བཙུགས་པའི་དུས་ཚོད། སྤྱི་ལོ་༡༩༦༦ ལོའི་ཟླ་༡༢ཚེས་༢༢མིང་ཆ་ཚང་ལ་ལྷ་སའི་གསར་བརྗེའི་གྱེན་ལོག་སྤྱི་ཁྱབ་ལས་ཁུངས།
མེད་པ་བཟོས་པའི་དུས་ཚོད། སྤྱི་ལོ་༡༩༦༩ ལོའི་ཟླ་༣ཚེས་༢༥ཉིན་གྱེན་ལོག་ཤོག་ཁག་གི་སྤྱི་ཁྱབ་ལས་ཁུངས་དང་དེའི་ཡན་ལག་ཁག དེ་བཞིན་དམག་སྤྱི་ཁང་བཅས་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ཁྱབ་ལས་ཁུངས། ཡབ་གཞིས་སྟག་འཚེར་ནང་བཙུགས་ཡོད། (དེ་སྔ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡབ་གཞིས་གཟིམ་ཤག་ཡིན་པ་དང་རྗེས་སུ་བོད་རང་སྐྱོང་ལྗོངས་སྣེ་ལེན་ཁང་ཨང་གཉིས་པ་བཟོས་ཡོད།)
རྒྱང་བསྒྲགས་བབས་ཚུགས། གཙུག་ལག་ཁང་དང་བསྟན་རྒྱས་གླིང༌། བཞི་སྡེ་དགོན་པ་བཅས་ནང་བཙུགས་ཡོད།
ཚགས་པར། <<དམར་པོའི་གྱེན་ལོག་ཚགས་པར།>> (ཚགས་པར་དེའི་རྒྱ་ཡིག་པར་ངོས་ཀྱི་རྩོམ་སྒྲིག་པ་ནི་རྒྱ་མི་རུས་མིང་ལ་ཀྲང་ཟེར་བ་ཞིག་ཡོད། ཡང་བོད་ཡིག་པར་ངོས་ཀྱི་རྩོམ་སྒྲིག་པ་ནི་དབང་ཕྱུག་ཟེར་གྱི་ཡོད། ཚགས་པར་འདི་<<བོད་ལྗོངས་ཉིན་རེའི་ཚགས་པར།>> གྱི་པར་སྐྲུན་ཁང་ལ་པར་བརྒྱབ་ཀྱི་ཡོད་པ་རེད།)
སྤྱི་ཁྱབ་བཀོད་འདོམས་པ། དའོ་གྲང་སུང་། (དེ་སྔ་ལྷ་ས་སློབ་འབྲིང་གི་དགེ་རྒན་ཡིན་ཞིང་རིག་གནས་གསར་བརྗེའི་སྐབས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བྱས་ཡོད། རྗེས་སུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་པ་ཞིག་ཡིན་པ་དང་ད་ལྟ་རྒས་ཡོལ་བྱས་ནས་གྲན་རྡུ་དང་ལྷ་སར་གནས་སྡོད་བྱེད་ཀྱི་ཡོད།)
གཙོ་བོའི་སྒྲིག་འཛུགས། ཆེད་མངགས་ཡུལ་གྱི་གོང་མ་གཏོར་མཁན་གྱི་འབྲེལ་མཐུད་ཨུ་ཡོན་ལྷན་ཁང་ཟེར་བ་དང་(པེ་ཅིང་མཁའ་འགྲུལ་སློབ་གྲྭ་ཆེན་མོའི་དར་དམར་བོད་སྐྱོད་ཡན་ལག་རུ་ཁག་ཟེར་བའི་ཟུར་ཁྲིད་འགན་འཁུར་དགེ་རྒན་བུ་མོ་གཉད་ཚུང་དང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དམར་པོའི་གྱེན་ལོག་ཚོགས་པ་ཟེར་བའི་དམག་སྤྱི་དབུས་ཀྲེ་ཕིང་གཉིས་ནི་འགོ་གཙོ་ཡིན་པ་རེད།) ད་དུང་བོད་ལྗོངས་དམར་སྲུང་དམག་གསར་བརྗེའི་གྱེན་ལོག་དམག་སྤྱི་ཁང་ཟེར་བ་དང་ལྷ་སའི་གསར་བརྗེའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་བཅས་ཡོད་པ་རེད།
ཚོགས་མིའི་བྱུང་ཁུངས། སློབ་ཕྲུག་(ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷ་ས་སློབ་འབྲིང་གི་སློབ་ཕྲུག་མང་ཤོས་ཡིན་ཞིང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཀྱང་ཡོད།) གཙོ་བོར་གྱུར་པའི་བོད་ལྗོངས་དམར་སྲུང་དམག་གསར་བརྗེའི་གྱེན་ལོག་དམག་སྤྱི་ཁང་ཟེར་བ་དང་དམར་པོའི་གྱེན་ལོག་ཚོགས་པ་ཟེར་བ། དེ་བཞིན་ཞིང་འབྲོག་མང་ཚོགས་གཙོ་བོར་གྱུར་པའི་ལྷ་ས་གསར་བརྗེའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ། ཡང་བཟོ་པ་གཙོ་བོར་གྱུར་པའི་ཨར་འདམ་བཟོ་གྲ་དང་འཕྲུལ་ཆས་བཟོ་བཅོས་བཟོ་གྲ རླངས་འཁོར་རུ་ཁག་དང་པོ་དང་གཉིས་པ་བཅས་ཡོད་པ་རེད།
འབོད་ཚིག གོང་མ་སྲུང་བར་ཉེས་པ་ཡོད། སྡུག་ཤི་ཁྲི་ཕྲག་ཐེབས་རྒྱུ་རེད་ཟེར་བ་དང༌། ཐང་ཤིང་རྒས་མི་ཐུབ་གྱེན་ལོག་སྤྱི་ཁྱབ་ཁང་འགྱེལ་མི་ཐུབ་ཟེར་བ་སོགས་ཡོད་པ་རེད།
གཞས། གྱེན་ལོག་བྱས་པར་རྒྱུ་མཚན་ཡོད་ཟེར་བ་དང་མགོ་ཡར་བཀྱག་ནས་བྱང་སྐར་སྤུན་བདུན་མཐོང་ཟེར་བ།
ས་གནས་ཁག་གི་གནས་སྟངས། ཤོག་ཁ་གཉིས་ཀྱི་སྟོབས་ཤུགས་ལྷ་ས་དང་ཆབ་མདོའི་གྲོང་ཁྱེར་དེ་འདྲའི་ནང་ཡོད་པ་ཙམ་མ་ཡིན་པར་གྲོང་གསེབ་དང་འབྲོག་ཁུལ་ལའང་ཁྱབ་ཡོད། ཡང་མང་ཚོགས་ཀྱི་སྒྲིག་འཛུགས་ཟེར་བ་གང་སར་ཁྱབ་ཡོད་པ་རེད།
བཙུགས་པའི་དུས་ཚོད། སྤྱི་ལོ་༡༩༦༧ ལོའི་ཟླ་༢ཚེས་༥དང་མིང་ཆ་ཚང་ལ་ འབྱོར་མེད་གྲལ་རིམ་མཉམ་འབྲེལ་ཆེན་པོའི་གསར་རྗེའི་སྤྱི་ཁྱབ་བཀོད་འདོམས་ཁང་ཟེར་གྱི་ཡོད།
མེད་པ་བཟོ་པའི་དུས་ཚོད། སྤྱི་ལོ་༡༩༦༨ ལོའི་ཟླ་༡༡ཚེས་༩ཉིན་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བས་སྤྱི་ཁྱབ་ཁང་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་རླུང་དམར་དམག་འཐབ་ཚགས་པར་ཟེར་བ་དེའང་པར་སྐྲུན་བྱེད་མཚམས་བཞག་པ་རེད།
སྤྱི་ཁྱབ་ལས་ཁུངས། ཕོ་བྲང་པོ་ཏཱ་ལའི་གཤམ་འོག་ཏུ་ཡོད་པའི་ཞོལ་གྲོང་ཚོ་དང་ལྗོངས་ཏང་ཨུད་ཀྱི་སྒོ་རྭའི་ནང་ཡོད་པའི་པན་ཆེན་རིན་པོ་ཆེ་བཞུགས་སའི་ཁང་པ་དེར་ཡིན་པ་རེད།
རྒྱང་བསྒྲགས་བབས་ཚུགས། སྣེ་ལེན་ཁང་དང་ར་མོ་ཆེ་གཙུག་ལག་ཁང་ནང་ཡོད།
ཚགས་པར། <<རླུང་དམར་དྲག་པོའི་དམག་འཐབ་ཚགས་པར།>> (རྒྱ་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ་གཙོ་བོ་ནི་གྲན་ཅའ་ཅིན་ཟེར་བ་དང་བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ་གཙོ་བོ་ནི་ལྷག་པ་ཕུན་ཚོགས་རེད། དང་ཐོག་བཙོན་ཁང་དང་པོར་པར་སྐྲུན་བྱས་པ་དང་རྗེས་སུ་སྣེ་ལེན་ཁང་ཨང་གསུམ་པ་དང་དེང་སང་གི་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ནང་པར་སྐྲུན་བྱས་པ་རེད།
སྤྱི་ཁྱབ་བཀོད་འདོམས་པ། ལིའུ་ཧྲའོ་མིན་(དེ་སྔ་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཡིན་པ་དང་རིག་གནས་གསར་བརྗེའི་སྐབས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བྱས་ཡོད། རྗེས་སུ་ལྷོ་ཁ་ས་གནས་ཀྱི་འགན་འཛིན་གཞོན་པ། བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སློབ་སྤྱི་བཅས་བྱས་ཡོད། ད་ལྟ་རྒས་ཡོལ་བྱས་ཏེ་པེ་ཅིང་ལ་ཡོད་པ་རེད།
གཙོ་བོའི་སྒྲིག་འཛུགས། ཞིང་བྲན་མདུང་ཟེར་བ། ཞིང་འབྲོག་མང་ཚོགས་ཀྱི་དམག་སྤྱི་ཁང་ཟེར་བ།(འདི་རྨེ་རུ་དགོན་པའི་ནང་བཙུགས་ཡོད། ཡང་བཟོ་པའི་སྤྱི་ཁྱབ་དམག་སྤྱི་ཁང་ཟེར་བ་བཅས་ཡོད།)
ཚོགས་མིའི་བྱུང་ཁུངས། སློབ་ཕྲུག་(བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མང་ཤོས་རེད།)གཙོ་བོར་འགྱུར་པའི་ཞིང་བྲན་མདུང་ཟེར་བ། དེ་བཞིན་གྲོང་མི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་དང་ཞིང་འབྲོག་མང་ཚོགས་གཙོ་བོར་གྱུར་པའི་ཞིང་འབྲོག་མང་ཚོགས་དམག་སྤྱི་ཁང་ཟེར་བ་དང་བཟོ་པ་གཙོ་བོར་འགྱུར་པའི་ལྷ་སའི་བཟོ་གྲ་ཁ་ཤས་ནང་གི་བཟོ་ཚོགས་དམག་སྤྱི་ཁང་ཟེར་བ་སོགས་ཡོད་པ་རེད།
འབོད་ཚིག གཙོ་འཛིན་མའོ་ཡི་གསུང་བཏུས།
གཞས། ངའི་སེམས་ནང་གི་གཞས་བཅིངས་འགྲོལ་དམག་ལ་ཕུལ་ཟེར་བ་དང་མི་གང་འདྲ་ཞིག་གསར་བརྗེའི་ལངས་ཕྱོགས་ཐོག་ལངས་པ་ཡིན་ན་དེ་ནི་གསར་བརྗེའི་ཤོག་ཁག་ཡིན་པ་རེད་ཟེར་བ་སོགས་ཡིན།
ས་གནས་ཁག་གི་གནས་སྟངས། ཤོག་ཁ་གཉིས་ཀྱི་སྟོབས་ཤུགས་ལྷ་ས་དང་ཆབ་མདོའི་གྲོང་ཁྱེར་དེ་འདྲའི་ནང་ཡོད་པ་ཙམ་མ་ཡིན་པར་གྲོང་གསེབ་དང་འབྲོག་ཁུལ་ལའང་ཁྱབ་ཡོད། ཡང་མང་ཚོགས་ཀྱི་སྒྲིག་འཛུགས་ཟེར་བ་གང་སར་ཁྱབ་ནས་ཡོད་པ་རེད།
སྤྱི་ལོ་༡༩༦༦ ལོའི་ཟླ་༡༠ཚེས་༡ཉིན་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་རྒྱལ་སྟོན་དུས་ཆེན་བཏང་བ་ཐེངས་བཅུ་བདུན་པ་འདི་ཡིན་ཞིང། ལྷ་སར་མི་ཁྲི་ཚོ་ལྔ་ཙམ་གྱིས་རྒྱལ་ཁབ་བཙུགས་ཏེ་ལོ་བཅུ་བདུན་འཁོར་བ་ཟེར་བར་འདུ་འཛོམས་བྱས་ནས་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད། ཡིན་ནའི་སྐབས་དེ་དུས་མང་ཚོགས་ཀྱི་སྒྲིག་འཛུགས་ཕན་ཚུན་དབར་ཁ་གཏད་དུ་ལངས་ཏེ་ཟིང་ཆ་ལངས་ཉེན་ཆེ་བར་གནས་ཡོད་པ་དང་རྒྱ་ནག་ནང་ནས་བོད་ལ་སླེབས་པའི་དམར་སྲུང་དམག་གིས་དེ་བས་མེའི་ཐོག་སྣུམ་བླུག་པ་ལྟར་ཤུགས་ཆེ་རུ་བཏང་བར་བརྟེན་རྒྱལ་སྟོན་ཟེར་བའི་སྔ་ནུབ་ཀྱི་ཉིན་མོ་དེར་ཀྲང་གོ་ཧྭ་ཡིས་ནང་ཁུལ་གྱི་ཆེས་མཐོའི་ཚོགས་འདུའི་ཐོག་བོད་ཀྱི་གནས་སྟངས་དམིགས་བསལ་ཡིན་པས་བོད་ལ་སླེབས་པའི་སློབ་ཕྲུག་དང་ས་གནས་ཀྱི་སློབ་ཕྲུག་ཚོས་དམག་དཔུང་ནང་ཤོར་ནས་མི་བཟུང་བ་དང་ཁྱིམ་ཚང་སྔོག་པར་བཀག་འགོག་བསླབ་བྱ་དགོས་པའི་སྐོར་བརྗོད་ཡོད། དེའི་ཐོག་ནས་ཛ་དྲག་ཆེ་ཆུང་གང་འདྲ་ཞིག་ལ་སླེབས་ཡོད་མིན་གསལ་ཤེས་ཐུབ་རྒྱུ་རེད།
རྒྱང་རིང་དུ་མཐོ་པོར་གནས་པའི་རི་འདི་ལྷ་སའི་སྐད་གྲགས་ཡོད་པའི་གནས་རི་བུམ་པ་རི་ཡིན་པ་རེད། དེ་སྔོན་ཡིན་ན་རི་འདིའི་སྟེང་གྲངས་ལས་འདས་པའི་དར་ལྕོག་གིས་ཁེངས་ནས་ཡོད་རུང་ད་ཆ་གང་ཡང་མཐོང་རྒྱུ་མེད་པར་གྱུར་བཞག ལྷ་ས་འདི་བཞིན་རྒྱ་ནག་ནང་དང་འདྲ་བར་ས་གནས་ཁག་གི་འགོ་ཁྲིད་ཀྱི་བློ་སེམས་དཀར་བའི་གསལ་བཤད་བྱས་པའི་འོག་མའོ་ཙེ་ཏུང་ལ་སྨྱོ་བ་ལྟར་གྱི་དད་པ་བྱེད་པའི་རྒྱ་མཚོ་དམར་པོ་ཞིག་ལ་གྱུར་ཡོད་པ་རེད།
ལྷ་སའི་མི་དམངས་ལུས་རྩལ་ཐང་དེ་ལྷ་སའི་སྐྱིད་ཆུའི་ཉེ་འགྲམ་ལ་གནས་ཡོད། དེ་སྔོན་དེར་སྤོ་བོ་གླིང་ཁ་ཟེར་བའི་ནགས་ཚལ་ཁུལ་ཞིག་རེད། དེར་མི་དམངས་ལུས་རྩལ་ཐང་ཟེར་གྱི་ཡོད་པ་ཡིན་རུང་ས་ཆ་དེར་ལུས་རྩལ་གྱི་འགྲན་ཚོགས་ཚུགས་པ་ལས་མི་ཁྲི་ཚོ་མང་པོ་འདུ་འཛོམས་བྱས་པའི་ཆབ་སྲིད་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་སྣ་ཚོགས་ཚོགས་པ་དེ་བས་ཀྱང་མང་པ་ཡོད་པ་རེད། ད་ལྟའང་ས་ཆ་དེར་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་ནུས་པ་སྔར་བཞིན་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།
རིག་གནས་གསར་བརྗེའི་སྐབས་ས་ཆ་དེར་གྲལ་རིམ་དགྲ་བོ་ཟེར་བར་ཡོངས་ཁྱབ་ཀྱི་ཁྲིམས་བཅད་ཚོགས་ཆེན་ཚོགས་ས་ཞིག་ཡིན་པ་རེད།
འདི་ནི་རྒྱལ་ཁབ་བཙུགས་ཏེ་ལོ་ངོ་བཅུ་བདུན་འཁོར་བ་ཟེར་བའི་རྟེན་འབྲེལ་གྱི་འདུ་འཛོམས་ཐོག་ཡིན་པ་རེད། ཡར་ལངས་ཞིང་བྲན་ཟེར་བས་མའོ་ཙེ་ཏུང་ལ་བཀའ་དྲིན་བསམ་ཤེས་ཚད་མེད་ཡོད་པ་དེ་སྟོན་རྒྱུའི་ཆེད་མི་རེ་རེས་ལག་ཏུ་དེབ་དམར་པོ་དང་གསུང་བཏུས་ཀྱི་ཡིག་བྱང༌། ཡང་ན་ཁ་བཏགས་ཀྱིས་མཛེས་རྒྱན་སྤྲས་པའི་མའོ་ཙེ་ཏུང་གི་འདྲ་པར་ལ་སོགས་ངེས་པར་དུ་མཐོན་པོར་སྒྲེང་དགོས་ཀྱི་ཡོད། དངོས་གནས་བྱས་ན་འདི་ནི་སྒྲིག་འཛུགས་བྱས་པའི་བྱ་སྤྱོད་ཅིག་ཡིན་པ་རེད།
ཡར་ལངས་ཞིང་བྲན་ཟེར་བའི་འཐུས་མི་འདིས་འགོ་ཁྲིད་ནས་འབོད་ཚིག་སྒྲོགས་བཞིན་འདུག
ཡིད་ཟབ་ངང་དོ་སྣང་བྱས་ན་ཁོ་པས་གྱོན་པའི་སྟོད་ཐུང་དཀར་པོའི་ཁུག་མའི་ནང་སྨྱུ་གུ་ཞིག་གཟེར་འདུག དེ་ནི་སྐབས་དེ་དུས་ལས་བྱེད་པ་ཡིན་པའི་མཚོན་རྟགས་དང་མི་ཚང་མས་ཡིད་སྨོན་ཡང་བྱེད་ཀྱི་ཡོད།
རྟེན་འབྲེལ་གྱི་ཚོགས་ཆེན་མཇུག་བསྒྲིལ་པའི་རྗེས་ལྷ་སའི་བུད་མེད་དང་བྱིས་པ། དེ་བཞིན་ཁྱབ་ཁོངས་ཁག་གི་མང་ཚོགས་ཚོས་མའོ་ཡི་འདྲ་པར་དང་མའོ་ཡི་གསུང་བཏུས། སྐར་ལྔའི་དར་དམར་བཅས་མཐོན་པོར་སྒྲེང་སྟེ་གོ་རིམ་ལྟར་དབང་འཛིན་པ་ཚོ་ཡོད་སའི་སྡིངས་ཆའི་མདུན་ནས་སྐྱོད་བཞིན་ཡོད།
གཞི་རྒྱ་ཆེ་བའི་ཁྲོམ་སྐོར་གྱི་རྣམ་པ་དེ་རང་སྐབས་དེ་དུས་རྒྱ་ནག་གི་ས་གནས་ཁག་ནང་དང་འདྲ་བར་རྦ་རླབས་ལང་ལོང་དུ་གཅིག་པ་འཕྱུར་ཡོད། འདི་ནི་མི་དམངས་མང་ཚོགས་ཀྱི་མཐའ་ཡས་རྒྱ་མཚོ་ཞིག་ཆགས་ཀྱི་ཡོད་པས་རྩོམ་པ་པོ་ཞིག་གིས་གསུངས་པ་བཞིན། མང་ཚོགས་ཀྱི་རྒྱ་མཚོ་ནི་འཇིགས་སྣང་གི་ཁབ་ལེན་རྭ་བ་ཞིག་ཡིན་པས་གལ་ཏེ་ཡར་འུར་ཞིག་རྒྱབ་ན་མཐའ་སྐོར་ཚང་མ་རང་ཉིད་ཁ་ཕྱོགས་ཀྱི་ག་པར་ཡོད་མིན་མི་ཤེས་པར་འདིའི་ནང་མི་ཚུད་པ་བྱེད་པའི་ལས་དབང་ལས་ཐར་གྱི་མ་རེད་ཅེས་གསུངས་ཡོད།
ཡིན་ནའི་ཆབ་སྲིད་ཀྱི་འབོད་ཚིག་འདྲ་མིན་སྣ་ཚོགས་ཡོད་པ་འདི་རྣམས་ཡར་ལངས་ཞིང་བྲན་ཟེར་བ་ཚོས་ཤེས་རྟོགས་ཐུབ་ཀྱི་མེད། སྒྲུང་ཞིག་ཡོད་པ་ཞུས་ན། འཐབ་ན་མི་རྒྱལ་བ་མེད་པའི་མའོ་ཙེ་ཏུང་གི་དགོངས་པ་ཁྲི་ལོར་བརྟན་པར་ཤོག་ཟེར་བ་འདི་བོད་སྐད་ནང་བསྒྱུར་རྗེས་ཁ་ནས་འབོད་མི་བདེ་བ་ཆགས་ཡོད་པས་ཡར་ལངས་ཞིང་བྲན་ཟེར་བ་ཚོས་ག་དུས་ཡིན་ནའི་འབོད་ཚིག་ནོར་ཏེ་སྒྲོག་གི་ཡོད་པ་རེད། འདི་ནི་ཆབ་སྲིད་ཀྱི་དོན་རྐྱེན་ཚབས་ཆེན་ཞིག་ཆགས་ཀྱི་ཡོད་པས་ཡར་ལངས་ཞིང་བྲན་ཟེར་བ་ཚོས་ལས་བྱེད་པར་རེ་བ་ཞུས་ཏེ་མདུན་གྱི་དུམ་བུ་འདི་ལས་བྱེད་པས་སྔོན་ལ་སྣེ་འཁྲིད་ནས་སྒྲོགས་པ་དང་ཁོང་ཚོས་མཇུག་གི་ཁྲི་ལོར་བརྟན་པར་ཤོག་ཟེར་བ་དེ་ཁོ་ན་སྒྲོགས་ཀྱི་ཡོད་པ་རེད། རྒྱ་སྐད་ཐོག་ཁྲི་ལོར་བརྟན་པ་ཤོག་ཟེར་བ་དེ་ཡང་འབོད་སྟངས་མི་འདྲ་བ་གཉིས་ཡོད་པས་གཅིག་ནི་བོད་སྐད་ཐོག་བསྒྱུར་པའི་འབོད་སྟངས་དང་གཅིག་ནི་རྒྱ་སྐད་ཐོག་ནས་འབོད་ཀྱི་ཡོད་པར་བརྟེན་རྒྱ་སྐད་ཐོག་ནས་ཝུའན་སུད་ཟེར་བའི་སྒྲ་འདི་རྟག་ཏུ་སྒྲ་དག་པོ་མ་བྱུང་བར་བོད་སྐད་ཐོག་འང་བསད་ཅེས་འབོད་ཀྱི་ཡོད།
པེ་ཅིང་ལ་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་ཟེར་བ་ཞིག་བྱུང་བ་ནས་བཟུང་རྒྱ་ནག་གི་ས་གནས་ཁག་ནང་གཅིག་རྗེས་གཉིས་མཐུད་ངང་དཔེ་བལྟས་ཡོད་པ་རེད། ཕོ་བྲང་པོ་ཏཱ་ལའི་གཤམ་འོག་ཏུ་གནས་པའི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་ཟེར་བ་འདི་སྤྱི་ལོ་༡༩༦༥ལོའི་ཟླ་༨ཚེས་༣༠ཉིན་གསར་རྒྱག་ལེགས་གྲུབ་བྱུང་བ་ཞིག་དང་འདི་ནི་དུས་རབས་གོང་མའི་ལོ་རབས་དྲུག་བཅུའི་ནང་དཔེ་མཚོན་གྱི་རང་བཞིན་ལྡན་པའི་བོད་སྐྱོར་ཟེར་བ་སྔ་ཤོས་ཀྱི་འཛུགས་སྐྲུན་ཞིག་རེད། དེའི་སྟེང་གི་གསེར་ཟངས་ཀྱི་ཡིག་འབྲུ་ཆེན་པོ་བདུན་པོ་འདི་གོ་ཐོས་ལ་རྒྱ་ནག་གུང་ཁྲན་གཞུང་གི་དཔོན་པོ་རྒན་གྲས་ཀྲུའུ་ཏི་ངོ་མས་བྲིས་པ་ཞིག་ཡིན་པ་བརྗོད་མཁན་འདུག
གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་༡༩༦༥ ལོ་ནས་ ༡༩༨༥ལོ་བར་བོད་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཚོགས་འདུ་ཚང་མ་ཚོགས་ཁང་འདིའི་ནང་ཚོགས་ཀྱི་ཡོད་པ་དང་དུས་རྒྱུན་འདིའི་ནང་གློག་བརྙན་དང་འཁྲབ་ཚན་ཆེན་པོ་ཁག་འཁྲབ་སྟོན་བྱེད་ཡུལ་གྱི་ལས་འགན་འཁུར་བཞིན་ཡོད་པ་རེད། རིག་གནས་ཀྱི་འཚོ་བ་སྟབས་བདེ་ཡིན་པའི་ལོ་དུས་ནང་རིག་གནས་ཕོ་བྲང་འདི་ལྷ་སའི་མི་དམངས་ཀྱི་རོལ་རྩེད་འཚོ་བ་བསྐྱལ་ཡུལ་གཙོ་བོ་འདི་ཆགས་ཡོད། སྤྱི་ལོ་༡༩༩༧ ལོར་སླེབས་སྐབས་གཞི་ནས་རིག་གནས་ཕོ་བྲང་ནང་གློག་བརྙན་དང་རིག་རྩལ་གྱི་འཁྲབ་སྟོན་ཁག་མཚམས་འཇོག་བྱས་ནས་མཐར་བཟོ་བཅོས་བརྒྱབ་པའི་ཁྲོད་ནས་ཞབས་བྲོ་ཁང་ཞིག་ལ་བསྒྱུར་བ་བཏང་ཡོད་པ་རེད།
སྤྱི་ལོ་༢༠༠༥ ལོར་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་འཛུགས་སྐྲུན་དང་གཞི་རྒྱ་ཆེ་རུ་གཏོང་སྐབས་མཛེས་རྒྱན་གྱི་རིན་ཐང་གང་ཡང་མེད་པའི་ཚོགས་ཁང་འདི་བཤིག་པ་རེད།
དེ་སྔའི་ཆོས་གསུང་སའི་རྭ་བ་འདི་རིག་གནས་གསར་བརྗེའི་སྐབས་ཚོགས་འདུ་ཚོགས་སར་བསྒྱུར་བ་བཏང་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཁྲེན་ཀོན་ཆུས་ཁུལ་གྱི་ཨུ་ཡོན་ལྷན་ཁང་ཁག་གི་མི་ཁྲི་ཚོ་ཁ་ཤས་སྐོང་ནས་དེར་སྐུལ་སློང་གི་ཚོགས་འདུ་ཁག་དང་ཡང་ན་དགག་པ་རྒྱག་པའི་ཚོགས་འདུར་ཞུགས་བཅུག་གི་ཡོད། ཡིན་ནའི་ཁོང་ཚོས་རིག་གནས་གསར་བརྗེ་ཆེན་པོའི་དོན་སྙིང་ངོ་མ་འདི་ཤེས་རྟོགས་ཐུབ་ཀྱི་ཡོད་དམ།
བགྲེས་སོང་བྱམས་པ་རིན་ཆེན་ནས་ཕྱིར་དྲན་གནང་སྟེ་གསུངས་པར། ཚོགས་ཆེན་ཐོག་ལས་བྱེད་པ་ཚོས་འབྱོར་མེད་གྲལ་རིམ་དམག་སྤྱི་ཁང་གིས་འབྱོར་ལྡན་གྲལ་རིམ་དམག་སྤྱི་ཁང་ལ་མེ་སྒྱོགས་རྒྱག་རྒྱུ་ཡིན་པ་བརྗོད་སོང༌། མེ་སྒྱོགས་རྒྱབ་དགོས་ཟེར་བ་དེ་དོན་སྙིང་ག་རེ་ཡིན། ཡང་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོ་བྱེད་དགོས་པ་འདི་ནི་མའོ་ཀྲུའུ་ཞིའི་བཀའ་སློབ་རེད། དེ་འདྲ་ཡིན་ན་མའོ་ཀྲུའུ་ཞིས་ད་དུང་གང་བརྗོད་ཡོད་དམ། ཁོང་གིས་བརྗོད་པར་ངའི་འགྲམ་དུ་ཧེ་ལུ་ཤའོ་ཧྥུ་ཟེར་བ་གཅིག་ཉལ་ནས་བསྡད་ཡོད་པ་རེད། ཧེ་ལུ་ཤའོ་ཧྥུ་ཟེར་བ་སུ་ཡིན། སྐབས་དེ་དུས་ང་ཚོས་གོ་བའི་རྗེས་བསམ་པར་ཧེ་ལུ་ཤའོ་ཧྥུ་ཟེར་བ་ཡང་སྙིང་གང་ཞིག་ཡིན་མིན་མ་ཤེས་པར་མགོ་ལ་ར་ཅོ་སྐྱེས་པའི་ཞེད་སྣང་ཆེ་བའི་གདོན་འདྲེ་མིན་ནམ་བསམ་གྱི་ཡོད། ང་ཚོས་རྗེས་སུ་གཞི་ནས་ཤེས་རྟོགས་བྱུང་བར་འདི་ནི་དྲུང་ཆེ་ལིའུ་ལ་ཟེར་གྱི་ཡོད་པ་འདྲ། ད་བྱེད་དུས་མའོ་ཀྲུའུ་ཞིས་དྲུང་ཆེ་ལིའུ་ཟེར་བ་འདིའི་དམག་སྤྱི་ཁང་ལ་མེ་སྒྱོགས་རྒྱབ་ཀྱི་ཡོད་ས་རེད།
ལྟ་དུས་རིག་གནས་གསར་བརྗེ་ཆེན་པོའི་ནང་གསར་དུ་ཐོན་པའི་བྱ་དངོས་ཀྱིས་བྱམས་པ་རིན་ཆེན་དང་དེ་བཞིན་ཁོང་དང་འདྲ་བའི་ཡར་ལངས་ཞིང་བྲན་ཟེར་བ་ཚོའི་ངོས་ནས་བརྗོད་ན་དངོས་གནས་གོ་བ་ལེན་ཁག་པོ་བྱུང་ཡོད་པ་འདྲ། དུས་ད་ལྟ་ཡིན་རུང་ཁོང་གིས་ལིའུ་ཧྲའོ་ཆི་ལ་དྲུང་ཆེ་ལིའུ་ཟེར་གྱི་འདུག ཧེ་ལུ་ཤའོ་ཧྥུ་ལ་ཤི་ལུ་ཤའོ་ཧྥུ་ཟེར་བ་དང་མའོ་ཀྲུའུ་ཞིའི་ཉེ་འགྲམ་ལ་དེ་སྔ་མིང་ལ་ཤི་ལུ་ཤའོ་ཧྥུ་ཟེར་བའི་གདོན་འདྲེ་ཞིག་དངོས་གནས་ཉལ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ལིའུ་ཧྲའོ་ཆི་ནི་ཧེ་ལུ་ཤའོ་ཧྥུ་ལ་དཔེ་བཞག་པ་དང་ཧེ་ལུ་ཤའོ་ཧྥུ་ནི་དུས་འགྱུར་བྱུང་བའི་སུའུ་ལན་ནས་ཡིན་པ་སོགས་ཤེས་རྟོགས་གང་ཡང་མེད་པ་རེད། གོ་ཐོས་ལ་རྒྱ་ནག་རྒྱལ་ཡོངས་ནང་གང་སར་ཆེ་ཆུང་མི་འདྲ་བའི་ཤི་ལུ་ཤའོ་ཧྥུ་ཟེར་བ་ཡོད་པ་མ་ཟད། བོད་ལའང་ཤི་ལུ་ཤའོ་ཧྥུ་ཟེར་བ་ཡོད་པས་གདོན་འདྲེ་མང་པོ་དེ་འདྲས་མའོ་ཀྲུའུ་ཞིའི་ཉེ་འགྲམ་ལ་ཉལ་རྩིས་བྱེད་བཞིན་ཡོད་པར་བརྟེན་ཁོ་པ་ཚོ་མེད་པ་མ་བཟོས་ན་མི་དམངས་ལ་བདེ་སྐྱིད་འཚོ་བ་གང་ནས་ཡོང་སྲིད། མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་དགོས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་བྱམས་པ་རིན་ཆེན་ཡང་འབྱོར་མེད་གྲལ་རིམ་དམག་སྤྱི་ཁང་གི་དཔུང་ཁག་ནང་མཉམ་ཞུགས་བྱས་ཏེ་འབྱོར་ལྡན་གྲལ་རིམ་གྱི་དམག་སྤྱི་ཁང་ལ་མེ་སྒྱོགས་རྒྱབ་པར་སྐྱོད་ཡོད།
གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་འཛུལ་དགོས་སམ་ཡང་ན་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བར་འཛུལ་དགོས། འདི་ནི་ཡང་དག་དང་མི་དག་པའི་དབར་ལངས་ཕྱོགས་ཀྱི་གནད་དོན་ཆེན་པོ་ཞིག་ཡིན་པ་རེད། སྐབས་དེ་དུས་མང་ཚོགས་ཀྱི་ཚོགས་འདུ་དེ་རིགས་ཉིན་ལྟར་ཚོགས་ཀྱི་ཡོད་པ་དང༌། གྲོང་རྡལ་གྱི་ཁྲོམ་གཞུང་ཡིན་ནའང་འདྲ་ཡང་ན་ལས་ཁུངས་ཚན་པ་ཁག་ཡིན་ནའང་འདྲ་རྟག་ཏུ་འདི་དང་འདྲ་བའི་མང་ཚོགས་སྐུལ་སློང་གཏོང་བ་དང་མང་ཚོགས་ལ་སློབ་གསོ་རྒྱག་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད་པ་རེད།
འབོད་ཚིག་སྒྲོགས་མཁན་གྱི་མི་ཚོགས་ཁྲོད་ནས་ཁོ་པ་ཚོ་ཕྱོགས་ཁག་གང་གི་ཁོངས་གཏོགས་ཡིན་པ་ཤེས་རྟོགས་ཐུབ་བམ། གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་ནས་ཡིན་ནམ་ཡང་ན་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་ནས་ཡིན། ཡང་ན་ཁོ་པ་ཚོ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་ནས་ཡིན་པར་རྩིས་ཆོག་ལ་ཡང་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་ནས་ཡིན་པར་རྩིས་ཆོག གང་ཡིན་ཞུས་ན་ཤོག་ཁག་གཉིས་ཕན་ཚུན་ཁ་གཏད་བྱས་ཀྱང་དེའི་ངོ་བོ་གཅིག་པ་ཡིན་པ་རེད། འདིའི་རྒྱབ་ལྗོངས་ནི་སྔར་བཞིན་གསུང་ཆོས་རྭ་བ་རེད་འདུག
སྐབས་དེ་དུས་ལྷ་སའི་སྣུམ་ནག་གི་གཞུང་ལམ་གཅིག་རང་ཡོད་པ་ནི་མི་དམངས་ལམ་འདི་ཡིན་པ་དང་ཡང་ད་ལྟའི་གཡུ་ཐོག་ལམ་འདི་ཡིན་པ་རེད། དེ་དུས་ཤོག་ཁག་གཉིས་ནས་ལམ་གཡས་གཡོན་གཉིས་ལ་ཡིག་ཆེན་ཚགས་པར་སྦྱར་སར་ཕན་ཚུན་རྩོད་རེས་བྱེད་ཀྱི་ཡོད། ཁྱོད་ཀྱིས་ཡིག་ཆེན་ཚགས་པ་གཅིག་སྦྱར་བ་ཡིན་ན་ལམ་སེང་འདིའི་སྟེང་རང་ཕྱོགས་ཀྱི་ཚགས་པར་སྦྱར་གྱི་ཡོད། ཡང་རང་ཕྱོགས་ནས་སྦྱར་བ་དང་ལམ་སེང་ཁ་གཏད་ནས་འདིའི་སྟེང་སྦྱར་ཏེ་གང་སར་མའོ་ཡི་གསུང་བཏུས་ཀྱི་ཡིག་བྱང་ཁག་འགྱིང་ངེར་བཙུགས་ཀྱི་ཡོད་པ་དང༌། གསར་བརྗེའི་བརྩེ་སེམས་ཆེས་མཐོར་འཕེལ་བའི་གསར་བརྗེའི་མང་ཚོགས་ཟེར་བས་ཐ་ན་རྒྱ་ལམ་གྱི་ཟུར་ལ་བསྡད་དེ་སྦྱར་ཡིག་བྲིས་བཞིན་ཡོད་པ་རེད།
པར་རིས་འདི་ནི་ཤོག་ཁག་ཅིག་གིས་གསུང་བཏུས་ཡིག་བྱང་འབྲི་བཞིན་པའི་རྣམ་པ་རེད། རྒྱ་ཡིག་བྲིས་མཁན་ཚོས་རྒྱ་ཡིག་བྲིས་པ་དང་བོད་ཡིག་འབྲི་མཁན་ཚོས་བོད་ཡིག་བྲིས་ཏེ་མཐུན་སྒྲིལ་གཞོགས་འདེགས་བྱས་པའི་རྣམ་པ་གསར་པ་ཞིག་མངོན་ཡོད།
བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བྲིས་པའི་མའོ་ཀྲུའུ་ཞིའི་གསུང་བཏུས་ཡིག་བྱང་འདི་ལྷ་སའི་ཉོ་ཚོང་ཁང་གི་སྒོ་འགྲམ་ལ་འཛུགས་ཀྱི་ཡོད། སྐབས་དེ་དུས་ཀྱི་ལྷ་སའི་འཚོང་ར་ཆེ་ཤོས་འདི་ཡིན་པ་རེད། ཡིན་ནའི་སྤ་སེ་ཡོད་ན་མ་གཏོགས་ཉིན་རེའི་འཚོ་བའི་མཁོ་ཆས་ཁག་ཉོ་ཐུབ་ཀྱི་མེད། ལྷ་སའི་མི་ཚོས་ཁ་རྒྱུན་དུ་རྒྱ་སྐད་ཐོག་ནས་རྡའ་ལིའི་ཐང་(ཚོགས་ཁང་ཆེན་མོ་)ཞེས་བརྗོད་ཀྱི་ཡོད། དེ་ཡང་ལོ་རབས་ལྔ་བཅུའི་ནང་འདིའི་ཁུལ་ལ་ཚོགས་ཁང་སྟབས་བདེ་ཞིག་རྒྱབ་ཡོད་པ་དེར་ཚོགས་འདུ་ཚུགས་ས་དང་འཁྲབ་སྟོན་བྱ་ས་བྱེད་ཀྱི་ཡོད། ལོ་རབས་དྲུག་བཅུའི་ནང་དེར་མེ་ཤོར་པ་དང་ད་ཆ་ཚོང་ཁང་ཡོད་ས་དེར་ཐོག་རྩེགས་ཅན་གྱི་ལྷ་སའི་ཁྲོམ་རྭ་ཆེན་པོ་ཞིག་བཟོས་ཡོད།
འདི་ནི་རིག་གནས་གསར་བརྗེའི་སྐབས་རྒྱུན་དུ་མཐོང་རྒྱུ་ཡོད་པའི་རྣམ་པ་ཞིག་རེད། གུས་མོའི་ཨ་མ་ལགས་ཀྱིས་གསུངས་དོན་ལ། དེའི་སྐབས་ཀྱི་མི་ཚང་མ་སྨྱོ་བ་ལྟར་ཡིན་པས་ནམ་ཕྱེད་མཚན་དགུང་ལ་ཁྲོམ་སྐོར་ཏུ་སྐྱོད་དགོས་པ་བརྗོད་ན་ལམ་སེང་འགྲོ་དགོས་ཀྱི་ཡོད་པས་ཧ་ལས་པའི་སྙིང་སྟོབས་ཆེན་པོ་ཡོད། སྐབས་དེ་དུས་ལས་ཀ་གང་ཡང་བྱེད་དགོས་ཀྱི་མེད་ལ་ལས་ཁུངས་ལའང་འགྲོ་དགོས་ཀྱི་མེད། འཐབ་འཛིང་གཟེད་མཁན་ཚོ་ཕུད་དེ་མིན་མི་ཚང་མས་གསར་བརྗེ་བྱེད་དགོས་ཀྱི་ཡོད་པ་རེད། ཉིན་ལྟར་འདིར་ཚོགས་འདུ་མེད་ན་ཕ་གིར་ཚོགས་འདུ་ཡོད་པ་དང་གང་སར་རྔ་དང་འཁར་རྔ་བརྡུངས་པའི་སྒྲ་གོ་རྒྱུ་ཡོད་ལ། ཡང་ཁྲོམ་གཞུང་ཐོག་ཚང་མ་དྲིལ་བསྒྲགས་བྱེད་མཁན་གྱི་མོ་ཀྲ་དང་རྒྱང་བསྒྲགས་ཆེན་པོས་ཁེངས་ནས་ཡོད། དེ་བཞིན་མི་ཚོ་ཧ་ཅང་གི་སྐད་ཆ་བཤད་མཁས་པོ་ཡོད་པས་ཁྱེད་རང་གིས་ཁྱེད་རང་ལ་རྒྱུ་མཚན་ཡོད་པ་བརྗོད་པ་དང་ངས་རང་ཉིད་ལ་རྒྱུ་མཚན་ཡོད་པ་བརྗོད་དེ་གང་ལྟར་ཚང་མས་གྱེན་ལོག་བྱས་ན་རྒྱུ་མཚན་ཡོད་པ་བརྗོད་ཀྱི་ཡོད།
སྦྱར་ཡིག་དང་དར་ཆ་སྣ་ཚོགས་ཀྱི་དཀྱིལ་ནས་འགྲིམ་འགྲུལ་ལས་ཁུངས་ཀྱི་ལས་བཟོའི་བུ་ཕྲུག་སློབ་གྲྭའི་དམར་སྲུང་དམག་ཟེར་བའི་འཕྲེད་དར་ཞིག་མཐོང་རྒྱུ་འདུག
ངས་དོ་སྣང་བྱུང་བ་ནི་རྒྱུགས་བཞིན་ཡོད་པའི་ཕྲུ་གུ་འདི་ཡིན་པས་ལག་པར་གང་འཁྱེར་ཡོད་མེད་ཤེས་འདོད་བྱུང༌།
ཞི་བའི་འཐབ་རྩོད་ཟེར་བ་ཡིན་ན་དྲིལ་བསྒྲགས་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད། དཔེར་ན་སྐབས་དེ་དུས་ཀྱི་བོད་པ་ཞབས་བྲོ་འཁྲབ་མཁན་ཞིག་གིས་གསུངས་པར་དེ་དུས་རིག་རྩལ་ལས་རིགས་ནང་ཤོག་ཁག་གཉིས་ཡོད་པའི་ནང་གི་ཤོག་ཁག་གཅིག་ལ་དམར་པོའི་རིག་རྩལ་དམག་སྤྱི་ཁང་ཟེར་གྱི་ཡོད་པ་དང་དེ་ནི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་ཁོངས་གཏོགས་ཡིན་ལ་དེའི་ནང་བོད་ལྗོངས་གླུ་གར་ཚོགས་པ་དང་གཏམ་བརྗོད་ཚོགས་པ། ལྷ་མོ་ཚོགས་པ་བཅས་རིག་རྩལ་ཚོགས་པ་ཁག་ཡོད། ཤོག་ཁག་གཞན་དེའི་མིང་ལ་ལྔ་གཉིས་གསུམ་དམག་སྤྱི་ཁང་ཟེར་གྱི་ཡོད་པ་དང་དེའི་མིང་བྱུང་ཚུལ་ནི་མའོ་ཀྲུའུ་ཞིས་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་བྱས་པའི་དུས་ཚོད་དེ་ཡིན་པ་རེད། དེ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ཁོངས་གཏོགས་ཡིན། དེའི་ནང་གཏམ་བརྗོད་ཚོགས་པ་དང་རྒྱ་ནག་གི་ཁྲང་ཤི་ཇིན་ཅུས་ཚོགས་པ། གཡུད་ཅུས་ཚོགས་པ་(ཁྲང་ཤི་ཚོགས་པ་དེ་གཉིས་ཐོག་མར་བཅིངས་འགྲོལ་དམག་མི་མཉམ་དུ་བོད་ནང་སླེབས་ཡོད། རྒྱུ་མཚན་ནི་དམག་དཔུང་ནང་ཧྲན་ཞི་དང་ཧེའེ་ནན་གྱི་མི་མང་པོ་ཡོད་པའི་དབང་གིས་རེད།)བཅས་རིག་རྩལ་ཚོགས་པ་ཁག་ཡོད་པ་རེད། ཤོག་ཁག་སོ་སོར་རང་རང་གི་དྲིལ་བསྒྲགས་རུ་ཁག་དང་སོ་སོར་ཚགས་པར་རེ་ཡོད་པས་མའོ་ཀྲུའུ་ཞིས་བཀའ་སློབ་རེ་བཏང་ཐེངས་རེར་བཀའ་སློབ་འདི་བཞིན་འཁྲབ་ཚན་བཟོས་པ་དང་གླུ་གཞས་བཟོས་ཏེ་གང་སར་འཁྲབ་སྟོན་བྱེད་པར་སྐྱོད་ཀྱི་ཡོད། ད་དུང་དཔེ་མཚོན་ཁྲང་ཤི་སློབ་སྦྱོང་བྱེད་དགོས་པས་གཏམ་བརྗོད་ཚོགས་པས་སློབ་སྦྱོང་བྱས་པ་སྟེ་<<ཧྲའ་ཅའ་པང་>>ཟེར་བ་འཁྲབ་སྟོན་བྱས་པ་དང་གླུ་གར་ཚོགས་པས་སློབ་སྦྱོང་བྱས་པ་ནི་ <<སྐྲ་དཀར་ལྷ་མོ་>> ཟེར་བའི་འཁྲབ་ཚན་དེ་རེད། འཁྲབ་མཁན་ཚང་མ་བོད་པ་ཡིན་རུང་ཚང་མ་རྒྱ་སྐད་ཐོག་ནས་འཁྲབ་དགོས་ཀྱི་ཡོད། སྐབས་དེ་དུས་འཁྲབ་སྟོན་ཚང་མ་རྒྱ་སྐད་བེད་སྤྱོད་བྱེད་ཀྱི་ཡོད་པས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་འདི་ལུགས་སྲོལ་ཅིག་ཆགས་ཏེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྐོར་གླེང་ཐབས་མེད་པ་རེད། ཡིན་ནའི་བོད་ཀྱི་ལྷ་མོ་ཚོགས་པས་ <<ལྒང་བཞུ་དམར་པོ་>> ཟེར་བའི་ཁྲང་ཤི་འདི་བོད་ཀྱི་ལྷ་མོ་འཁྲབ་སྲོལ་ལྟར་བསྒྱུར་བ་བཏང་ནས་བོད་སྐད་ཐོག་འཁྲབ་སྟོན་བྱས་ཡོད། གདངས་ནི་བོད་པའི་ལྷ་མོའི་རྣམ་ཐར་གཏོང་སྲོལ་བཞིན་བཏང་བ་དང་ཡིན་ནའི་སོ་སོས་རྩོམ་སྒྲིག་བྱས་ཡོད་པས་དེང་དུས་ཀྱི་ལྷ་མོའི་འཁྲབ་ཚན་ལ་རྩིས་ཀྱི་ཡོད་པ་རེད། ཡིན་ནའི་འཁྲབ་གཞུང་གི་སྒྲིག་སྟངས་དང་སྐད་ཆ་ཚང་མ་རྒྱ་ཡིག་ཐོག་ནས་ཐད་ཀར་ཕབ་བསྒྱུར་བྱས་པ་ཞིག་ཡིན་པ་རེད།
འདི་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཟློས་གར་འཁྲབ་མཁན་ཡིན་ནམ་ཡང་ན་ལྷ་མོ་ཚོགས་པའི་ཟློས་གར་འཁྲབ་མཁན་ཡིན་མི་ཤེས། གང་ལྟར་ལྷ་སའི་ཁྲོམ་གཞུང་ཐོག་གཞས་དང་ཞབས་བྲོ་རྒྱབ་བཞིན་རྒྱ་ཆེའི་ཡར་ལངས་ཞིང་བྲན་ཟེར་བ་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་རིག་གནས་གསར་བརྗེ་ཆེན་པོ་དྲིལ་བསྒྲགས་བྱེད་བཞིན་འདུག
སྤྱི་ལོ་ ༡༩༦༧ ལོའི་རྗེས་ལ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དང་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་གཉིས་པོ་དངོས་སུ་ཁ་གཏད་དུ་ལངས་པ་རེད། ཐེངས་དང་པོའི་འགྲན་རྩོད་ནང་སྐབས་ཤིག་རིང་དབང་ཆ་འཕྲོག་རེས་བྱས་ནས་རྒྱལ་ཁ་ཐོབ་པའི་གྱེན་ལོག་ཤོག་ཁག་ལ་དམག་དཔུང་གི་བཙན་གནོན་འོག་བར་ཆད་བྱུང་ཡོད། ཟླ་༣ཚེས་༥ཉིན་མཉམ་འབྲེལ་བཀོད་འདོམས་ཁང་གིས་གཙོ་བོ་བྱས་པའི་ཁྱབ་ཁོངས་ཁག་ནང་གི་མང་ཚོགས་དང་བཅིངས་འགྲོལ་དམག་མི་བཅས་ཁྱོན་མི་གྲངས་ཁྲི་གསུམ་ཙམ་གྱིས་ལྷ་སར་འབྱོར་ལྡན་གྲལ་རིམ་གྱི་ལོག་སྤྱོད་ལམ་ཕྱོགས་བསྐྱར་ལོག་བྱས་པ་དེ་རྩ་གཏོར་མཐར་ཕྱིན་པ་གཏོང་རྒྱུའི་དམ་བཅའི་ཚོགས་ཆེན་ཞིག་ཚོགས་ཡོད་པ་རེད། ཚོགས་འདུ་དེར་གསུམ་ལྔའི་ཚོགས་ཆེན་ཡང་འབོད་ཀྱི་ཡོད། དེ་རྗེས་གྲོང་ཁྱེར་ཡོངས་ལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས་པ་རེད།
འདྲ་པར་སྟེང་དཔུང་པར་འཕྲེད་བྱང་འཁྱེར་བ་འདིའི་ཐོག་བོད་རང་སྐྱོང་ལྗོངས་འབྱོར་མེད་གྲལ་རིམ་གསར་བརྗེའི་ཤོག་ཁག་གི་མཉམ་འབྲེལ་ཆེན་པོའི་གྱེན་ལོག་སྤྱི་ཁྱབ་བཀོད་འདོམས་ཁང་ཞེས་པའི་སྦྱར་ཡིག་བཀྱག་ནས་ཡོད་པའི་དཔུང་ཁག་འདི་ཏག་ཏག་མཉམ་འབྲེལ་བཀོད་འདོམས་ཁང་གི་དཔུང་ཁག་རེད། སྐབས་དེ་དུས་ཁྲོམ་སྐོར་བྱ་ཡུལ་གཙོ་བོ་མི་དམངས་ལམ་ཟེར་བ་འདིའི་ཐོག་སྐྱོད་བཞིན་ཡོད། ས་སྟེང་ལ་ཡང་སྦྱར་ཡིག་གི་ཤུལ་མཐོང་རྒྱུ་འདུག་ལ་གྱང་སྟེང་ལ་ཡང་སྦྱར་ཡིག་གི་ཤུལ་མཐོང་རྒྱུ་འདུག
དེ་བཞིན་ཡིད་གཟབ་བྱས་ནས་བལྟས་ན་གྱང་སྟེང་གི་སྦྱར་ཡིག་མང་པོ་དེ་ཚོའི་ཐོག་བོད་དམག་ཁུལ་ཁང་གིས་ལོག་སྤྱོད་མི་སྣ་ཉུང་ཤས་ལ་འཛིན་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་སོགས་བྲིས་ཡོད་པ་དེའི་ཐོག་ནས་སྐབས་དེ་དུས་དམག་དཔུང་དང་ལོག་སྤྱོད་པ་ཉུང་ཤས་ཟེར་བའི་གྱེན་ལོག་སྤྱི་ཁྱབ་ཁང་དབར་དོན་དངོས་ཐོག་དགྲ་མིན་ན་རང་ཡིན་པའི་ཚད་ལ་སླེབས་ཡོད་པ་མཐོང་ཐུབ།
ཞིང་བྲན་མདུང་ཟེར་བའི་མིང་འདི་མའོ་ཙེ་ཏུང་གི་སྙན་ངག་ནང་དར་དམར་གྱིས་ཞིང་བྲན་མདུང་མཉམ་དུ་བསྒྲིལ་བ་ཟེར་བ་ནས་བྱུང་ཡོད། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དམར་སྲུང་དམག་ཁག་ཅིག་གིས་སྒྲིག་འཛུགས་བྱས་པའི་ཞིང་བྲན་མདུང་གི་དམར་སྲུང་དམག་གྱེན་ལོག་དམག་སྤྱི་ཁང་ཟེར་བ་དེ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་འདིའི་ཤོག་ཁག་ཡིན་པ་དང་ཡང་དམར་སྲུང་དམག་གཞན་ཁག་ཅིག་གིས་དམར་པོའི་གྱེན་ལོག་ཚོགས་པ་ཟེར་བ་ཞིག་བཙུགས་ཏེ་དེ་ནི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་ཤོག་ཁག་འདིའི་ཁོངས་གཏོགས་ཡིན་པ་རེད། རིག་གནས་གསར་བརྗེའི་འགོ་སྟོད་ལ་ཧྲན་ཞི་ཞིང་ཆེན་ཞན་ཡང་ནས་ལྷ་སར་ཕྱིར་ལོག་བྱས་ཡོད་པ་དང་ཧ་ཅང་གི་འཁྲུག་ཆ་དོད་པོ་ཡོད་པ་མ་ཟད། ཤུགས་རྐྱེན་ཡང་ཆེན་པོ་བྱུང་ཡོད། དེའི་ནང་ནས་ཞིང་བྲན་མདུང་ཟེར་བ་འདི་གོ་ཐོས་ལ་ལྷ་སའི་དམར་སྲུང་དམག་གི་སྒྲིག་འཛུགས་ནང་ནས་ཆེ་ཤོས་ཤིག་ཡིན་པ་དང་དེའི་ནང་གི་ཚོགས་མི་ཧ་ལམ་ཚང་མ་བོད་ཀྱི་ས་གནས་ཁག་གི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་ཤ་སྟག་ཡིན་པ་རེད་འདུག
འདིར་གྱོན་ཆས་གཅིག་གྱུར་གྱོན་པའི་དམར་སྲུང་དམག་བུ་མོ་དེ་ཚོ་ནི་རྒྱ་ནག་གི་གྲོང་ཁྱེར་ཞན་ཡང་ནས་ལྷ་སར་འབྲེལ་གཏུག་ཆེན་པོ་ཟེར་བ་བྱེད་མཁན་གྱི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རེད། ཁོ་པ་ཚོའི་ནང་མང་ཆེ་བ་ནི་བོད་པ་ཡིན་པ་དང་རྒྱ་མི་ཡང་ཡོད། ཁོང་ཚོ་ཚང་མ་ཞིང་བྲན་མདུང་གི་དམར་སྲུང་དམག་རེད༌། ད་ཆ་ཁོང་ཚོའི་ནང་ནས་མི་མང་པོ་ཞིག་ལྷ་སར་ལས་ཀ་བྱེད་བཞིན་པ་དང་རྒས་ཡོལ་ཞུས་ཟིན་པ་ཡང་ན་རྒས་ཡོལ་བྱེད་གྲབས་ཡོད་པ་རེད།
འདིར་སྐད་གསང་མཐོན་པོས་གླུ་གཞས་གཏོང་བཞིན་པའི་བུད་མེད་འདི་ནི་བོད་ཀྱི་སྐད་གྲགས་ཡོད་པའི་དམར་པོའི་གཞས་མཁས་པ་ཚེ་བརྟན་སྒྲོལ་མ་ཟེར་བ་དེ་རེད། འུད་སྒྲོག་སྤུ་ཙམ་མེད་པའི་ཐོག་ནས་བརྗོད་ཆོག་པར་དུས་རབས་ཕྱེད་ཀ་ཙམ་གྱི་ནང་བོད་ནས་ཐོན་པའི་མའོ་ཙེ་ཏུང་དང་རྒྱ་ནག་གུང་ཁྲན་ཚོགས་པའི་གསར་བརྗེའི་གླུ་གཞས་ཡོད་ཚད་ཁོ་མོས་བཏང་ནས་བོད་ཡོངས་ལ་ཁྱབ་ཡོད་པ་མ་ཟད། ད་དུང་རྒྱ་ནག་རྒྱལ་ཡོངས་ཀུན་ཏུ་དར་ཁྱབ་ཕྱིན་ཡོད་པ་སོང་ཙང་ཁོ་མོ་ནི་མིང་དོན་མཚུངས་པའི་དམར་པོའི་གཞས་སྣ་ཁག་གཏོང་མཁན་གྱི་གཞས་མ་ཞིག་ཡིན་པས་ཐ་ན་རྩོམ་ཡིག་ཅིག་ནང་འདི་ལྟར་བྲིས་ཡོད་པ་སྟེ། ལོ་རབས་དྲུག་བཅུ་བརྒྱུད་མྱོང་མཁན་གྱི་མི་རེ་ངོ་རེའི་ངོས་ནས་ཚེ་བརྟན་སྒྲོལ་མ་ངོ་མི་ཤེས་མཁན་གཅིག་ཀྱང་མེད་པ་རེད། ཁོང་གི་སྐད་སྒྲ་ནི་སྐབས་དེ་དུས་ཀྱི་ཁྲག་རྒྱུན་ལྟ་བུ་ཡིན་པར་བརྟེན་དུས་རབས་དེའི་རྩ་རྒྱུད་ནང་རྒྱུགས་མྱོང་ཡོད་པ་རེད་ཅེས་བྲིས་ཡོད།
བྱས་ཙང་དུས་རབས་གང་འདྲ་ཞིག་ཡིན་ནམ། དེ་ནི་དམར་པོའི་འཇིགས་སྣང་གི་ཁེངས་པའི་རིག་གནས་གསར་བརྗེ་ཆེན་པོ་མ་རེད་དམ།
སྐྱེ་ཁུངས་གཞིས་རྩེ་ཁུལ་གྱི་གྲོང་གསེབ་ཁྱིམ་ཚང་ནས་ཡིན་པའི་ཚེ་བརྟན་སྒྲོལ་མ་ནི་དངོས་གནས་ཀྱི་ཡར་ལངས་ཞིང་བྲན་ཟེར་བའི་འཐུས་མི་ཞིག་རེད། དེར་བརྟེན་སྐབས་དེ་དུས་ཁོ་མོ་སེམས་འགུལ་ཐེབས་ཤིང་མིག་ཆུ་གཏོང་བཞིན་ཏུ་བསྟོད་གླུ་འདི་ལྟར་ལེན་ཡོད་པ་སྟེ། མའོ་ཀྲུའུ་ཞི་ནི་ཉི་མ་དམར་པོ་དང༌། མགོན་སྐྱབས་དངོས་གནས་འདི་གུང་ཁྲན་ཚོགས་པ་ཡིན། ཡར་ལངས་ཞིང་བྲན་གྱིས་གཞས་བཏང་སྟེ། བདེ་སྐྱིད་ཀྱི་སྐད་སྒྲ་ཕྱོགས་བཞིར་ཁྱབ་ཡོད་ཅེས་དང༌། ད་ལྟ་ཡང་ཁོང་གིས་བརྩེ་དུང་ཟབ་མོའི་སྒོ་ནས་བོད་རིགས་དང་རྒྱ་རིགས་ནི་ཨ་མ་གཅིག་གི་བུ་མོ་ཡིན་པས། ཁོ་ཚོའི་ཨ་མའི་མིང་ལ་རྒྱ་ནག་ཟེར་གྱི་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད།
དཔུང་པ་གཡོན་མར་ཞིང་བྲན་མདུང་དམར་སྲུང་དམག་ཟེར་བའི་དཔུང་རྟགས་བཏགས་པའི་ཚེ་བརྟན་སྒྲོལ་མ་ནི་སྐབས་དེ་དུས་ལོ་སུམ་ཅུར་སླེབས་ཡོད། སྤྱི་ལོ་༡༩༦༤ ལོར་ཁོ་མོས་ <<མའོ་ཀྲུའུ་ཞི་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་ཤོག>>ཟེར་བའི་གླུ་བྲོའི་ཟློས་གར་འཁྲབ་ཚན་ཆེན་མོ་ <<ཤར་ཕྱོགས་དམར།>> ཟེར་བའི་ནང་གཞས་བཏང་ཐེངས་གཅིག་གིས་སྐད་གྲགས་བྱུང་ཡོད་པས་དེ་ནས་བཟུང་གུང་ཁྲན་ཚོགས་པ་ནས་བེད་སྤྱོད་བྱེད་པའི་གཞས་མ་ཞིག་ཆགས་པ་དང་ཞིང་ཆེན་རིམ་པའི་དཔོན་རིགས་གཞོན་པའི་གོ་གནས་ཐོབ་ཡོད།
འདྲ་པར་འདིའི་ཐོག་ཁོང་དང་མཉམ་དུ་ཡོད་པ་ཚོ་ནི་རྒྱ་ནག་ནས་བོད་ལ་ཡོང་བའི་དམར་སྲུང་དམག་དཔའ་བོ་ཆུང་ཆུང་ཚོ་རེད། ཡིན་ནའི་ཁོང་ཚོ་པེ་ཅིང་ནས་ཡོང་བ་ཡིན་ནམ་ཡང་ན་ས་གནས་གང་ནས་ཡོང་བ་ཡིན་མིན་མ་ཤེས་ཀྱང་ཁོང་ཚོ་ཚང་མའི་ཁྲོད་ནས་གཞོན་སྐྱེས་ཀྱི་གསོན་ཤུགས་མངོན་བཞིན་འདུག ཡང་ན་གཞོན་འདིས་འཁྱེར་བའི་ཕྲུ་གུ་ཆུང་ཆུང་དེ་སུའི་ཕྲུ་གུ་ཡིན་ནམ།
མི་འདི་ཚོ་ནི་ལྷ་སའི་ཉེ་འགྲམ་གྱི་གྲོང་གསེབ་ཁུལ་གྱི་མང་ཚོགས་ཡིན་པ་བརྗོད་མཁན་འདུག ཡང་འགའ་ཤས་ཀྱིས་བརྗོད་ཡག་ལ་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་ཤར་སྲུང་མི་དམངས་སྤྱི་ཁང་གི་ཞིང་པ་ཡིན་ཞིང། མང་ཆེ་བས་ཚལ་ཞིང་འདེབས་ལས་བྱེད་པ་དང་འབྲུ་ཡང་འདེབས་ལས་བྱེད་ཀྱི་ཡོད་པ་རེད་འདུག
ལག་པ་ཁ་ལ་བཅུག་པའི་སྐྱེས་པ་འདིས་ལག་པས་ཁ་ཆུ་བྱུག་ནས་ལག་པ་བརྐྱངས་ཏེ་ཡོད་པའི་མི་ཚོར་གསར་བརྗེའི་དྲིལ་བསྒྲགས་ཡི་གེ་སྤྲོད་གྲབས་བྱེད་བཞིན་འདུག