ལ་ཕྱིན་པའི་ཐང་སྟེང་དུ་སེམས་ཅན་གྱི་གཟན་ཆག་སྤུངས་ནས་འདུག་ལ། བང་སོར་སེར་ཁ་གས་པ་དང་བང་སོའི་སྟེང་གི་ཡི་གེ་ཡང་གསལ་ལ་མི་གསལ་ཆགས་འདུག བྱས་ཙང་དོན་རྐྱེན་འདིའི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་མ་འདི་གང་འདྲ་ཡིན་མིན་ཡོངས་ཁྱབ་ཀྱི་ཡིག་ཆ་གང་ཡང་མཐོང་རྒྱུ་མེད་པ་་ནང་བཞིན་ལོ་ངོ་༣༨ཀྱི་དུས་ཡུན་ཐུང་ངུ་འདིའི་རིང་ཧ་ལམ་མི་སུ་ཞིག་གིས་ཀྱང་གསལ་པོ་བཤད་ཐུབ་མཁན་མེད་ལ། ཡང་ན་དེའི་སྐོར་ལ་ཆེད་མངགས་ཚིག་གཅིག་ཀྱང་མ་གླེང་པ་ཡིན་སྲིད། ཐ་ན་དོན་རྐྱེན་འདི་གོ་རྒྱུ་ཚོར་རྒྱུ་མེད་པ་ཆགས་ངེས་པས་འདི་ལྟར་བྱེད་དགོས་དོན་གང་ཡིན།

img-caption img-caption img-caption

སྤྱི་ལོ་༢༠༠༡ལོའི་ཟླ་བ་དྲུག་པའི་ནང་གུས་མོས་ཝང་ལིད་ཞུང་འཁྲིད་དེ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ལ་ཕྱིན་ནས་ངའི་པཱ་ལགས་ཀྱི་བང་སོ་མཇལ་བ་ཡིན་ལ། དེ་བཞིན་གྱང་གི་མཐའ་སྐོར་ནས་བང་སོ་གཞན་དང་འབྲེལ་བ་མེད་པར་མཉམ་གནས་དཀའ་བ་ལྟ་བུའི་དམར་སྲུང་དམག་གི་བང་སོར་ལྟ་བར་སྐྱོད་པ་ཡིན། ཝང་ལིད་ཞུང་གིས་གུས་མོར་བོད་ཀྱི་རིག་གནས་གསར་བརྗེའི་དྲན་གསོའི་དེབ་འདི་ངེས་པར་དུས་ཐོག་བྲིས་ཐུབ་པ་དགོས་པའི་སྐུལ་མ་བཏང་བྱུང༌། དེར་བརྟེན་གུས་མོས་རྩོམ་ཡིག་གི་མ་ཡིག་འདིར་ལོ་མང་པོའི་དུས་ཚོད་བཏང་བ་ཡིན་ལ། དེ་ཡང་གུས་མོའི་པཱ་ལགས་དང་བོད་མི་གཞོན་སྐྱེས་༡༢ཀྱི་བང་སོའི་མདུན་ལ་རྩོམ་གྱི་ཐོག་མའི་བཟོ་ལྟ་སྒྲོམ་གཞི་ཞིག་བྱུང་སོང་བ་འདི་ཡང་ཁོང་ཚོའི་རྣམ་ཤེས་ཀྱིས་གུས་མོར་ལས་འགན་འདི་སྤྲད་པ་ལྟ་བུ་ཞིག་བྱུང༌།

དྲུག་བདུན་གྱི་གཙུག་ལག་ཁང་གི་དོན་རྐྱེན་ཟེར་བ་འདིའི་རྗེས་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་འདི་ནུས་པ་ཤོར་བ་དང་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་ཕམ་ཁ་ནས་རྒྱལ་ཁ་ཐོབ་ཡོད་པ་རེད། ཟླ་༩ཚེས་༥ཉིན་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་དབུ་བརྙེས་ཏེ་ཤོག་ཁག་གཉིས་ཀྱི་འགོ་ཁྲིད་དའོ་གྲང་སུང་དང་ལིའུ་ཧྲའོ་མིང་མཉམ་དུ་འགོ་ཁྲིད་དཔུང་ཁག་ནང་བཅུག་ནས་ཀྲུའུ་རིན་གཞོན་པའི་གོ་གནས་སྤྲད་ཡོད་པ་རེད། ཟླ་༡༡ཚེས་༩ཉིན་མཉམ་འབྲེལ་ཟེར་བ་དེའི་སྤྱི་ཁབ་ལས་ཁུངས་མེད་པ་བཟོས་པའི་གསལ་བསྒྲགས་བྱས་པ་དང་དུས་མཚུངས་<<རླུང་དམར་དྲག་པོའི་དམག་འཐབ་ཚགས་པར།>>མཚམས་འཇོག་བྱས་ཡོད། ཟླ་༡༡ཚེས་༡༣ཉིན་བོད་དམག་ཁུལ་ཁང་གིས་ལྷ་ས་མི་དམངས་ལུས་རྩལ་ཐང་ལ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་དག་སེལ་གྱི་ཚོགས་ཆེན་ཚོགས་ཡོད།

འོན་ཀྱང་འགལ་རྐྱེན་དེའི་ཁྲོད་ནས་གནས་སྟངས་ཞི་འཇམ་དུ་སོང་མེད། སྤྱི་ལོ་༡༩༦༩ ལོའི་ཟླ་༣ནས་བཟུང་བོད་ཀྱི་ཆབ་མདོ་ས་ཁུལ་དང་ལྷ་སའི་ཉེ་འགྲམ་རྫོང་ཁག གཞིས་རྩེ་ས་གནས། ནག་ཆུ་ས་གནས་སོགས་ཀྱི་བོད་མིས་རིམ་བཞིན་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། སྐབས་དེར་གནས་སྟངས་ཧ་ཅང་ཛ་དྲག་པོ་བྱུང་ཡོད་པར་ངོས་འཛིན་བྱས་ཡོད། གཙོ་བོ་ནི་དོན་རྐྱེན་བྱུང་བ་ཁག་ནང་བཅིངས་འགྲོལ་དམག་མི་བསད་པ་དེ་རྣམས་དེའི་སྔོན་ལ་ཐོན་པའི་དྲག་པོའི་འཐབ་རྩོད་ནང་མི་སེར་དཀྱུས་མ་འདས་གྲོངས་ལ་སོང་བ་དང་གཅིག་པ་མིན་པ་རེད། དེར་བརྟེན་པེ་ཅིང་གིས་དེའི་དོན་ལ་ཁོང་ཁྲོ་ཆེན་པོ་ལངས་ཏེ་དམག་དཔུང་ལ་དྲག་པོའི་སྒོ་ནས་བཙན་གནོན་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པས་བསམ་ཡུལ་ལས་འདས་པའི་འཇིགས་སྣང་ཧ་ཅང་ཆེན་པོའི་གནས་སུ་གྱར་ཡོད་པ་རེད།

ད་ལྟ་དོན་རྐྱེན་དེ་རྣམས་གཞུང་ཕྱོགས་ཀྱི་པར་སྐྲུན་བྱས་པའི་ཡིག་རིགས་ཐོག་གསར་བརྗེར་ངོ་ལོག་གི་ཟིང་འཁྲུག་དོན་རྐྱེན་ཟེར་བར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་སྐབས་དེ་དུས་དོན་རྐྱེན་འདིའི་ངོ་བོ་ནི་ཡང་བསྐྱར་ངོ་ལོག་བྱས་པ་ཟེར་བར་རྩིས་ཡོད་པ་རེད། ཡང་བསྐྱར་ངོ་ལོག་བྱས་པ་ཟེར་བ་ནི་སྤྱི་ལོ་༡༩༥༦ལོ་ནས་༡༩༥༩ལོ་བར་བོད་ས་ཁྱོན་ཡོངས་ནང་བོད་པས་རྒྱ་ནག་གུང་ཁྲན་གཞུང་ལ་དྲག་པོའི་ངོ་རྒོལ་བྱས་པ་དེར་དམིགས་ནས་བརྗོད་པ་ཞིག་ཡིན། སྐབས་དེ་དུས་ཀྱི་ཟིང་འཁྲུག་ཟེར་བ་འདིའི་ཁྲོད་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་བཀའ་ཤག་གཞུང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་དང་དེ་དང་མཉམ་དུ་བོད་མི་ཁྲི་ཚོ་མང་པོ་བཙན་བྱོལ་དུ་སྐྱོད་དགོས་བྱུང་ཡོད། ཡང་ལོ་ངོ་བཅུའི་རྗེས་ཀྱི་ངོ་ལོག་དོན་རྐྱེན་འདི་ཟིང་འཁྲུག་ཟེར་བ་ཐེངས་གཉིས་པ་བྱུང་བར་རྩིས་དགོས་ཀྱི་ཡོད་པ་ཡིན་ནམ། གཞུང་ཕྱོགས་ཀྱིས་བཤད་སྟངས་ལ་གྱུར་བ་བཏང་ནས་རིག་གནས་གསར་བརྗེའི་དུས་སྐབས་ལ་གཏན་འཁེལ་བྱས་ཟིན་པའི་བསྐྱར་ལོག་ཟེར་བ་དེར་གསར་བརྗེར་ངོ་རྒོལ་གྱི་དྲག་པོའི་ཟིང་འཁྲུག་ཟེར་བར་གྱུར་བ་བཏང་དགོས་དོན་གང་ཡིན། (དོན་དངོས་ཐོག་དེང་སང་སྙེ་མོའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ནང་སྔར་བཞིན་སྙེ་མོའི་དོན་རྐྱེན་ཟེར་བ་འདི་དགུ་གཉིས་ཟེར་བའི་ཟིང་འཁྲུག་གི་ཁོངས་སུ་རྩིས་ཡོད། ཡང་དགུ་གཉིས་ཟེར་བ་ནི་སྤྱི་ལོ་༡༩༥༩ ལོ་དང་ ༡༩༦༩ ལོ་དེ་གཉིས་ལ་དམིགས་ནས་བརྗོད་ཀྱི་ཡོད།) གྱུར་བ་འདིའི་རྒྱབ་ཕྱོགས་སུ་དོན་ངོ་མའི་གསང་བ་གང་འདྲ་ཞིག་ཡོད་པ་ཡིན་ནམ།

དེའི་སྐབས་བོད་རང་སྐྱོང་ལྗོངས་ཁོངས་སུ་ཁྱོན་རྫོང་ཁག་༧༡ཡོད་པ་དང་བསྐྱར་དུ་ངོ་ལོག་ཟེར་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་རྫོང་༥༢ཙམ་ཡོད།(དེའི་ནང་རྫོང་༡༨ནི་ཁྱོན་ཡོངས་ནས་ངོ་ལོག་བྱས་པར་རྩིས་པ་དང་རྫོང་༢༤ལ་ཕྱེད་ཀས་ངོ་ལོག་བྱས་པར་རྩིས་ཡོད། ད་དུང་རྫོང་ཁག་གཅིག་ནི་ངོ་ལོག་གི་ངན་ཇུས་གཏིང་པར་རྩིས་ཀྱི་ཡོད།) དེས་བརྒྱ་ཆ་བདུན་བཅུ་བདུན་བཞི་ཡན་ཟིན་ཡོད་པ་དང་འབྲེལ་བ་ཆགས་པའི་མི་དེ་བས་མང་བ་ཡོད་པས་གྲངས་ཚད་རྩིས་ཐབས་མེད་པ་རེད། དའོ་གྲང་སུང་གི་བརྗོད་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བསྡོམས་རྩིས་དཔྱད་གཞིའི་ཡིག་ཆའི་ནང་གསལ་བར། ལྗོངས་ཡོངས་ལ་མི་ཁྲི་གཅིག་ལྷག་ཙམ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད་འདུག ཡིན་ནའི་ཁོང་གིས་གྲངས་ཚད་དེར་ཧ་ཅང་ཉུང་རུ་བཏང་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག ཁོང་གིས་ཟུར་ཟའི་ཐོག་ནས་བརྗོད་པར། གལ་ཏེ་མི་མང་པོ་དེ་འདྲ་ཚང་མ་ཟིང་འཁྲུག་ཟེར་བ་སློང་མཁན་གྱི་དོགས་གཞིའི་མི་སྣར་རྩིས་བ་ཡིན་ན་གུང་ཁྲན་ཚོགས་པས་རང་གི་གདོང་ལ་རང་གིས་ནག་པོ་འབྱུག་པ་མ་རེད་དམ། ཡང་གུང་ཁྲན་ཚོགས་པས་བོད་ལ་ལོ་མང་པོའི་རིང་གི་བྱས་རྗེས་རྣམས་མེད་པར་འགྱུར་གྱི་མ་རེད་དམ། མའོ་ཀྲུའུ་ཞིའི་གཟི་བརྗིད་ཀྱང་གང་དུ་སོང་བ་ཡིན་ནམ། དེར་བརྟེན་ད་བར་ཁོ་པས་མཐའ་འཁྱོངས་ནས་ངོས་འཛིན་བྱ་དོན་ལ། སྐབས་དེ་དུས་བྱུང་པའི་དྲག་པོའི་དོན་རྐྱེན་འདི་བསྐྱར་དུ་ངོ་ལོག་ཟེར་བ་མ་ཡིན་པར་དེ་ནི་མང་ཚོགས་ཀྱི་སྒྲིག་འཛུགས་ཟེར་བའི་དབར་ཕན་ཚུན་དྲག་པོའི་འཐབ་རྩོད་བྱུང་བར་ངོས་འཛིན་བྱེད་ཀྱི་འདུག

img-caption img-caption img-caption

སྤྱི་ལོ་༢༠༠༡ལོར་བསྐྱར་དུ་བཟོ་བཅོས་བྱས་པའི་སྙེ་མོའི་སྔོན་གཤེགས་དཔའ་བོའི་བང་སོ་ཟེར་བ་འདི་ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལྟེ་གནས་ཤིག་ལ་རྩིས་ཡོད་པ་རེད།

སྐབས་དེ་དུས་ལྷ་སའི་ཉེ་འགྲམ་གྱི་སྙེ་མོ་རྫོང་དང་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་ལ་བྱུང་པའི་དྲག་པོའི་དོན་རྐྱེན་དེ་གཉིས་ཀྱི་དུས་ཚོད་ཧ་ལམ་གཅིག་པ་ཡིན་པ་དང་ངོ་བོ་ཡང་ཧ་ལམ་འདྲ་པོ་ཡོད་པས་དོན་རྐྱེན་རབ་དང་རིམ་པ་བྱུང་བའི་ནང་ནས་མངོན་གསལ་དོད་ཤོས་ཆགས་ཡོད་པ་རེད། གོ་དོན་གཏིང་ཟབ་ཡོད་པ་ཞིག་ལ། གནས་ཚུལ་ཚར་རྗེས་བརྟག་དཔྱད་བྱས་ཏེ་ཤེས་རྟོགས་བྱུང་བར། དྲག་པོའི་འོས་ལངས་བྱེད་མཁན་གྱི་ངོ་རྒོལ་བའི་ནང་སྐྱེ་ཁུངས་མངའ་བདག་ཆེན་པོ་གསུམ་ཟེར་བ་ཡིན་པའི་མི་མེད་པ་དང་དེ་མིན་སྤྱི་ལོ་༡༩༥༩ལོའི་ངོ་ལོག་ཟིང་འཁྲུག་ཟེར་བའི་ནང་ཞུགས་མྱོང་བའི་མི་ཡང་མེད་པ་རེད་ལ། དངོས་གནས་བཤད་ན་ཚང་མ་ཡར་ལངས་ཞིང་བྲན་ཟེར་བ་ཤ་སྟག་ཡིན་པ་རེད། སྙེ་མོའི་དོན་རྐྱེན་གྱི་འགོ་ཁྲིད་ནི་ཨ་ནི་འཕྲིན་ལས་ཆོས་སྒྲོན་ཟེར་བ་ཞིག་ཡོད་པ་ཁོང་ནི་གྲོང་གསེབ་ཏུ་འཚོ་བ་བསྐྱལ་མཁན་གྱི་གཞོན་སྐྱེས་ཨ་ནི་དབུལ་ཕོངས་ཤིག་ཡིན་པས་གུང་ཁྲན་ཚོགས་པས་བཅིངས་འགྲོལ་གཏོང་ཡུལ་ཡར་ལངས་ཞིག་བྲན་ཟེར་བ་ཞིག་རེད། དེ་འདྲ་ཡིན་ན་ཡང་ཡར་ལངས་ཞིང་བྲན་ཟེར་བ་ཡིན་པ་ལས་མངའ་བདག་ཆེན་པོ་གསུམ་ཟེར་བ་མིན་ལ་ཁོ་པ་ཚོ་མངའ་བདག་ཆེན་པོ་གསུམ་ཟེར་བའི་མཉའ་གནོན་དང་བཤུ་གཞོག་འོག་ནས་བཅིངས་འགྲོལ་གཏོང་མཁན་གྱི་བཅིངས་འགྲོལ་དམག་མིར་འདི་ལྟ་བུའི་གྲལ་རིམ་འཁོན་འཛིན་དང་མི་རིགས་ཀྱི་འཁོན་སྡང་གཏིང་ཟབ་འདི་འདྲ་བྱ་རྒྱུ་གང་ཡིན། འདི་ཡིན་མ་སྲིད་པ་ཞིག་རེད། དེ་ཡང་གུས་མོས་བཅའ་འདྲི་ཞུས་པའི་ནང་གོ་ཐོས་བྱུང་བར་དེ་སྔ་སྙེ་མོའི་དོན་རྐྱེན་ཟེར་བ་འདི་ཞོད་འཇགས་སུ་གཏོང་བར་སྐྱོད་མཁན་བཅིངས་འགྲོལ་དམག་དང་མཉམ་དུ་ཡོད་པའི་ཤིན་ཧྭ་གསར་འགྱུར་ལས་ཁུངས་ཀྱི་བོད་ལ་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་གསར་འགོད་པ་པ་སངས་(གསང་མིང་)ཀྱིས་བརྗོད་པར། མ་གཞི་བྱས་ན་དོན་རྐྱེན་འདི་ནང་ཁུལ་གྱི་དྲག་པོའི་འཐབ་བརྩོད་ལ་རྩིས་ཏེ་ཐག་གཅོད་བྱས་ན་འགྲིག་གི་རེད། འོན་ཀྱང་ལག་ཏུ་མཚོན་ཆ་གང་ཡང་མེད་པའི་བཅིངས་འགྲོལ་དམག་མི་མང་པོ་དེ་འདྲ་བསད་ཡོད་པར་བརྟེན་འདི་ནི་དྲག་པོའི་འཐབ་བརྩོད་རེད་ཅེས་བརྗོད་ན་ཧ་ལམ་འགྲིག་གི་མེད་པ་རེད། བཅིངས་འགྲོལ་དམག་མི་དེ་ཚོར་གློ་བུར་དུ་འཇབ་རྒོལ་བྱས་ཏེ་བསད་པ་རེད། འདི་ནི་འཁོན་སེམས་བཅངས་པ་ཞིག་ཡིན་པ་མངོན་གསལ་དོད་པོ་རེད། དགྲར་འཛིན་གྱི་བསམ་བློ་འཁྱེར་ཏེ་དྲག་པོའི་འཐབ་བརྩོད་ཅིག་བྱས་པ་འདི་སྤྱིར་བཏང་གི་དྲག་པོའི་འཐབ་རྩོད་མ་རེད་ལ། རིག་གནས་གསར་བརྗེ་ཆེན་པོའི་ནང་མགོ་སྐོར་ཐེབས་པའི་གནས་ཚུལ་ཞིག་ཀྱང་མ་རེད། བོད་རིགས་དཔོན་རིགས་བཅུ་གཉིས་(གསང་མིང་)ནི་སྐབས་དེ་དུས་སྙེ་མོའི་དོན་རྐྱེན་དྲག་གནོན་བྱས་རྗེས་དམག་དཔུང་ནས་སྐོར་སྐྱོད་ཀྱི་འགྲེམ་སྟོན་བྱ་སྐབས་འགྲེལ་བཤད་བྱེད་མཁན་ཞིག་ཡིན་ཞིང། ད་ལྟའང་ཁོང་ཁྲོ་ལངས་ཏེ་བརྗོད་དོན་ལ། འདས་པའི་ལོ་ཟླའི་ནང་ལོ་རབས་དྲུག་བཅུའི་མཇུག་དེར་ཡ་ང་བའི་གནས་ཚུལ་འདི་འདྲ་ཞིག་ཐོན་པ་རེད། བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་རྗེས་ཐ་ན་སྤྱི་ལོ་༡༩༥༩ལོར་ཟིང་འཁྲུག་ཟེར་བ་ཞོད་འཇགས་གཏོང་བའི་སྐབས་ལ་ཡང་བྱུང་མྱོང་མེད། སྤྱི་ལོ་༡༩༥༩ལོར་བོད་ལ་ཟིང་འཁྲུག་ངོ་ལོག་ཟེར་བ་གཞི་རྒྱ་ཆེན་པོ་འདི་འདྲ་ཞིག་བྱུང་ཡོད་པ་ཡིན་རུང༌། དམག་དཔུང་ལ་གནས་ཚུལ་འདི་འདྲ་ཐོན་མྱོང་མེད་ལ། འདི་ལྟ་བུའི་ཚབས་ཆེན་པོའི་ཕམ་ཉེས་ཀྱང་བྱུང་མྱོང་མེད། སྤྱི་ལོ་༡༩༦༩ལོར་གནས་ཚུལ་འདི་འདྲ་ཞིག་ཐོན་པ་ནི་ཐོས་པ་ཙམ་གྱིས་སྐྲག་སྣང་སྐྱེས་དགོས་པ་དང་དོན་དངོས་ཐོག་འདི་ཡང་བསྐྱར་དུ་ངོ་ལོག་ཟེར་བའི་ཁོངས་སུ་གཏོགས་ཀྱི་ཡོད། གལ་ཏེ་དེ་ལྟར་བདེན་པ་ཡིན་ན་ངེས་པར་དུ་དེའི་རྒྱུ་མཚན་གང་ཡིན་མིན་འདྲི་རྩད་བྱ་དགོས་ཀྱི་རེད།

བོད་ལ་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་མང་པོ་ཕྱིན་པའི་རྗེས་ལ་ཡང་ད་དུང་ཡར་ལངས་ཞིང་བྲན་ཟེར་བ་མང་པོས་བདེན་དོན་ཐད་ལ་ཕྱིར་བཤོལ་མི་བྱེད་པར་བཅིངས་འགྲོལ་དམག་མི་བསད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། སྐབས་དེ་དུས་གཡོན་སྐྱོར་ཟེར་བ་(གཡོན་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་དོན་ཡིན་པ་དང་དེ་ནི་མའོ་ཙེ་ཏུང་གི་མཛུབ་སྟོན་རེད།)བྱེད་མཁན་གྱི་བཅིངས་འགྲོལ་དམག་མིས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་རྒྱབ་སྐྱོར་མ་བྱས་པ་ཁོ་ན་གཅིག་པུའི་དབང་གིས་ཡིན་ནམ། ཡང་ན་ཁོ་པ་ཚོ་དང་ཐོག་ནས་བཅིངས་འགྲོལ་དམག་མི་ཡིན་པའི་རྐྱེན་གྱི་ཡིན་ནམ། དཔེར་ན་འཕྲིན་ལས་ཆོས་སྒྲོན་གྱིས་སྣེ་ཁྲིད་པའི་གྲོང་ཚོའི་མི་རྣམས་ཀྱིས་གྲི་དང་གདུང༌། ཐག་པ། རྡོ་བཅས་བེད་སྤྱད་དེ་གཉིད་ལྗི་པོ་ཁུག་ནས་ཡོད་པའི་བཅིངས་འགྲོལ་དམག་མི་དང་ཧུར་བརྩོན་ཅན་མི་བཅུ་གྲངས་ཤིག་བསད་ཡོད། འདིའི་དམིགས་ཡུལ་ནི་གསལ་པོ་རེད་ལ།

སྐབས་དེའི་ས་གནས་རང་ནི་ཁྲག་དྲི་བྲོ་བ་ཞིག་ཡོད་པས་དེ་ནི་སྤྱིར་བཏང་གི་དྲག་པོའི་འཐབ་རྩོད་ནང་ཤོག་ཁའི་རང་བཞིན་གྱིས་གསོད་རེས་བྱེད་པ་དང་གཅིག་པ་མིན་པ་གསལ་པོ་རེད། ཡང་དཔེར་ན་དེ་དང་འདྲ་བའི་དཔལ་འབར་རྫོང་གི་དོན་རྐྱེན་ནང་གྲོང་གསེབ་ཀྱི་བུད་མེད་གཞོན་སྐྱེས་བཞི་ཡིས་བཅིངས་འགྲོལ་དམག་མི་ཞིག་ཐག་པས་སྐེ་འདམས་ཏེ་བསད་པའི་ཡ་ང་བའི་གནས་ཚུལ་བྱུང་ཡོད། བྱས་ན་གནས་ཚུལ་དེ་རིགས་གུང་ཁྲན་ཚོགས་པས་གསར་བཟོ་བྱས་པའི་བཀའ་དྲིན་ཚོར་ཤེས་ཐུབ་མཁན་གྱི་ཡར་ལངས་ཞིང་བྲན་ཟེར་བའི་གཟུགས་བརྙན་དང་ཧ་ཅང་མི་མཐུན་པ་ཞིག་མ་རེད་དམ། དེས་རིག་གནས་གསར་བརྗེའི་ནང་བོད་མི་རིགས་ཀྱི་མི་རིགས་རིང་ལུགས་ཀྱི་རྣམ་པ་དོན་དངོས་ཐོག་གནས་ཡོད་པ་འདི་མངོན་པ་མ་རེད་དམ། གལ་ཏེ་བསམ་པ་འདི་གནས་ཡོད་ན་ཐོག་མ་ཉིད་ནས་ལྐོག་ཏུ་ཡིབ་བསྡད་པ་དང་ནམ་ཞིག་གོ་སྐབས་བྱུང་ཚེ་ལམ་སེང་འབར་གྱི་རེད་དམ། ཡང་ན་བཅིངས་འགྲོལ་ཟེར་བའི་ལྷ་སྒྲུང་དེས་མི་སེར་སྤེལ་བའི་དངོས་ཡོད་ཀྱི་གནས་སྟངས་འདིའི་ཚབ་བྱས་པའི་དབང་གིས་རིམ་པས་ཐོན་པ་ཞིག་ཡིན་ནམ། དེ་དག་ཐམས་ཅད་ཀྱང་རྣམ་པ་གང་འདྲ་ཞིག་གི་སྒོ་ནས་མངོན་ཐུབ་པ་བྱས་ཡོད་དམ། སྤྱི་ལོ་༡༩༥༦ ལོ་ནས་༡༩༥༩ ལོ་བར་ལ་བོད་ས་ཡོངས་ཀྱི་རིམ་པ་ཁག་ནང་ལ་མི་རིགས་རིང་ལུགས་ཀྱི་ལས་འགུལ་ཐོན་པ་དང་འདྲ་པོ་ཡོད་པ་ཡིན་ནམ། ཡང་ན་འདི་ནི་ཐོག་མར་གཤམ་འོག་མང་ཚོགས་ཀྱི་ཁྲོད་ནས་ཐོན་པའི་མི་རིགས་རིང་ལུགས་ལས་འགུལ་གྱི་རྣམ་པ་གཞན་ཞིག་ཡིན་ནམ། གལ་ཏེ་དངོས་གནས་དེ་འདྲ་ཡིན་ན་གཤམ་འོག་གི་བོད་མི་དཀྱུས་མ་ཚོའང་ཁོང་ཁྲོ་ལངས་ནས་ཡར་ལངས་པ་ཞིག་ཡིན་པ་དང༌། རྒྱ་ནག་གཞུང་གིས་བསམ་བློ་ཡོད་རྒུ་བཏང་ཏེ་བཟོས་པའི་བོད་གསར་པ་ཟེར་བ་འདིའི་མ་མཐའི་རྨང་གཞི་འདི་ཡང་ཤོར་བ་རེད། ཡིན་ནའི་འདི་ནི་དབང་འཛིན་པ་རང་ཉིད་ནས་ཀྱང་མཐོང་འདོད་མེད་པ་མ་ཟད། དབང་འཛིན་པས་མི་གཞན་གྱིས་ཀྱང་མཐོང་བཅུག་འདོད་མེད་པ་རེད།

img-caption

སྙེ་མོའི་དོན་རྐྱེན་ཟེར་བ་དང་དཔལ་འབར་གྱི་དོན་རྐྱེན་ཟེར་བ་སོགས་དོན་རྐྱེན་རིམ་པ་ཁག་ནི་བོད་ཀྱི་རིག་གནས་གསར་བརྗེའི་ལོ་རྒྱུས་ཐོག་གི་དོགས་གཞི་ཆེ་ཤོས་ཀྱི་གྱོད་གཞི་ཡིན་པ་མ་ཟད། ཁྲག་གི་གྱོད་གཞི་ཆེ་ཤོས་ཤིག་ཀྱང་ཡིན་པ་རེད།

བསྐྱར་ལོག་ཟེར་བ་ཞོད་འཇགས་སུ་བཏང་བའི་དམག་དཔུང་གི་བྱ་སྤྱོད་འདི་མཇུག་སྒྲིལ་བྱུང་བའི་རྗེས་གཞི་རྒྱ་ཆེ་བའི་འཛིན་བཟུང་དང་བཀག་ཉར། ཡོངས་བསྒྲགས་ཐོག་ནས་སྲོག་ཐོག་ཁྲིམས་བཅད་སོགས་བྱེད་འགོ་ཚུགས་ཡོད་ལ། ཨ་ནི་འཕྲིན་ལས་ཆོས་སྒྲོན་ནི་བོད་མི་ཚང་མས་ཤེས་རྟོགས་ཡོད་པའི་ལོག་སྤྱོད་པ་ཟེར་བ་ཞིག་ཆགས་ཡོད། ཁོང་ནི་བསྐྱར་ལོག་ཟེར་བའི་ཁྲོད་ནས་ཐོག་མར་ཡོངས་བསྒྲགས་ཀྱིས་ཁྲིམས་གཅོད་བཏང་སྟེ་མི་༡༨སྲོག་ཐོག་བཏང་བའི་ནང་གི་གཅིག་ཡིན་ཞིང་། ཕལ་ཆེར་སྤྱི་ལོ་༡༩༧༠ ལོའི་ཟླ་བ་གཉིས་པའི་ནང་ཡིན་ས་ཡོད། སྲོག་ཐོག་བཏང་བའི་ཉིན་མོ་དེར་ཧ་ལམ་ལྷ་སའི་མི་ཚང་མ་ཡོངས་བསྒྲགས་ཀྱི་ཁྲིམས་ར་ཚུགས་ཡུལ་དུ་ཁྲིད་ཡོད། ཁྲིམས་ར་ཚོགས་ཡུལ་ནི་ལྷ་སའི་མི་དམངས་ལུས་རྩལ་ཐང་དང་བྱང་ངོས་བྱེ་རག་ཆུ་བོའི་གསོད་ར་དེར་རེད། འདིར་སྐྱོད་དེ་མཐོང་བ་ཙམ་གྱི་ཧང་སངས་དགོས་པའི་གྲལ་རིམ་སློབ་གསོ་ཟེར་བ་དང་ལེན་བྱས་ཡོད་པ་རེད་ལ། སྐབས་དེ་དུས་ཟིང་འཁྲུག་སློང་མཁན་ཟེར་བ་སྲོག་ཐོག་ཏུ་བཏང་བ་ཕུད། ད་དུང་རྒྱལ་ཁབ་ལ་ངོ་ལོག་རྒྱབ་མཁན་ཟེར་བ་ཡང་སྲོག་ཐོག་བཏང་ཡོད། དེ་ཚོ་ཚང་མ་ནི་ཁག་མི་འདྲ་བའི་ད་ཡོད་ཀྱི་གསར་བརྗེར་ངོ་རྒོལ་པ་ཟེར་བ་ཤ་སྟག་རེད། མི་ཁག་ཅིག་ནི་འཇིགས་སྣང་དང་འཚོ་བའི་དཀའ་སྡུག་གི་གཟོད་ཐབས་བྲལ་ནས་རྒྱ་གར་སོགས་ཉེ་འགྲམ་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཕྱིན་པའི་དབང་གིས་ཡིན་པ་དེ་ཚོའི་ནང་མི་ཁ་ཤས་སྟབས་མི་ལེགས་པར་བྲོས་བྱོལ་ལམ་ནས་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཟེར་བའི་ཉེས་ཆད་ཁྲིམས་བཅད་དྲག་པོ་བཏང་ཡོད༌། དེའི་ནང་

img-caption img-caption img-caption

གཅིག་གི་མིང་ལ་ཐུབ་བསྟན་འགྱུར་མེད་ཟེར་བའི་གཞོན་ནུ་ཞིག་ཡོད་པ་ཁོང་ནི་ལྷ་ས་སློབ་འབྲིང་མཐོ་རིམ་དྲུག་དྲུག་འཛིན་གྲའི་སློབ་མ་ཡིན་པ་དང༌། ཁོང་དང་ཁོང་གི་གྲོགས་མོ་ཧོ་ཞའོ་ཆིང་(ཨ་མ་བོད་པ་དང་པ་ཕ་རྒྱ་རིགས་ཡིན་པ་)བྲོས་བྱོལ་ལ་སྐྱོད་སྐབས་ལམ་བར་ནས་འཛིན་བཟུང་བྱས་པ་རེད། ཧོ་ཞའོ་ཆིང་ནི་བཙོན་ཁང་ནང་དོ་དམ་བྱེད་མཁན་གྱིས་བཙན་གཡེམ་བྱས་པར་བརྟེན་ཉིན་དེའི་དགོང་མོར་རང་ཤི་རྒྱབ་པ་རེད། ཐུབ་བསྟན་འགྱུར་མེད་ནི་ཡོངས་བསྒྲགས་ཀྱི་ཁྲིམས་ར་ཚུགས་ནས་སྲོག་ཐོག་བཏང་ཡོད། དེ་མིན་ལྷ་འདྲེ་གདོན་བགེགས་ཟེར་བ་བསམ་ཕོ་ཚེ་དབང་རིག་འཛིན་གྱི་བུ་ཆུང་བ་ཡང་མཐའ་མཚམས་ལ་བྲོས་བྱོལ་ལ་འགྲོ་རྩིས་བྱས་པའི་རྐྱེན་གྱིས་སྲོག་ཐོག་བཏང་བ་དང། དེ་དང་མཉམ་དུ་བྲོས་བྱོལ་ལ་སྐྱོད་མཁན་མི་གསུམ་ཡོད་པ་ནས་མི་གཉིས་སྲོག་ཐོག་བཏང་བ་དང་བུ་མོ་ཆུང་ཆུང་ཞིག་ལ་ཁྲིམས་བཅད་ལོ་ཉི་ཤུ་བཏང་ཡོད་པ་རེད། དེ་སྔོན་སྤྱི་ལོ་༡༩༥༨ ལོ་ནས་བོད་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པའི་གོ་གནས་ཡོད་པའི་བསམ་ཕོས་རང་ཉིད་ཀྱི་བུ་མིག་གིས་མཐོང་སར་བཅིངས་འགྲོལ་དམག་མིའི་མེ་མདའི་འོག་སྲོག་བཅད་ནས་སྐྱབས་ཐུབ་མེད་པར་བརྟེན་སེམས་ནང་ཚོར་སྣང་གང་འདྲ་བྱུང་ཡོད་དམ།

ར་བསད་ལུག་འདར་རུ་བཅུག་ཟེར་བའི་ནུས་པ་ཐོན་ཆེད་སྐབས་དེ་དུས་དར་ཁྱབ་ཆེ་བའི་བྱེད་སྟངས་གཅིག་ནི་ཁྲིམས་བཅད་སྲོག་ཐོག་གཏོང་རྒྱུའི་ཁྱབ་བསྒྲགས་རྩ་ཚིག་གང་སར་སྦྱར་བ་དང་སྲོག་ཐོག་བཏང་ཡུལ་གྱི་འདྲ་པར་དང་ཡང་ན་མིང་གི་ཐོག་མངོན་གསལ་དོད་པོས་ཀུ་རུ་ཁ་དམར་རྟགས་རྒྱབ་ཀྱི་ཡོད། གཉིས་ནས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ཡོངས་བསྒྲགས་ཚོགས་ཆེན་ཚུགས་ཏེ་ཁྲིམས་ཐག་བཅད་རྗེས་བཅིངས་འགྲོལ་དམག་མིས་མོ་ཀྲའི་ནང་བླུགས་ཏེ་གྲོང་ཁྱེར་ཡོངས་ལ་ཁྲོམ་སྐོར་བྱེད་ཀྱི་ཡོད། དེ་ནས་གསོད་ར་ལ་འཁྲིད་དེ་སྲོག་ཐོག་གཏོང་གི་ཡོད་པ་རེད། མི་འགའ་ཞིག་ནི་གསོད་རར་མ་སླེབས་གོང་ནས་ལྕགས་སྐུད་དང་ཐག་པས་འདམས་ཏེ་ཤི་ཚར་གྱི་ཡོད་པས་གང་ལྟར་ཁྱབ་བསྒྲགས་བྱེད་དུས་དང་ཡང་ན་སྲོག་ཐོག་གཏོང་སྐབས་ནང་མི་ཚོ་ངེས་པར་རུ་སྟར་གྱི་མདུན་དེར་ལངས་བཅུག་སྟེ་སློབ་གསོ་དང་ལེན་ཟེར་བ་བྱ་དགོས་ཀྱི་ཡོད་ལ། ད་དུང་ཕུང་པོ་འཁྱེར་མི་ཆོག་པ་དང༌། གཞུང་ལ་ཐག་པ་དང་མདེའུ་ཡི་རིན་གོང་སྤྲོད་དགོས་ཀྱི་ཡོད་པ་མ་ཟད། ད་དུང་ཡོངས་བསྒྲགས་ཐོག་གུང་ཁྲན་ཚོགས་པས་གྲལ་རིམ་དགྲ་བོ་ཟེར་བ་མེད་པ་བཟོས་པར་ཐུགས་རྗེ་ཆེ་ཞུ་བའི་རྣམ་འགྱུར་སྟོན་དགོས་ཀྱི་ཡོད། དེར་བརྟེན་མི་མང་པོས་བཙོན་ཁང་ནང་གི་མནར་གཅོད་བཟོད་སྒོམ་མ་ཐུབ་པར་རང་ཤི་རྒྱབ་ཀྱི་ཡོད་ལ། ཡང་འགའ་ཞིག་མནར་གཅོད་འོག་ནས་སྲོག་ཤོར་ཡོད་པ་རེད།

རྒྱ་ཆེ་བའི་ལྷ་སའི་མི་དམངས་ལུས་རྩལ་ཐང་འདིར་མི་ཁྲི་ཚོ་ཁ་ཤས་འདུ་འཛོམས་བྱས་ཏེ་ཁྲིམས་བཅད་ཁྱབ་བསྒྲགས་ཀྱི་ཚོགས་འདུ་ཚུགས་པའི་ཚོགས་ར་ཞིག་ཏུ་གྱུར་བ་དང་། སྲོག་ཐོག་གཏོང་སའི་གསོད་ར་ས་ཆ་ཁ་ཤས་ཡོད་པ་ནི་སེ་ར་དུར་ཁྲོད་ཀྱི་ཉེ་འགྲམ་དང་གཞས་འདབས་གློག་ཁང་ཉེ་འགྲམ་གྱི་དུར་ཁྲོད་འགྲམ། ཚལ་གུང་ཐང་དུར་ཁྲོད་འགྲམ། རྒུ་ཚའི་བཀག་ཉར་ཁང་ཉེ་འགྲམ་གྱི་དུར་ཁྲོད་འགྲམ། བྱེ་རག་ཆུ་རྒྱུད་བཅས་ཡིན་པ་རེད། གསལ་བཤད་བྱེད་དགོས་པ་ཞིག་ལ། དུར་ཁྲོད་ཀྱི་འགྲམ་དུ་སྲོག་ཐོག་བཏང་ཡང་ཕུང་པོ་དེ་ཚོ་བོད་ཀྱི་སྲོལ་རྒྱུན་ལྟར་བྱས་ནས་དུར་ཁྲོད་དུ་བསྐྱལ་ཆོག་གི་མེད་པ་རེད། བྱ་གཏོར་གྱི་གོམས་སྲོལ་ནི་རྙིང་པ་བཞི་ཟེར་བར་རྩིས་ཏེ་སྔ་ས་ནས་མེད་པ་བཟོས་ཡོད། མི་ངན་ཟེར་བ་དེ་ཚོ་སྲོག་ཐོག་བཏང་རྗེས་སྔ་ས་ན་སྔོག་པའི་ས་ཁུང་ནང་སྦས་ཀྱི་ཡོད་པས་འགའ་རེའི་རྐང་པ་ཡང་ཕྱིར་འདོན་ནས་ཁྱི་བཟས་པ་ཡང་བྱུང་ཡོད།

སྤྱི་ལོ་༡༩༧༠ ལོ་དང་༡༩༧༡ ལོ་ལ་སྲོག་ཐོག་བཏང་བའི་མི་མང་ཤོས་ཤིག་ཡིན། དའོ་གྲང་སུང་གིས་བརྗོད་པར་གཞིགས་ན། དེའི་ནང་སྤྱི་ལོ་༡༩༦༩ ལོར་བསྐྱར་ལོག་ཟེར་བའི་ནང་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་དེ་སྲོག་ཐོག་བཏང་བ་མི་གྲངས་༢༩༥ཙམ་བྱུང་ཡོད་པ་རེད་འདུག རྗེས་ལ་སྲོག་ཐོག་བཏང་བའི་མི་༢༩༥ནང་འགའ་ཞིག་ནི་སྲོག་ཐོག་བཏང་ཡག་ནོར་ཡོད་པས་དག་སེལ་བྱས་པ་དང་སྔ་རྗེས་ནང་མིར་སེམས་གསོ་བྱེད་ཆེད་ཡིན་ཟེར་ནས་རྒྱ་སྒོར་ཉིས་བརྒྱ་དང་བརྒྱད་བརྒྱ་ཙམ་སྤྲད་ཡོད། གནས་ཚུལ་འདིའི་ཐོག་དའོ་གྲང་སུང་ནས་ཡིད་སྐྱོ་བའི་སྐད་ཆ་དུམ་པོ་འདི་འདྲ་ཞིག་བརྗོད་བྱུང་བ་སྟེ།

བོད་མི་ཚོ་ཧ་ཅང་གི་ཉམ་ཆུང་ཞིང་གཞུང་དྲང་པོ་ཞིག་རེད། ཁོ་པ་ཚོ་སྲོག་ཐོག་བཏང་དུས་ད་དུང་ཐུགས་རྗེ་ཆེ་ཟེར་གྱི་ཡོད། ཁོ་པ་ཚོར་སྒོར་ཉིས་བརྒྱ་སྤྲད་སྐབས་ཡང་ཐུགས་རྗེ་ཆེ་ཟེར་གྱི་ཡོད། ཁོ་པ་ཚོར་སྒོར་བརྒྱད་བརྒྱ་སྤྲད་པའི་སྐབས་ལའང་ད་དུང་ཐུགས་རྗེ་ཆེ་ཟེར་གྱི་ཡོད། བོད་རིགས་མི་དེ་ཚོ་དངོས་གནས་སྙིང་རྗེ་རྒྱུ་རང་རེད་ཅེས་བརྗོད་ཀྱི་འདུག

ཡིན་ནའི་བཅའ་འདྲི་ཞུས་པའི་ནང་མི་མང་པོས་སྲོག་ཐོག་ལ་བཏང་བའི་གྲངས་ཚད་འདིས་ཚད་ཀྱི་མེད་པར་ངོས་འཛིན་བྱེད་ཀྱི་འདུག གང་ཡིན་ཞེ་ན། དཔལ་འབར་རྫོང་དང་སྟེང་ཆེན་རྫོང་གཅིག་པུར་སྲོག་ཐོག་བཏང་ཐེངས་གཅིག་ལ་མི་བརྒྱ་ལྷག་ཙམ་ཡོད་པ་རེད་འདུག

གུས་མོས་བཅའ་འདྲི་ཞུས་ཏེ་ཤེས་རྟོགས་བྱུང་བར། སྤྱི་ལོ་༡༩༧༣ ལོར་གཞུང་ཕྱོགས་ནས་དཔལ་འབར་རྫོང་ལ་སྲིད་ཇུས་དོན་འཁྱོལ་ཟེར་བ་འདི་བྱེད་པར་ལས་དོན་རུ་ཁག་མངག་གཏོང་བྱས་ནས་དམག་དཔུང་གིས་བསྐྱར་ལོག་ཟེར་བ་ཞོད་འཇགས་ཀྱི་ལས་དོན་གཞི་རྒྱ་ཆེ་དྲགས་པའི་ནོར་འཁྲུལ་ལ་ཡོ་བསྲང་བྱེད་སྐབས་མཐར་གྲོང་ཚོའི་ནང་སྐྱེས་པ་རྒན་འཁོགས་དང་ཕྲུ་གུ་ཕུད་ཚང་མ་བུད་མེད་ཡིན་པ་དང་གཞོན་ནུ་དར་མ་སྤྱིར་བཏང་མཐོང་རྒྱུ་མེད་པ་རེད། དཔལ་འབར་ས་གནས་ཚང་མའི་ནང་ཧ་ལམ་གནས་སྟངས་གཅིག་པ་ཡིན་པ་རེད། གནས་སྟངས་འདི་འདྲ་ཆགས་དགོས་དོན་གང་ཡིན་ནམ། ཁག་ཅིག་བསད་པ་དང་ཁག་ཅིག་འཛིན་བཟུང་བྱས་ཡོད་པས་སྐྱེས་པ་ཕོ་ལྷག་མེད། གྲོང་ཚོ་རེ་རེ་བཞིན་ཚང་མ་འདི་ལྟར་ཡིན་པ་རེད། ཚོགས་འདུ་ཚུགས་སྐབས་ཚང་མ་ཕྱུ་པ་ནག་པོ་གྱོན་པའི་བུད་མེད་ཤ་སྟག་མ་གཏོགས་སྐྱེས་པ་ཕོ་ཧ་ཅང་གི་ཉུང་ཉུང་ཡིན་པས་དེའི་ཐོག་ནས་དམག་དཔུང་གིས་དྲག་གནོན་ཇི་ཙམ་བྱས་ཡོད་མེད་གསལ་པོ་མངོན་ཐུབ།

ཐལ་རྡུལ་ས་ལ་ལྷུང་བ།

སྤྱི་ལོ་༡༩༦༩ ལོར་དྲག་པོའི་དོན་རྐྱེན་རབ་དང་རིམ་པ་ཐོན་པ་དེས་མཐར་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་རྩ་ཐོར་ཕྱིན་ཡོད། ཡང་ཤོག་ཁག་གཞན་དེས་དབང་ཆ་སྒེར་འཛིན་བྱས་པ་དང༌། ཐ་ན་རིག་གནས་གསར་བརྗེ་མཇུག་སྒྲིལ་ན་ཡང་གཡོ་འགུལ་ཐེབས་མེད་པ་རེད། ཡང་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་འདིའི་ནང་གི་སེམས་ནང་མི་འདོད་པ་ཡོད་མཁན་གྱིས་ཟིང་ཆ་སློང་གྲབས་བྱས་པ་དེ་རིགས་གསུམ་གྱི་མི་ཟེར་བར་(རིག་གནས་གསར་བརྗེའི་ནང་གྱེན་ལོག་བྱས་ཏེ་ཁྱིམ་གཞི་འཛུགས་མཁན་ཟེར་བ་དང་ཤོག་ཁའི་བསམ་བློ་ཤུགས་ཆེན་ཡོད་མཁན་ཟེར་བ། རྡུང་བཅོག་འཕྲོག་གསུམ་བྱ་མཁན་ཟེར་བ་བཅས་ཡིན།)རྩིས་ནས་དེ་དག་ལ་མཐའ་མའི་གཙང་བཤེར་བྱས་ཡོད། འདི་ཡང་མི་རིགས་དང་འབྲེལ་བ་མེད་པ་རེད། དེར་བརྟེན་དུས་ད་ལྟ་ཡང་བོད་ལ་མངོན་ཚུལ་ཁྱད་མཚར་ཞིག་དར་ནས་ཡོད་པ་ནི་སྐབས་དེ་དུས་རིག་གནས་གསར་བརྗེའི་ནང་ཤོག་ཁག་གཉིས་ཀྱི་ནང་ཉམས་ཞུགས་བྱེད་མྱོང་བའི་སྐོར་གླེང་སྐབས་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ནང་ཞུགས་པ་ཡིན་ཟེར་མཁན་ཚོས་རང་ཉིད་གཟི་བརྗིད་དུ་ངོམ་པ་དང་རང་ཉིད་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་ནང་ཞུགས་པ་ཡིན་ཟེར་མཁན་ནས་ངོ་གནོང་འགྱོད་སེམས་བྱེད་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་འདྲ་བྱེད་པའི་རྒྱུ་མཚན་གང་ཡིན།

དུས་ཡུན་རིང་པོའི་ནང་བོད་ཀྱི་དབང་ཆ་འཛིན་མཁན་ཚོའི་ལོ་རྒྱུས་ལ་ལྟ་དུས་དཔེར་ན་རག་སྡི་(ནག་ཆུ་ས་ཁུལ་གྱི་མཉམ་འབྲེལ་བཀོད་འདོམས་ཁང་གི་འགན་འཁུར་མི་སྣ་ཞིག་ཡིན་པ་དང་སྤྱི་ལོ་ ༡༩༧༡ ལོ་ནས་སྤྱི་ལོ་ ༢༠༠༣ ལོ་བར་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་དྲུང་ཆེའི་གཞོན་པའི་གོ་གནས་ཟིན་ནས་ཡོད་པ་དང་ད་ལྟ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཡིན།)དང་པ་སངས་(ལྷོ་ཁའི་དམར་སྲུང་དམག་གི་འགོ་གཙོ་དང་ལྷོ་ཁའི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་འགན་འཁུར་མི་སྣ་ཞིག་ཡིན་ཞིང་། སྤྱི་ལོ་ ༡༩༧༡ ལོ་ནས་ སྤྱི་ལོ་༢༠༠༣ ལོ་བར་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་དྲུང་ཆེ་གཞོན་པའི་གོ་གནས་ཡོད་པ་མ་ཟད། ད་ལྟ་རྒྱ་ནག་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡིན།) ཡང་ལེགས་མཆོག་(གཞིས་རྩེ་ས་ཁུལ་གྱི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་འགན་འཁུར་བ་དང་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོ་ཡིན།) བློ་བཟང་དོན་གྲུབ་(བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ཞིང་བྲན་མདུང་ཟེར་བའི་དམག་སྤྱི་བྱེད་མྱོང་བ་དང་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡིན།) དེ་བཞིན་ལྷག་པ་ཕུན་ཚོགས་ (མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་<<རླུང་དམར་དྲག་པོའི་དམག་འཐབ་ཚགས་པར།>> གྱི་བོད་ཡིག་རྩོམ་སྒྲིག་པ་རེད། ད་ལྟ་རྒྱ་ནག་གཞུང་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་ཡིན།)བཅས་དང་རྗེས་སུ་ལས་སླ་པོར་གོ་གནས་མཐོ་པོ་ཐོབ་མཁན་དཔེར་ན་བྱམས་པ་ཕུན་ཚོགས་ཆབ་མདོ་ས་ཁུལ་ཞིང་བྲན་མདུང་ཟེར་བའི་དམག་སྤྱི་དང་ད་ལྟ་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་དྲུང་ཆེ་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན།(ཀྲུའུ་ཞི་)རྒྱ་མཚོ་(སྤྲ་རྨོག་འཕྲུལ་ཆས་བཟོ་གྲའི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་འགོ་གཙོ་དང་ད་ལྟ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ།) ཡང་བདེ་སྐྱིད་མཚོ་མོ་(བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ཞིང་བྲན་མདུང་གི་འགན་འཁུར་མི་སྣ་བྱེད་མྱོང་ཡོད་པ་དང་ད་ལྟ་རང་སྐྱོང་ལྗོངས་ཀྱི་གུས་ཁྲན་ཚོགས་པའི་རྒྱུན་ལས་ཡིན) དེ་བཞིན་བུ་ཆུང་( ལྷོ་ཁ་འཕྱོངས་རྒྱས་རྫོང་གི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་འགོ་ཁྲིད་དང་རྫོང་གི་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་བྱས་ཡོད། ད་ལྟ་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་དྲུང་ཆེ་གཞོན་པ། རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་ཡིན།) པ་སངས་དོན་གྲུབ་ (ད་ལྟ་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་རྒྱུན་ལས་དང་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པ། རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་གི་འགོ་ཁྲིད་བྱེད་མྱོང་ཡོད། ད་དུང་ཁོང་གི་ལོ་རྒྱུས་མདོར་བསྡུས་ནང་ལ་ཡང་གསལ་དོན་ལ། སྤྱི་ལོ་༡༩༦༩ ལོའི་ཟླ་༡༡ནས་ ༡༩༧༠ ལོའི་ཟླ་༡༢བར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་༤༠༩ཡི་དཔུང་སྡེ་དང་མཉམ་དུ་དྲག་པོའི་ཟིང་འཁྲུག་ཞོད་འཇགས་ཀྱི་ལས་དོན་ནང་ཞུགས་ཏེ་སྐད་སྒྱུར་ལས་འགན་འཁུར་ཡོད་པ་འཁོད་ཡོད། ) དེ་བཞིན་ཡེ་ཤེས་བསྟན་འཛིན་( གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་ནས་མདུང་རྩེ་རྒྱབ་གཏད་བྱས་ཏེ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ནང་ཉམས་ཞུགས་བྱས་ཡོད་པ་དང་ད་ལྟ་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་རེད།)བཅས་ཡིན་པ་རེད། རྒྱབ་ལྗོངས་འདི་འདྲའི་འོག་ནས་གསལ་ཤེས་ཐུབ་པར་དུས་ད་ལྟ་བར་རྒྱ་ནག་གི་དེ་མིན་ས་ཆ་བཞིན་རིག་གནས་གསར་བརྗེའི་ནང་དཔོན་ལམ་བཟོས་ནས་དཔོན་པོ་ཆགས་པ་རྣམས་གཙང་བཤེར་བྱས་པ་ནང་བཞིན་བོད་ལ་དེ་ལྟར་མ་བྱས་པ་གང་ཡིན། དེའི་ནང་པེ་ཅིང་ཕྱོགས་ཀྱི་བློ་ཇུས་གང་འདྲ་ཞིག་ཁོག་བཅངས་བྱས་ཡོད་དམ། དེ་བཞིན་འདི་ལྟ་བུའི་ཁེ་བཟང་ཧ་ཅང་མང་པོ་རགས་པའི་ས་གནས་ཀྱི་བོད་མི་ཡོད་པའི་དབང་གིས་དུས་ད་ལྟ་བར་བོད་ཀྱི་གནད་དོན་ཟེར་བ་ཐག་གཅོད་བྱེད་དཀའ་བའི་གནད་འགག་ཅིག་ཆགས་ཡོད།

img-caption

ལྷ་སར་ད་དུང་ས་ཆ་མི་ཉུང་བ་ཞིག་ལ་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་བཏང་བའི་ལྷག་ལུས་ཡོད་པ་དང་དེའི་མཚོན་རྟགས་གཅིག་ནི་གྱང་སྟེང་བྲིས་པའི་མའོ་ཀྲུའུ་ཞིའི་གསུང་བཏུས་ཟེར་བ་ད་དུང་ཡང་མཐོང་རྒྱུ་ཡོད།

པར་འདི་ད་ལྟའི་བསྟན་རྒྱས་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་གནས་སྡོད་བྱེད་སའི་གྱང་སྟེང་ཡོད་པ་རེད།

img-caption

འདྲ་པར་སྒང་འདི་སྤྱི་ལོ་༢༠༠༤ལོ་བར་ད་དུང་རང་སར་འཇོག་པའི་འབྲས་སྤུངས་དགོན་པའི་ལྷ་ཁང་གི་གྱང་སྟེང་ཡིན་པས་ཡུལ་སྐོར་བ་ཚོའི་ལྟ་སྐོར་བྱ་ཡུལ་ཅིག་ཆགས་ཡོད། རྗེས་སུ་ལས་དོན་རུ་ཁག་གིས་བཀའ་བཏང་ཏེ་སྲུབ་བཅུག་བཞག

img-caption

འདྲ་པར་འདི་ལྷ་སའི་ཉེ་འགྲམ་གྱི་ཚེས་མཆོག་གླིང་དགོན་པའི་གྱང་སྟེང་ཧ་ཅང་གསལ་པོ་མཐོང་རྒྱུ་འདུག

img-caption

བཅའ་འདྲི་ཞུས་པའི་བརྒྱུད་རིམ་ནང་གུས་མོར་བར་སྐོར་ཁྲོམ་གཞུང་གི་བོད་པའི་བུད་མེད་དཀྱུས་མ་ཞིག་གི་ས་ནས་བསམ་ཡུལ་ལས་འདས་པའི་ངང་ནས་དོན་སྙིང་གོ་དོན་ལྡན་པའི་འདྲ་པར་རྙིང་པ་ཞིག་རགས་བྱུང་བས་ངེས་པར་དུ་འགྲེལ་བཤད་རྒྱབ་དགོས་པ་ཞིག་འདུག

སྤྱི་ལོ་༡༩༦༩ ལོའི་ཟླ་༥ཚེས་༡༨ཉིན་རྒྱབ་པའི་འདྲ་པར་འདིའི་ཐོག་དར་དམར་གྱིས་ཞིང་བྲན་མདུང་སྒྲིལ་བ་ཟེར་བའི་ཡི་གེ་བྲིས་བཞག་ལ། དར་དམར་སྟེང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཞིང་བྲན་མདུང་ཟེར་བ་དང་དམར་སྲུང་དམག་ཟེར་བའི་ཡིག་འབྲུ་ཚིག་གསུམ་བྲིས་འདུག འདྲ་པར་འདིའི་ནང་དམར་སྲུང་དམག་ཕོ་མོ་ཁྱོན་མི་གྲངས་༤༦གིས་གྲལ་སྟར་བར་རིམ་གསུམ་སྒྲིག་ནས་ཁག་ཅིག་ལངས་པ་དང་ཁག་ཅིག་སྤུས་མོ་ཡ་གཅིག་ས་ལ་བཙུགས་པ། ཁག་ཅིག་ཙོག་ཙོག་བྱས་ནས་བསྡད་འདུག དམར་སྲུང་དམག་དེ་དག་གི་ནང་དུ་སྟར་པ་གཉིས་པའི་གཡས་ནས་རྩིས་པའི་ལྔ་པ་ནས་བརྒྱད་པ་བར་དང་སྟར་པ་གསུམ་པའི་གཡས་ཀྱི་གཞོན་ནུ་ལྔ་བཅས་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ནས་བོད་དུ་གསར་བརྗེ་བྱེད་པར་ཡོང་བའི་བོད་རིགས་སློབ་ཕྲུག་ཡིན་པ་ཕུད། དེ་འཕྲོས་ཚང་མ་རྨེ་རུ་གྲོང་མི་ཨུ་ཡོན་ལྷན་ཁང་དང་རྒྱ་འབུམ་སྒང་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མིའི་དམར་སྲུང་དམག་རེད། སྐབས་དེ་དུས་ཁོང་ཚོ་ཚང་མ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ཁོངས་སུ་ཡིན་པ་རེད།

བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དམར་སྲུང་དམག་ནང་དུ་སྟར་པ་གཉིས་པའི་གཡས་ནས་རྩིས་པའི་ཨང་བརྒྱད་པ་འདིའི་མིང་ལ་བློ་བཟང་དོན་གྲུབ་ཟེར་བ་དང་སྐབས་དེ་དུས་བོད་ལྗོངས་མི་རིགས་སློབ་གྲྭའི་དགེ་རྒན་དང་ཞིང་བྲན་མདུང་ཟེར་བའི་དམག་སྤྱི་ཁང་གི་དམག་སྤྱི་རེད། ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཡིན། ཡང་སྟར་པ་གཉིས་པའི་གཡས་ནས་རྩིས་པའི་ཨང་དྲུག་པ་འདིའི་མིང་ལ་ཆོས་འཕེལ་ཟེར་གྱི་ཡོད། ཁོ་པ་ཡང་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་རེད། འདྲ་པར་འདིའི་ཐོག་ལྟ་དུས་རྗེས་སུ་ཞིང་ཆེན་རིམ་པ་གཞོན་པའི་དཔོན་པོ་གཉིས་ཐོན་ཡོད་པ་རེད་འདུག

དེ་མིན་འདྲ་པར་སྟེང་སྟར་པ་དང་པོ་དང་གཉིས་པའི་ནང་གདོང་པ་སྲུབ་པའི་བུ་མོ་གཉིས་པོ་ཚེ་ལས་འདས་ཟིན་འདུག

འདྲ་པར་འདི་ནི་ད་ལྟ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་རྒྱབ་ཕྱོགས་སུ་ཡོད་པའི་དཔལ་གླིང་ཁྲུང་སྐོར་ཟེར་བའི་གླིང་ཁའི་ནང་བརྒྱབ་པ་རེད་འདུག