བཅིངས་འགྲོལ་དམག་བོད་དུ་ཡོད་པ།

གྱེན་ལོག་ཤོག་ཁག་གིས་རྒྱ་ནག་གུང་ཁྲན་གཞུང་གི་བོད་ལ་ཡོད་པའི་མི་སྣ་གཙོ་ཆེ་ཤོས་ཀྲང་གོ་ཧྭ་ལ་དམིགས་ཏེ་ཕར་རྒོལ་དམའ་འབེབས་བྱས་པ་དེར་དམག་དཔུང་གིས་མི་དགའ་བའི་བསམ་ཚུལ་ཤུགས་ཆེན་བྱུང་ཡོད་པ་རེད། འདི་ནི་དམག་དཔུང་གི་ངོ་བོ་ཉིད་རང་དམག་ཤེད་ཅན་གྱི་སྲོལ་རྒྱུན་ཞིག་ཡོད་པའི་དབང་གིས་ཡིན་ལ། དེ་བས་སྤྱི་ལོ་༡༩༥༠ ལོར་བོད་ནང་དཔུང་འཇུག་བྱས་པའི་རྗེས་བོད་ཀྱི་དམིགས་བསལ་གནས་སྟངས་ཀྱིས་རྐྱེན་པས་དམག་དཔུང་ནང་ཕྱོགས་གཅིག་ཏུ་སྒྲིལ་ཏེ་བྱུང་བའི་ཕན་ཚུན་གྱི་བརྩེ་སེམས་ཀྱི་འབྲེལ་བ་དེ་ཡིན་པ་རེད། བཅིངས་འགྲོལ་དམག་གི་བོད་ལ་དཔུང་འཇུག་བྱེད་མཁན་གཙོ་བོའི་ནུས་ཤུགས་ལྡན་པའི་དམག་སྡེ་ཨང་བཅོ་བརྒྱད་པའི་དམག་སྤྱི་ཡིན་པའི་ཆ་ནས་དཔོན་དམག་ཧ་ཅང་མང་པོ་ཞིག་ནི་ཀྲང་གོ་ཧྭ་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་མངའ་འོག་ཡིན་པ་རེད། དོན་དངོས་ཐོག་ཀྲང་གོ་ཧྭ་ནི་སྔ་ས་ནས་མཚོན་རྟགས་ཤིག་ཆགས་ཡོད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཀྲང་གོ་ཧྭ་ཟེར་བའི་མིང་འདི་ཁོ་པ་སྒེར་ངོས་ཀྱི་ཚབ་བྱེད་ཅིག་ཡིན་པ་མ་ཟད། ད་དུང་རྒྱ་ནག་གུང་ཁྲན་གཞུང་དང་དེའི་དམག་དཔུང་གིས་ལོ་ངོ་བཅུ་བདུན་རིང་བོད་ལ་གནས་པའི་རིང་གི་བྱ་སྤྱོད་ཅིག་མཚོན་གྱི་ཡོད་པ་རེད། ཀྲང་གོ་ཧྭ་ལ་ཁས་མི་ལེན་པ་ཡིན་ན་དེ་ཡང་རྒྱ་ནག་གུང་ཁྲན་གཞུང་དང་དེའི་དམག་དཔུང་གིས་བོད་ལ་བཅིངས་འགྲོལ་ཟེར་བའི་དོན་སྙིང་དེར་ཁས་མི་ལེན་པ་དང་གཅིག་མཚུངས་ཆགས་ཀྱི་ཡོད།

སྤྱི་ལོ་༡༩༦༦ ལོའི་ཟླ་བ་དགུ་པ་ནས་བཟུང་སློབ་ཕྲུག་དམར་སྲུང་དམག་གིས་དམག་སྒར་ནང་གདོང་མཆོངས་བྱས་པའི་གནས་ཚུལ་བྱུང་ཡོད་ལ། ད་དུང་དམག་དཔུང་ནང་མི་སྣ་འཇུ་བཟུང་དང་ཁྱིམ་ཚང་སྔོག་བཤེར་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། དེར་བརྟེན་ཀྲང་གོ་ཧྭ་ཡིས་བོད་ཀྱི་གནས་ཚུལ་དམིགས་བསལ་ཡིན་པ་བརྗོད་ནས་སློབ་ཕྲུག་དམར་སྲུང་དམག་ལ་བསླབ་བྱ་རྒྱབ་སྟེ་བྱ་སྤྱོད་དེ་ལྟ་བུ་བྱེད་པར་བཀག་འགོག་བྱས་པ་རེད། ཟླ་༡༠ཚེས་༢༨ཉིན་ཀྲང་གོ་ཧྭ་ཡིས་ཀའུ་ཨེ་ལེན་ལ་རྒྱ་རིགས་སློབ་ཕྲུག་བོད་ལ་འབྲེལ་གཏུག་བྱེད་པར་གཏོང་རྒྱུ་མེད་པའི་ནན་ཞུའི་རེ་བ་བཏོན་པ་རེད། ཟླ་བ་གསུམ་རང་ནང་ཀྲང་གོ་ཧྭ་ཡིས་སློབ་ཕྲུག་དམར་སྲུང་དམག་དང་ལྷག་པར་དུ་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་དམར་སྲུང་དམག་ལ་དང་ཐོག་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་སྟོན་ནས་མཐར་ཁས་ལེན་མི་བྱེད་པར་གྱུར་བ་ཕྱིན་ཡོད། དེས་གསལ་བཤད་གང་ཞིག་བྱེད་ཀྱི་ཡོད་དམ། སློབ་ཕྲུག་དམར་སྲུང་དམག་དེ་ཚོས་མགོ་ན་དགོས་པའི་ལས་ཀ་མང་པོ་བཟོས་ཡོད་པ་ཡིན་ནམ། ཐ་ན་དེས་ཀྲང་གོ་ཧྭ་ལ་ཕོག་ཐུག་ཕྱིན་པ་དང་དམག་དཔུང་ལ་ཕོག་ཐུག་ཕྱིན་ནས་གྱུར་བ་ཆེན་པོ་འདི་འདྲ་བྱུང་བ་ཞིག་རེད་དམ།

དམག་དཔུང་ནང་ལ་ཡང་ཀྲང་གོ་ཧྭ་ལ་ངོ་རྒོལ་གྱི་སྐད་སྒྲ་ཐོན་ཡོད་པ་དང༌། སྐད་སྒྲ་དེ་མང་པོ་མིན་ན་ཡང་རྙོག་ཟིང་ལངས་རྒྱུ་ཏན་ཏན་ཆགས་རྒྱུ་རེད། བོད་ཀྱི་གནས་སྟངས་བརྟན་ལྷིང་ཞིག་ཡོང་རྒྱུར་དམིགས་ཏེ་སྤྱི་ལོ་ ༡༩༦༦ ལོའི་ཟླ་༡༠ཚེས་༡༩ཉིན་ཀྲའུ་ཨེ་ལེན་ནས་པེ་ཅིང་ལ་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་སློབ་མའི་འཐུས་མི་བཅུ་གཅིག་ལ་མཇལ་འཕྲད་བྱས་ཏེ་ཀྲང་གོ་ཧྭ་ནས་བོད་ལ་ལས་ཀ་བྱེད་པའི་ནང་ཕལ་ཆེར་སྐྱོན་ཆ་དང་ནོར་འཁྲུལ་རིགས་ཡོད་སྲིད་པ་རེད། ཡིན་ནའི་སྔར་བཞིན་བློ་མཐུན་ཡག་པོ་ཞིག་རེད་ཅེས་བརྗོད་ཡོད། སྤྱི་ལོ་༡༩༦༧ ལོའི་ཟླ་༢ཚེས་༢༤ཉིན་རྒྱ་ནག་དབུས་གཞུང་གི་རིག་གནས་གསར་བརྗེའི་ཚོགས་ཆུང་ནས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་ཆེད་མངགས་གློག་འཕྲིན་བཏང་སྟེ་ཀྲང་གོ་ཧྭ་ནི་གཞི་རྩའི་ཆ་ནས་བློ་མཐུན་ཡག་པོ་ཞིག་རེད་ཅེས་ངོས་འཛིན་བྱས་པ་དང་བོད་སྡོད་དམག་དཔུང་ནང་ཟང་ཟིང་བཟོད་ཐབས་མེད་པ་མི་ཡོང་བར་གཡོལ་ཐབས་བྱས་པར་ངོས་འཛིན་བྱས་ཡོད། རྒྱ་ནག་གུང་ཁྲན་གཞུང་གི་མིག་ནང་བོད་ནི་རྒྱ་ནག་གཞུང་གིས་ཨ་རི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་ཨུ་རུ་སུ་བཟོ་བཅོས་རིང་ལུགས་ལ་ངོ་རྒོལ། རྒྱ་གར་ལོག་སྤྱོད་ཤོག་ཁག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལྷོ་ནུབ་མདུན་ཕྱོགས་དམག་ས་ཡིན་པར་རྩིས་ཀྱི་ཡོད། དེར་བརྟེན་བོད་ལྟ་བུའི་གལ་ཆེའི་དམག་དོན་འཐབ་ཇུས་ཀྱི་ས་ཆར་བཏང་འཛིན་བྱེད་ཆེད་ཀྲང་གོ་ཧྭ་དང་དེ་བཞིན་དམག་འཁྲུག་གི་ཉམས་མྱོང་ཡོད་པའི་དམག་མི་དགོས་མཁོ་ཆེན་པོ་ཀྱི་ཡོད་པ་ལས་རང་སྣང་གང་དྲན་གྱིས་འགལ་རྐྱེན་བཟོ་མཁན་གྱི་དམར་སྲུང་དམག་དང་གྱེན་ལོག་ཤོག་ཁག་དེ་བཞིན་དམག་དཔུང་ནང་གི་མི་ཉུང་ཤས་ཤིག་དགོས་ཀྱི་མེད་པ་རེད།

ས་མཐོའི་གནམ་གཤིས་ཀྱིས་མི་འཕྲོད་པའི་ཐོག་སེམས་པ་སྐྱིད་པོ་མེད་པའི་རྐྱེན་གྱིས་བོད་ནས་ལས་ཀ་འཕོ་འགྱུར་བྱས་པའི་ཀྲང་གོ་ཧྭ་ཡིས་ཟི་ཁྲོན་ནས་བོད་ཀྱི་གནས་སྟངས་ལ་མུ་མཐུད་བཏང་འཛིན་བྱེད་བཞིན་ཡོད་ལ། ཁོ་པས་བཞག་པའི་དབང་ཆའི་གོ་གནས་སྟོང་པ་དེར་བོད་ཀྱི་ཆེས་མཐོའི་དཔོན་རིགས་དབར་མངོན་འཛིང་ལྐོག་འཐབ་བྱས་ཡོད་པ་དང་དེ་ནས་བོད་དམག་ཁུལ་ཁང་གི་ཆབ་སྲིད་དམག་དཔོན་གཞོན་པ་རེན་རུང་རིམ་པས་བོད་ཀྱི་རིག་གནས་གསར་བརྗེའི་ལོ་རྒྱུས་ཐོག་གལ་ཆེའི་མི་སྣ་གཞན་ཞིག་ཆགས་ཡོད་པ་རེད། ཁོ་པ་ནི་དབང་སྒྱུར་དྲག་པོ་བྱེད་མཁན་གྱི་དམག་མི་ཞིག་ཡིན་པ་དང༌། སྤྱི་ལོ་༡༩༦༤ ལོར་བོད་ནང་སླེབས་ཏེ་རིག་གནས་གསར་བརྗེ་འགོ་བཙུགས་པའི་སྐབས་ཕལ་ཆེར་ཁོ་པ་བོད་ནང་སླེབས་དུས་ཀྱི་དུས་ཚོད་ཕྱི་པོ་ཡིན་པས་བོད་ལ་ལོ་བཅུ་བདུན་ཙམ་བསྡད་ཚར་བའི་ཀྲང་གོ་ཧྭ་དང་བསླབ་པ་སྡུར་ཐབས་མེད་པར་བརྟེན་ཁོ་པ་ནི་གྱེན་ལོག་ཤོག་ཁག་ནས་ཐེར་བཏོན་བྱེད་སའི་དམིགས་ཡུལ་བཟུང་བ་མ་ཡིན། ཡིན་ནའི་ཁོ་པས་དང་ཐོག་རང་ནས་མཐར་ཕྱིན་པའི་སྒོ་ནས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་ངོ་རྒོལ་བྱེད་མཁན་ཕྱོགས་ལ་ལངས་པའི་རྐྱེན་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བར་ནུས་པ་ལྡན་པའི་སྲུང་སྐྱོབ་བྱེད་མཁན་གྱི་ཉི་གདུགས་ལྟ་བུ་ཞིག་ཆགས་པ་རེད། སྤྱི་ལོ་༡༩༦༧ ལོའི་ཟླ་བ་གསུམ་པའི་རྗེས་ཁོ་པས་དམག་དོན་དོ་དམ་ཁང་གི་འགོ་ཁྲིད་གཞོན་པའི་མིང་ཐོག་ནས་བོད་ཀྱི་རིག་གནས་གསར་བརྗེ་མདུན་ཕྱོགས་སུ་སླེབས་ཏེ་བོད་ཀྱི་དབང་ཆའི་འཐབ་རྩོད་ཀྱི་མཚོ་འཁོར་དེའི་ནང་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ་རེད། ཁོ་པས་ཁ་གཏད་རེ་རེ་བཞིན་ཕམ་ཉེས་བཏང་ཡོད་པ་དཔེར་ན་ཀྲའོ་རེན་ཧྲན་དང་ཙེང་གཡུང་ཡའ། (བོད་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པ་དང་དེ་ནས་དམག་སྤྱི་བྱས་ཡོད་ལ། བོད་ཀྱི་རིག་གནས་གསར་བརྗེའི་སྐབས་ཀྱི་གལ་ཆེའི་མི་སྣ་ཞིག་ཡིན།) དའོ་གྲང་སུང་བཅས་ཡིན། དེ་བཞིན་ཡང་མི་མི་ཉུང་བ་ཞིག་གཞན་གྱི་དོན་དུ་སྲོག་ཤོར་བ་དང་ཉེས་མིང་ཕོག་མཁན་དཔེར་ན་ཝང་ཆི་མིན་དང་དབྱིང་ཧྥ་ཐང་བཅས་རེད། གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་གཅིག་མ་སོང་བར་ཁོ་པས་དམག་དཔུང་ལ་བཀོད་འདོམས་བྱས་ཏེ་གདུག་རྩུབ་ཀྱི་དམག་དོན་གྱི་བྱ་ཐབས་བེད་སྤྱད་དེ་བསྐྱར་ལོག་ཟེར་བ་ཞོད་འཇགས་བཏང་ཡོད་པ་དང༌། ད་དུང་དེ་དང་མཚུངས་གོ་སྐབས་འདི་བེད་སྤྱད་དེ་མཐར་ཕྱིན་པའི་སྒོ་ནས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་གཏོར་འགྱེལ་བཏང་ཡོད། དེ་རྗེས་དམག་གི་དབང་ཆ་དང་སྲིད་ཀྱི་དབང་ཆ་ཁོ་རང་མི་གཅིག་གིས་སྒེར་འཛིན་བྱས་ཏེ་ལོ་དགུའི་རིང་བོད་ལ་བཙན་ནན་གྱི་དབང་སྒྱུར་བྱེད་འགོ་ཚུགས་པ་རེད།

རིག་གནས་གསར་བརྗེའི་མཇུག་ཙམ་ལ་ཆབ་སྲིད་ཀྱི་ལས་འགུལ་དེ་སྔ་བཞིན་མང་པོ་མེད་པ་དང་ཆོས་ལ་དད་པ་བྱེད་པའི་རྣམ་པ་ཡང་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་པ་རེད་ལ། ལྷག་པར་དུ་སྤྱི་ལོ་༡༩༧༦ ལོར་མའོ་ཙེ་ཏུང་འདས་གྲོངས་ལ་སོང་བ་ནས་རིག་གནས་གསར་བརྗེ་མཇུག་སྒྲིལ་བྱུང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནང་ཉམས་པ་ཐམས་ཅད་སླར་གསོ་མ་བྱུང་པར་གནས་ཡོད་པ་རེད། དམིགས་བསལ་རིག་གནས་གསར་བརྗེས་བོད་ལ་འཁྱེར་ཡོང་བའི་རྩ་གཏོར་གྱི་གནས་སྟངས་འདི་ཧ་ཅང་གི་ཚབས་ལྗིད་པོ་ཡིན་པས་ཧ་ལམ་ལེགས་སྒྲིག་བྱེད་ཐུབ་ཐབས་མེད་པའི་གནས་སུ་གྱར་ཡོད། སྤྱི་ལོ་༡༩༧༩ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མངག་གཏོང་གནང་བའི་སྐུ་ཚབ་ཚོགས་པ་བོད་ནང་ཕེབས་སྐབས་བོད་ཀྱི་མང་ཚོགས་ཚོས་སྤྲོ་སེམས་འཕེལ་བཞིན་སྨྱོ་བ་ལྟར་གྱི་དགའ་བསུ་ཞུས་ཡོད་པ་རེད། དེས་ཆེས་གཡོན་ཐལ་ཟེར་བའི་དབང་སྒྱུར་འོག་གི་བཀག་རྒྱ་དམ་པོ་དེ་མེད་པ་བཟོས་པ་དང་ཕྱོགས་གཞན་ཞིག་ནས་དབང་འཛིན་པར་འཕྱ་སྨོད་ཤུགས་ཆེན་ཞིག་ཀྱང་བྱུང་བ་རེད། དེ་རྗེས་ཧུའུ་གཡའོ་སྤང་བོད་ཀྱི་ས་གནས་རང་ལ་རྟོགས་ཞིབ་བྱེད་པར་སྐྱོད་པ་དང་དུས་མཚུངས་བོད་ལ་སྤྱི་ཡོངས་ནས་དབུལ་ཕོངས་དང་རྗེས་ལུས་ཡིན་པའི་དངོས་ཡོད་གནས་སྟངས་དེར་ཧང་སངས་ཏེ་ཐད་ཀར་རེན་རུང་ལ་དངུལ་(དབུས་གཞུང་ནས་སྤྲད་པ་) ཚང་མ་ཡར་ཀླུང་གཙང་པོའི་ནང་དབྱུགས་པ་རེད་དམ་ཅེས་སྐྱོན་བརྗོད་བྱས་ཡོད། དེ་ནས་དུས་ཡུན་རིང་པོ་མ་སོང་བར་བོད་ཀྱི་རིག་གཞུང་དང་ཆོས་ལུགས། སྐད་ཡིག་ལ་བསྒྱུར་བཅོས་བྱེད་རྒྱུར་སེམས་ཁུར་རྩ་བ་ནས་མེད་པ་དང་བོད་མི་དམངས་ལ་གདུང་སེམས་མཉམ་སྐྱེད་གང་ཡང་མི་བྱེད་མཁན་ཞེས་དཔྱད་བརྗོད་ཀྱིས་སྐད་གྲགས་ཆོད་པའི་རན་རུང་འདི་ཉིད་གཟི་བརྗིད་མེད་པའི་ཐོག་བོད་ནས་ཁ་བྲལ་ཡོད་པ་རེད། ཡང་ཁོ་པའི་གོ་གནས་འདི་མུ་མཐུད་འཛིན་མཁན་ནི་དཔུང་སྡེ་བཅོ་བརྒྱད་ཀྱི་དམག་མི་གཡིང་ཧྥ་ཐང་ཡིན་པས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་མཐོང་སྣང་མི་འདོད་པ་གཅིག་པ་ཡིན་པ་རེད། ཁོ་པ་ན་རྒས་ཤིང་ལས་མེད་ཁྱིམ་སྡོད་བྱེད་པའི་དུས་ཡུན་རིང་ལ་ཡང་མུ་མཐུད་གྲལ་རིམ་འཐབ་རྩོད་ཀྱི་བྱེད་སྟངས་དེ་རང་འཁྱེར་ནས་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཚོགས་པར་དྲན་འཆར་བཏོན་གྱི་ཡོད། སྤྱི་ལོ་༡༩༩༩ལོར་ཏག་ཏག་ཁོ་པས་པེ་ཅིང་ལ་དྲན་འཆར་བཏོན་ནས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་རྟ་རྫོང་གི་ནང་བསྟན་སློབ་གླིང་ལ་མི་འགྲོ་མཁན་ཧ་ཅང་མང་པོ་ཡོད་པས་ཁམས་ཁུལ་གྱི་ཟང་ཟིང་གི་རྟེན་གཞི་ཞིག་ལ་འགྱུར་སྲིད་པ་བརྗོད་ནས་རྩིས་སྤྲོད་བྱས་པར་བརྟེན་དད་ལྡན་པ་ཚོས་ནང་ཆོས་སློབ་གཉེར་བྱེད་ཡུལ་དེར་རྡུང་རྡེག་དྲག་གནོན་ཕོག་ཡོད་པ་རེད།

སྤྱི་ལོ་༡༩༨༦ལོར་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་ཡོད་པའི་འགོ་གཙོ་འདི་ས་གནས་ཀྱི་དཔོན་རིགས་ལ་བསྒྱུར་བ་བཏང་ཡོད། ཡིན་ནའི་འདིའི་ཐོག་ནས་དམག་དཔུང་གི་གནས་བབ་སྟོབས་ཤུགས་ཉམས་ཡོད་པ་མཚོན་གྱི་མེད། དེ་ལས་ལྡོག་སྤྱི་ལོ་༡༩༨༣ལོར་བོད་ལྗོངས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཟེར་བ་གསར་བཙུགས་བྱས་ཤིང་། གཞི་རྒྱ་ཆེ་བའི་དམག་ཤུགས་དང་སྔར་ཡོད་བོད་སྡོད་དམག་དཔུང་གཉིས་པོ་མཉམ་འབྲེལ་བྱས་ཏེ་དེར་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་མཁན་གྱི་སྲ་ཞིང་བརྟན་པའི་ཀ་རྡོ་ཆེན་པོ་གཉིས་ཟེར་བརྗོད་ཀྱི་ཡོད།

སྤྱི་ལོ་༢༠༠༢ལོའི་དབྱར་དུས་ཀྱི་ལྷ་སའི་ཁྲོམ་གཞུང༌།

སྤྱི་ལོ་༢༠༠༡ལོའི་དབྱར་དུས་ཀྱི་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན།

སྤྱི་ལོ་༡༩༨༦ལོར་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་ཡོད་པའི་འགོ་གཙོ་འདི་ས་གནས་ཀྱི་དཔོན་རིགས་ལ་བསྒྱུར་བ་བཏང་ཡོད། ཡིན་ནའི་འདིའི་ཐོག་ནས་དམག་དཔུང་གི་གནས་བབ་སྟོབས་ཤུགས་ཉམས་ཡོད་པ་མཚོན་གྱི་མེད། དེ་ལས་ལྡོག་སྤྱི་ལོ་༡༩༨༣ལོར་བོད་ལྗོངས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཟེར་བ་གསར་བཙུགས་བྱས་ཤིང་། གཞི་རྒྱ་ཆེ་བའི་དམག་ཤུགས་དང་སྔར་ཡོད་བོད་སྡོད་དམག་དཔུང་གཉིས་པོ་མཉམ་འབྲེལ་བྱས་ཏེ་དེར་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་མཁན་གྱི་སྲ་ཞིང་བརྟན་པའི་ཀ་རྡོ་ཆེན་པོ་གཉིས་ཟེར་བརྗོད་ཀྱི་ཡོད།

དམག་དཔུང་ནང་ཁུལ་གྱི་འཐབ་རྩོད།

གུས་མོའི་པཱ་ལགས་ནི་རིག་གནས་གསར་བརྗེའི་འགོ་སྟོད་ལ་བོད་དམག་ཁུལ་ཁང་གི་མདའ་དཔོན་རིམ་པའི་དམག་དཔོན་གཞོན་པ་ཞིག་རེད། དམག་དོན་བཀག་འདོམས་ལྷན་ཁང་བཙུགས་པའི་རྗེས་དམག་དོན་བཀག་འདོམས་ལྷན་ཁང་གི་དྲིལ་བསྒྲགས་ཚོགས་ཆུང་ལ་ལས་བསྒྱུར་བྱས་ཡོད། སྤྱི་ལོ་༡༩༥༠ལོར་ཀྲང་གོ་ཧྭ་ཡི་རྗེས་སུ་འབྲངས་ནས་བོད་ནང་སླེབས་ཡོད་པ་མ་ཟད། ད་དུང་དམག་དཔུང་ནང་ལོ་ངོ་༡༣ནས་འཛུལ་བའི་རྗེས་ཀྱི་དུས་ཚོད་ཡོད་ཚད་བཏང་ནས་བཅིངས་འགྲོལ་དམག་གི་དམག་མི་ཞིག་བྱེད་མྱོང་ཡོད་པའི་ཆ་ནས་ཁོང་གིས་དམག་མི་རྒན་རབས་པ་ཚོ་གཏོར་ན་མ་གཏོགས་འགྲིག་ཐབས་མེད་པར་ངོས་འཛིན་བྱེད་མཁན་གྱི་ད་ལྟའི་དབང་འཛིན་ཤོག་ཁག་གི་མི་ལ་བསུན་སྣང་ཆེན་པོ་ཡོད་པ་རེད། དངོས་གནས་བྱས་ན་ཁོང་ནི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་འདིའི་ལྟ་བར་རྒྱབ་སྐྱོར་བརྟན་པོ་ཡོད་མཁན་ཞིག་རེད། གུས་མོའི་ཨ་མ་ལགས་ཀྱིས་ངོ་སྤྲོད་གནང་བར།

སྐབས་དེ་དུས་དམག་དཔུང་ནང་ལ་ཡང་ཤོག་ཁག་གཉིས་ཡོད་པ་དང༌། ཆབ་སྲིད་ཚན་པ་དང་དམག་སྤྱི་ཁང༌། འབྲེལ་མཐུད་ཁང་སོགས་ཚང་མའི་ནང་ཤོག་ཁག་གཉིས་ཡོད་པ་རེད། རྗེས་ལ་དམག་དཔུང་ནང་བཀའ་རྒྱ་བཏང་སྟེ་ས་གནས་ཀྱི་ཚོགས་པ་ཁག་ནང་མཉམ་ཞུགས་བྱེད་མི་ཆོག་པ་བརྗོད་ཡོད་པ་ཡིན་རུང༌། ལྟ་བའི་ཐོག་མངོན་གསལ་དོད་པོའི་རྣམ་པ་ལྡན་ཡོད་པ་དང་ཕན་ཚུན་དབར་འབྲེལ་བ་ཡང་ཡོད་པ་རེད། སྤྱིར་བཏང་ནས་བཤད་ན། སྔ་ས་ནས་ལས་ཀར་ཞུགས་པའི་ལས་བྱེད་པ་མང་ཆེ་བ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་གཞོན་སྐྱེས་ཀྱི་ལས་བྱེད་པ་མང་ཆེ་བ་ཧ་ལམ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་རྒྱབ་སྐྱོར་བྱེད་མཁན་ཡིན་པ་རེད། འབྲེལ་མཐུད་ཁང་གི་ནང་ཁག་ཅིག་ནི་རྒྱ་ནག་གི་མཐོ་སློབ་ཐོན་པའི་ཕྱི་རྒྱལ་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱེད་མྱོང་ཡོད་པའི་མི་ཡིན་པས་ཁོང་ཚོས་དབྱིན་སྐད་དང་ཧིན་རྡིའི་སྐད་ཡིག བལ་པོའི་སྐད་ཡིག་སོགས་ཤེས་ཀྱི་ཡོད་པ་རེད་ལ། ཁོང་ཚོའི་ནང་ཕོ་མོ་གཉིས་ཀ་ཡོད་པ་དང་ཁོང་ཚོ་ནི་གྱེན་ལོག་སྤྱི་ཁབ་ཁང་ཟེར་བའི་ལྟ་བ་འཛིན་མཁན་ཤ་སྟག་རེད། རང་གི་པཱ་ལགས་དང་དེ་བཞིན་བོད་ནང་དཔུང་འཇུག་བྱེད་མཁན་གྱི་དཔུང་སྡེ་བཅོ་བརྒྱད་ནི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ལྟ་བ་འཛིན་མཁན་ཡིན་པ་རེད།

དམག་དཔུང་རང་ཉིད་ཀྱིས་ཀྱང་ཐེར་འདོན་བྱེད་རེས་བྱེད་ཀྱི་ཡོད་ལ། ཡང་མི་ཁག་ཅིག་ལ་བརྡབས་གཞུ་ཕོག་ཡོད་པ་རེད། འབྲེལ་མཐུད་ཁང་ནང་མིང་ལ་ཝང་ཐིང་ཡན་ཟེར་བའི་འགོ་འཛིན་གཞོན་པ་དེ་ནི་དཔུང་སྡེ་བཅོ་བརྒྱད་ཁོངས་ནས་བོད་ལ་དཔུང་འཇུག་བྱེད་མཁན་གྱི་གྲས་རེད། ཁོ་པའི་ཁྱིམ་ཚང་གི་གཞི་ཁུངས་ནི་ས་བདག་ཡིན་པས་རིག་གནས་གསར་བརྗེ་འགོ་ཚུགས་པ་ནས་དམག་དཔུང་ནང་ཁུལ་གྱི་མིས་རྒོལ་རྡུང་བཏང་ཞིང་རྒྱུ་མཚན་ནི་ཁོ་པའི་གཞི་ཁུངས་ཡག་པོ་མེད་པའི་རྐྱེན་གྱིས་ཡིན་པར་བརྟེན་ཁོ་པ་བསམ་བློ་ཡག་པོ་བཏང་མི་ཐུབ་པར་གནམ་ཐག་བརྒྱབ་ནས་རང་སྲོག་བཅད་པ་རེད། སྐབས་དེ་དུས་འབྲེལ་མཐུད་ཁང་དམག་ཁུལ་ཁང་གི་སྒོ་རྭའི་ནང་མེད་པ་དང་དམག་ཁུལ་ཁང་གི་ཉེ་འགྲམ་ལ་ཡོད་པའི་སྐུ་དྲག་གླང་མདུན་ཡིན་ནམ་ཡང་ན་ཚ་རོང་གཟིམ་ཤག་གི་སྒོ་རྭའི་ནང་ཡིན། གང་ལྟར་བོད་བཟོའི་ཁང་པ་ཐོག་རྩེགས་ཅན་ཞིག་ཡོད་པ་འདིའི་ཐོག་ཁའི་ཁང་པ་ཞིག་ནང་གནམ་ཐག་བརྒྱབ་ནས་རང་སྲོག་བཅད་པ་རེད། རྗེས་སུ་ལྷ་སའི་གཙང་པོའི་ཉེ་འགྲམ་གྱི་རི་ཞིག་གི་ལྡེབས་ལ་སྦས་པ་ཡོད། དོན་དངོས་ཐོག་ཁོ་པ་ནི་གསར་བརྗེ་པ་རྒན་གྲས་ཤིག་ཡིན་ཞིང་གནས་ཚུལ་གང་ཡང་མེད། མཐར་རིག་གནས་གསར་བརྗེ་མཇུག་སྒྲིལ་སྐབས་གཞི་ནས་ཁོ་པར་དག་སེལ་བྱས་པ་རེད།

དོན་དངོས་ཐོག་དམག་དཔུང་ནང་ཁུལ་གྱི་ཤོག་ཁའི་ཕྱོགས་ཞེན་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། ལོ་མང་རིང་བོད་དམག་ཁུལ་ཁང་གི་ཚན་པའི་ནང་ལས་ཀ་བྱ་མྱོང་ཡོད་པའི་བོད་མི་བཅུ་གཉིས་(གསང་མིང་)ནས་ཁས་ལེན་བྱས་དོན། སྐབས་དེ་དུས་ཤོག་ཁའི་ཕྱོགས་ཞེན་ཚབས་ཆེན་པོ་ཡོད་པ་དང་མི་ཚང་མ་གདོན་འདྲེ་ཞུགས་པ་ནང་བཞིན་རེད། མ་གཞི་དུས་རྒྱུན་ཡིན་ན་ཕན་ཚུན་དབར་འཁོན་འཛིན་གང་ཡང་མེད་ཀྱང་སྐབས་དེ་དུས་ཤོག་ཁག་གི་ཁེ་ཕན་གང་ལས་ལྷག་པར་རྩིས་ཀྱི་ཡོད་པར་བརྟེན་རང་ཕྱོགས་ཀྱི་ཤོག་ཁག་ཡིན་ཚེ་ཕན་ཚུན་ཧ་ཅང་གི་མཛའ་མཐུན་རྣམ་པ་ལྡན་ཡོད་པ་དང་གལ་ཏེ་རང་ཕྱོགས་ཀྱི་ཤོག་ཁག་མིན་ན་ཕན་ཚུན་ཁ་གཏད་དུ་ལངས་ཀྱི་ཡོད་པ་རེད། ཁོང་གིས་ད་དུང་ངོ་སྤྲོད་གནང་བར། དམག་དཔུང་ནང་ལྟ་བ་གསལ་སྟོན་བྱས་ནས་ཀྲང་གོ་ཧྭ་ལ་ངོ་རྒོལ་བྱེད་མཁན་གྱི་མི་སྣར་རྡུང་རྡེག་ཕོག་པ་ཡང་ཚབས་ལྗིད་པོ་རེད། དཔེར་ན་དམག་ཁུལ་ཁང་གི་རྒྱབ་ཕྱོགས་ཞབས་ཞུ་ཚན་པའི་མིང་ལ་ཡུད་ཤིན་སྒྲ་ཟེར་བའི་འགན་འཛིན་གཞོན་པ་ཞིག་གིས་ཚོགས་ཆེན་ཐོག་རྐང་པ་བརྡབས་ཏེ་ཀྲང་གོ་ཧྭ་ལ་སྐྱོན་བརྗོད་བྱས་པར་བརྟེན་མཐར་ལམ་སེང་ཟིང་ཆ་ལངས་ནས་ལས་བྱེད་པ་དང་དམག་མི་མང་པོ་ཁོང་ཁྲོ་ལངས་ཤིང་། ཁོ་པས་ཀྲང་གོ་ཧྭ་ལ་འདི་ལྟ་བུ་བརྗོད་པ་ནི་ཁོང་ཚོའི་བསམ་པར་འདུ་ཤེས་འཛིན་སྟངས་ཐོག་ཡིན་ནའི་འདྲ་ཡང་ན་རྒྱུ་མཚན་ཐོག་ཡིན་ནའི་འདྲ་གང་ལྟར་ཁས་ལེན་བྱ་ཐབས་མེད། དེར་བརྟེན་དུས་ཡུན་རིང་པོ་མ་སོང་བར་ཚད་གཞི་ལས་བརྒལ་ཏེ་ཁོ་པ་ཚོགས་ཁང་ནང་ནས་ཐང་ཆེན་ཐོག་ཁྲིད་དེ་འཐབ་འཛིང་བཏང་ཡོད། འཐབ་འཛིང་གཏོང་སྐབས་ཀྱང་འབུད་རྒྱག་གཏོང་བ་ཙམ་གྱི་གནས་ཚུལ་མ་ཡིན་པར་ཉེས་རྡུང་བཏང་འགོ་ཚུགས་པ་མ་ཟད། ད་དུང་ཉེས་རྡུང་དྲག་པོ་བཏང་བ་དང་གདུག་རྩུབ་ཧ་ཅང་ཆེན་པོ་བཏང་པ་རེད། དེའི་ནང་ལས་བྱེད་པ་ཁོ་ན་མ་ཡིན་པར་དམག་མིས་ཀྱང་ཁོ་པར་ཉེས་རྡུང་བཏང་ཡོད་པས་དུས་ཡུན་རིང་པོ་མ་སོང་བར་འགན་འཛིན་གཞོན་པ་འདི་བསད་པ་རེད། འདི་ནི་ཐོས་པ་ཙམ་གྱིས་སྐྲག་སྣང་སྐྱེ་དགོས་པའི་དོན་རྐྱེན་ཞིག་རེད། བཅུ་གཉིས་(གསང་མིང་)ནས་བརྗོད་པར། ཁོང་གང་ལྟར་དཔོན་རིགས་གཞོན་པ་ཞིག་ཡིན་པས་རྒྱབ་ཕྱོགས་ཚན་པའི་དཔོན་རིགས་གཞོན་པ་ཞིག་རང་ཉིད་ཀྱི་དམག་མིས་ཉེས་རྡུང་བཏང་སྟེ་དམར་བསད་བཏང་པའི་དོན་རྐྱེན་འདི་རིག་གནས་གསར་བརྗེ་མཇུག་བསྒྲིལ་པའི་རྗེས་ལ་ཡང་བརྟག་དཔྱད་བྱེད་མྱོང་ཡོད་པ་རེད་འདུག

འོན་ཀྱང་གུང་ཁྲན་ཚོགས་པ་ནི་དམག་དཔུང་རེད་ལ། གུང་ཁྲན་ཚོགས་པ་ནི་མེ་མདའ་ཡང་ཡིན་པ་རེད། མེ་མདའི་ཁ་ནས་སྲིད་དབང་ཐོན་ཟེར་བའི་རྒྱུ་མཚན་འདི་མའོ་ཙེ་ཏུང་གིས་འགོ་ཁྲིད་བྱས་པའི་གུང་ཁྲན་ཚོགས་པའི་མིས་དེ་བས་གོ་བ་གཏིང་ཟབ་པ་ལེན་ཐུབ། གང་འདྲ་བྱས་ནའང་དམག་མིས་མ་གཏོགས་རྙོག་ཟིང་གི་གནས་སྟངས་འདི་ཏག་ཏག་བཟོ་ཐུབ་ཀྱི་མེད་པ་ལྟ་བུ་འདུག པེ་ཅིང་ནས་བཀའ་རྒྱ་བཏང་སྟེ་དམག་དོན་དོ་དམ་གྱི་ཐབས་ལམ་ལ་རྟེན་ནས་ནུས་པ་ཤོར་བའི་རིམ་པ་ཁག་གི་ལས་ཁུངས་བསྐྱར་གསོ་ཐུབ་པ་བྱེད་དགོས་པ་དང་མའོ་ཙེ་ཏུང་གིས་ས་གནས་ཁག་གི་དམག་དོན་དོ་དམ་ཁང་ལ་སྤྲད་པའི་ལས་འགན་ནི་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་(གཡོན་ཕྱོགས་ལ་རྒྱབ་སྐྱོར་ཟེར་བ་འདི་སྐབས་དེ་དུས་གཡོན་ཕྱོགས་ཤོག་ཁག་གི་མང་ཚོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་བརྗོད་ཀྱི་ཡོད། བཟོ་པར་རྒྱབ་སྐྱོར་ཟེར་བ་འདི་བཟོ་ལས་ལ་རྒྱབ་སྐྱོར་བྱེད་དགོས་པ། ཞིང་པར་རྒྱབ་སྐྱོར་ཟེར་བ་འདི་ཞིང་ལས་ལ་རྒྱབ་སྐྱོར་བྱེད་དགོས། དམག་དོན་དོ་དམ་ཟེར་བ་འདི་ས་གནས་དང་ཚན་པ། ལས་ཁུངས་བཅས་ཁ་ཤས་ལ་དམག་དོན་དོ་དམ་བྱེད་དགོས་པ་དེ་རེད། དམག་སྦྱོང་ཟེར་བ་འདི་སློབ་ཕྲུག་ལ་དམག་དོན་སྦྱོང་རྡར་བྱེད་དགོས་པ་དེ་རེད།)ཟེར་བ་འདི་ཡིན་པ་རེད།

འདི་ནི་དམག་དོན་དོ་དམ་ཁང་གི་ལག་འཁྱེར་རེད། མདུན་ངོས་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བོད་རང་སྐྱོང་ལྗོངས་ཀྱི་དམག་དོན་དོ་དམ་ལྷན་ཁང་གི་ལས་ཀའི་ལག་འཁྱེར་ཞེས་བྲིས་ཡོད། ལག་འཁྱེར་སྤྲད་པའི་དུས་ཚོད་ནི་སྤྱི་ལོ་༡༩༦༧ལོའི་ཟླ་༨ཚེས་༡༨ཉིན་ཡིན་པ་རེད་འདུག

ལག་འཁྱེར་གྱི་རྒྱབ་ངོས་སུ་འོད་ཟེར་སྟོང་ལྡན་འཕྲོ་བའི་མའོ་ཙེ་ཏུང་གི་འདྲ་པར་དང་དེ་བཞིན་མའོ་ཡི་གསུང་བཏུས་འཁོད་ཡོད་པའི་ནང་མང་ཚོགས་ལ་ཡིད་ཆེས་དང་རྒྱབ་རྟེན་བཅོལ་དགོས་པ། མི་དམངས་བཅིངས་འགྲོལ་དམག་ལ་ཡིད་ཆེས་དང་རྒྱབ་རྟེན་བཅོལ་དགོས། ལས་བྱེད་པ་མང་ཆེ་བར་ཡིད་ཆེས་དང་རྒྱབ་རྟེན་བཅོལ་དགོས་ཞེས་འཁོད་འདུག

འདི་ནི་གུས་མོའི་པཱ་ལགས་དཔུང་སྡེ་བཅོ་བརྒྱད་ནང་ཞུགས་རྗེས་བཏགས་གནང་མྱོང་ཡོད་པའི་དམག་རྟགས་ཤིག་རེད།

རྔམ་བརྗིད་ལྡན་པའི་དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བ།

རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བའི་ལས་འགན་ལག་བསྟར་བྱེད་མཁན་ནི་བཅིངས་འགྲོལ་དམག་གི་མའོ་ཙེ་ཏུང་དགོངས་པའི་དྲིལ་བསྒྲགས་རུ་ཁག་ཟེར་(སྟབས་བདེའི་བརྗོད་ཚུལ་ནི་དམག་དཔུང་གི་དྲིལ་བསྒྲགས་རུ་ཁག་ཟེར་གྱི་ཡོད་)འབོད་ཀྱི་ཡོད། དོན་དངོས་ཐོག་རིག་གནས་གསར་བརྗེ་འགོ་ཚུགས་དུས་ནས་དམག་དཔུང་གིས་བོད་ས་ཡོངས་ཀྱི་ས་གནས་ཁག་ནང་དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བ་ཕོན་ཆེན་མངག་གཏོང་བྱས་ཡོད། དམག་དོན་དོ་དམ་ཁང་ཟེར་བ་ཆེད་བཙུགས་བྱས་པའི་རྗེས་བོད་ས་ཡོངས་ཀྱི་ནང་དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བ་བཏང་བ་མ་ཟད། ད་དུང་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་ནང་ལ་ཡང་གཏིང་ཟབ་ཀྱིས་འགྲོ་སྐྱོད་བྱས་ཡོད། སྐབས་དེ་དུས་ཀྱི་གནས་ཚུལ་འཁོད་པའི་ནང་བལྟས་ན། དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བས་མའོ་ཙེ་ཏུང་གི་གསུང་རྩོམ་དང་གསུང་བཏུས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ས་གནས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་བཟོ་ལས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་པ་དང༌། དེ་བཞིན་མང་ཚོགས་ལ་ན་ཚ་ལྟས་པ། གློག་བརྙན་སྟོན་པ། ཞིང་ཁ་བརྔས་པ། ཐ་ན་སྐྲ་ཡང་བཞར་གྱི་ཡོད་པ་སོགས་ཧ་ལམ་དོན་དག་ཆེ་ཆུང་མེད་པ་ཐམས་ཅད་ལ་དོ་དམ་བྱེད་པ་ལྟ་བུ་བྱེད་ཀྱི་ཡོད།

དེ་སྔ་དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བའི་ནང་གི་ཚོགས་མི་བཅུ་གཉིས་(གསང་མིང་) ནས་སྔར་བཞིན་སྐབས་དེ་དུས་ཀྱི་གསར་བརྗེའི་དཔའ་ཉམས་མ་བརྗེད་པར་བཤད་དོན།

སྐབས་དེ་དུས་ཀྱི་སྙིང་སྟོབས་དང་ཉམས་འགྱུར་དེ་ཚོ་དུས་ད་ལྟ་ཚོད་དཔག་བྱ་ཐབས་བྲལ་བ་ཞིག་རེད་ལ། སེམས་ཤུགས་དཔེ་མི་སྲིད་པ་ཞིག་རེད། སྤྲོ་སེམས་འཕེལ་ཞིང་སྒེར་སེམས་མེད་ལ་དཔའ་མི་ཞུམ་པ། སྒེར་གྱི་ཁེ་ཕན་སྤུ་ཙམ་ཡང་མེད་པ་རེད། ཁྱེད་རང་གིས་བཀའ་འདྲི་གནང་བ་བཞིན་ངལ་རྩོལ་བྱས་ན་གླ་ཆ་ག་རེ་ཡོད་པ་རེད་དམ་ཞུས་ན། དངུལ་སྐར་མ་གཅིག་ཀྱང་མེད་པ་རེད། ཚང་མས་དངུལ་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ལ་མི་སུས་ཀྱང་རྩོད་མཁན་ཡང་མེད་པ་རེད། ཚང་མ་རང་དོན་རྒྱབ་སྐྱུར་བྱས་ཏེ་ལས་ཀ་བྱེད་མཁན་ཤ་སྟག་ཡིན། དར་དམར་འཁྱེར་ཞིང་གསུང་བཏུས་ཀྱི་གཞས་བཏང་སྟེ་སྐྱོད་ཀྱི་ཡོད་པས་ཚང་མ་ཕུགས་བསམ་རིང་ལུགས་པ་ཡིན་པ་དང་ཕུགས་བསམ་ཧང་སངས་ཡག་ཡོད་པས་ཧ་ལས་དགོས་པ་ཞིག་རེད། བསམ་བློ་ཡང་ཧ་ཅང་གི་སྟབས་བདེ་པོ་ཡིན་པས་ཧ་ལམ་མི་རེ་རེ་བཞིན་ཚང་མ་དམིགས་ཡུལ་གཅིག་གི་ཐོག་སྐྱོད་ཀྱི་ཡོད་པ་དང་དེར་འགྱུར་བ་རྩ་བ་ནས་མེད་པ་ལྟ་བུ་རེད། མོའོ་ཀྲུའུ་ཞིའི་གསར་བརྗེའི་ལམ་ཕྱོགས་ལ་སྲུང་སྐྱོབ་བྱེད་ཆེད་ཚེ་སྲོག་ཤོར་ན་ཡང་བློ་འགྱོད་མེད་པ་བཅས་ཚང་མར་དེ་འདྲའི་ཆོད་སེམས་ཡོད་པ་རེད།

ཡིན་ནའི་དམག་མིའི་དྲིལ་བསྒྲགས་རུ་ཁག་རེ་རེ་བཞིན་ཚང་མ་བརྟག་དཔྱད་ཚོགས་ཆུང་དང་དམིགས་བསལ་གྱི་གྱོད་དོན་ཚོགས་ཆུང་ཡང་ཡིན་པས་ལས་ཀ་ཞིབ་ཚགས་པོ་དང་ཁྱོན་ཡོངས་ནས་ཤེས་རྟོགས་ཟབ་མོ་ཡོད་པ་དེར་ཧ་ལས་དགོས་པ་ཞིག་འདུག དཔེར་ན་བོད་དམག་ཁུལ་ཁང་གི་ཐད་གཏོགས་ལས་ཁུངས་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རྒྱལ་ཁའི་དོན་གཅོད་ཁང་ལ་མངགས་གཏོང་བྱས་པའི་དམག་མིའི་དྲིལ་བསྒྲགས་རུ་ཁག་གིས་བྲིས་པའི་བརྟག་དཔྱད་སྙན་ཞུའི་ནང་གསར་འཛུགས་གྲོང་མི་ཨུ་ཡོན་ལྷན་ཁང་ནས་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ནང་ཉམས་ཞུགས་བྱེད་མཁན་མི་གྲངས་༣༧༠ཡོད་པ་དང་དེའི་ནང་བློ་རྩ་བརྟན་པོ་ཡོད་མཁན་མི་གྲངས་༣༡༦ཡོད་པ། བློ་རྩ་བརྟན་པོ་མེད་པའི་མི་གྲངས་༥༤ཡོད། ཡང་བློ་རྟེན་ཡུལ་མི་གྲངས་༢༥༠ཡོད་པ། མཐུན་སྒྲིལ་བྱ་ཡུལ་མི་གྲངས་༡༢༠ཡོད་པ་སོགས་ཞིབ་ཕྲ་བཀོད་ཡོད་པ་རེད། དེ་བཞིན་ད་དུང་གསར་བརྗེའི་མང་ཚོགས་ཟེར་བ་མི་ཉུང་བ་ཞིག་ནས་མི་ངན་ཟེར་བར་ནག་ཉེས་བགྲང་བ་དང་ཐེར་འདོན་བྱས་པའི་གནས་ཚུལ་ཡང་བཀོད་ཡོད། དེའི་ཐོག་ནས་དམག་མིའི་དྲིལ་བསྒྲགས་རུ་ཁག་གིས་དུས་མཚུངས་སུ་གསང་བའི་སྙན་སེང་ཞུ་མཁན་དང་ཁྲིམས་ཐག་གཅོད་མཁན་གྱི་ལས་འགན་ཞིག་འཁུར་ཡོད་པ་རེད།

སྐབས་དེ་དུས་དམག་དཔུང་གི་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བའི་གྲུབ་འབྲས་ལ་དམིགས་ནས་རིག་གནས་གསར་བརྗེའི་སྐབས་བོད་ས་ཡོངས་ལ་ཁྱབ་པའི་གཞས་ཤིག་ཡོད་པ་དེའི་མིང་ལ་<<ངའི་སེམས་ནང་གི་གླུ་གཞས་བཅིངས་འགྲོལ་དམག་ལ་ཕུལ།>>ཟེར་བ་དེ་ཡིན། འདིའི་ནང་གི་ང་ཟེར་བ་དང་གཞས་ནང་གི་ང་ཚོ་ཟེར་བ་ནི་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཟེར་བར་གོ་དགོས་ཀྱི་ཡོད་པ་གསལ་པོ་རེད། མི་མང་པོས་གཞས་འདི་བོད་མི་རང་ཉིད་ཀྱིས་གསར་རྩོམ་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་གཞས་ཚིག་དང་གཞས་གདངས་རྩོམ་མཁན་ནི་བོད་མི་མ་ཡིན་པར་རྒྱ་མི་གྲང་ལིའུ་ཀྲུ་དང་ཀྲོང་ཐའོ་ཟེར་བ་གཉིས་པོ་ཡིན་པ་རེད། འོན་ཀྱང་ཁོ་པ་ཚོས་ཐབས་ཤེས་འདི་ལྟ་བུ་བེད་སྤྱད་དེ་ཁོ་པ་ཚོ་ནི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཟེར་བའི་མགྲིན་ཚབ་པ་ཞིག་ལོས་ཡིན་པ་གྲགས་ཏེ་ཁྱོན་ཡོངས་དང་མཐར་ཕྱིན་པའི་སྒོ་ནས་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ཚད་ལས་འདས་པའི་སེམས་ཚོར་བཅངས་ཆོག་པ་བྱས་ཤིང་། དེའི་ཐོག་ནས་བསམ་པའི་འཁྱེར་བཟོ་གང་འདྲ་ཞིག་མངོན་གྱི་ཡོད་པ་རེད་དམ་ཞེ་ན། གཞས་འདིའི་གཞས་ཚིག་ནི་འདི་ལྟར་ཏེ།

འབྲུ་ཆང་འབུལ་གྱི་མིན་ལ། ཇ་སྲུབ་མ་བཟོ་ཡི་མིན། ཁ་བཏགས་ཀྱང་སྒྲོན་གྱི་མིན། ཡིན་ནའི་སེམས་ནང་གི་གཞས་ཤིག་བཏང་ཏེ་གཉེན་ཉེ་བཅིངས་འགྲོལ་དམག་ལ་ཕུལ། སོའོ་ཡ་ལ་སོ། གཉེན་ཉེ་བཅིངས་འགྲོལ་དམག་ལ་ཕུལ། ཁྱེད་ཚོས་རོགས་རམ་གནང་ཏེ་ང་ཚོ་ཡར་ལངས་བྱུང་བར་ཐུགས་རྗེ་ཆེ། ཞིང་བྲན་ཁྲི་ཚོ་བརྒྱ་ཁྱིམ་གྱི་བདག་པོར་གྱུར། ཁྱེད་ཚོས་གཡོན་ཕྱོགས་པ་དང་བཟོ་པ། ཞིང་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། རིག་གནས་གསར་བརྗེ་ཆེན་པོར་བྱས་རྗེས་གསར་པ་བཞག་ཡོད། བྱས་རྗེས་གསར་པ་བཞག་ཡོད།

འབྲུ་ཆང་འབུལ་གྱི་མིན་ལ། ཇ་སྲུབ་མ་བཟོ་ཡི་མིན། ཁ་བཏགས་ཀྱང་སྒྲོན་གྱི་མིན། སེམས་ནང་གི་གཞས་ཤིག་བཏང་ནས་གཉེན་ཉེ་སྤུན་མཆེད་བཅིངས་འགྲོལ་དམག་ལ་ཕུལ། སོའོ་ཡ་ལ་སོ། གཉེན་ཉེ་བཅིངས་འགྲོལ་དམག་ལ་ཕུལ། ཁྱེད་ཚོས་མའོ་ཀྲུའུ་ཞིའི་དཔེ་དེབ་འཁྱེར་ཕེབས་པར་ཐུགས་རྗེ་ཆེ། གསར་བརྗེའི་བདེན་པ་ནམ་ཡང་སེམས་ནང་བཅངས་རྒྱུ་ཡིན། ཁྱེད་ཚོས་མེ་མདའ་དམ་པོར་བཟུང་ནས་མཐའ་མཚམས་སྲུང་བར་ཐུགས་རྗེ་ཆེ།

མི་དམངས་ཀྱི་སྲིད་དབང་ཁྲི་ལོ་གནས། ཁྲི་ནས་ཁྲི་ལོ་བར་གནས་ཟེར་བ་དེ་ཡིན།

འོན་ཀྱང་དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བ་དེས་བདེ་བླག་ངང་བསམ་བློ་སྒྱུར་བཀོད་བཏང་ཚར་བའི་མི་གསར་པ་ཞིག་བཟོ་ཐུབ་ཡོད་པ་རེད་དམ། ཞིབ་ཕྲའི་སྒོ་ནས་བཤད་ན། ཤོག་ཁག་གཉིས་དབར་གྱི་འགལ་ཟླ་དང་གདོང་ཐུག་པར་ཕན་ཚུན་འདུམ་འགྲིག་བྱེད་པའི་སྐབས་དམག་དཔུང་ནང་ཁུལ་དུ་ཤོག་ཁག་དབྱེ་བའི་ལྟ་བ་གནས་ཡོད་བཞིན་པར་ཁོ་པ་ཚོས་གང་འདྲ་བྱས་ནས་དྲང་པོ་དྲང་བདེན་ཞིག་བྱེད་ཐུབ་བམ། གཡོན་ཕྱོགས་ཤོག་ཁག་ལ་རྒྱབ་སྐྱོར་ཟེར་བ་དེ་ཡང་སྙིང་སུ་ཡིན་ནམ། རང་ཉིད་གྱེན་ལོག་ཤོག་ཁག་ཡིན་ཟེར་བའི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དེ་ཡིན་ནམ་ཡང་ན་ལྟ་ཚུལ་རྙིང་ཞེན་བག་ཁུམ་ཡིན་པར་རྩིས་པའི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་དེ་ཡིན། དམག་དཔུང་ནང་ཁུལ་ལ་ཡང་ཤོག་ཁག་གཉིས་ཡོད་པའི་གནས་ཚུལ་དངོས་དེ་མ་བརྗོད་པར་ཤོག་ཁག་གཉིས་ཕན་ཚུན་ས་འཛིན་དང་བཙན་རྫོང་ཁ་སྤྲོད། རྩོད་གླེང་རྒྱག་པ་བཅས་ཀྱི་དུས་བབ་ནང་དེའི་རྒྱབ་ལོགས་ལ་དེ་བས་སྟོབས་ཤུགས་ཆེ་བ་དང་དེ་བས་འཕོ་འགྱུར་ཆེ་བའི་ཆབ་སྲིད་སྟོབས་ཤུགས་ཤིག་གིས་ཁ་ལོ་བསྒྱུར་གྱི་ཡོད་པའི་རྐྱེན་ལས་དམག་དོན་དོ་དམ་ཁང་ཡང་པེ་ཅིང་གིས་རླུང་ཕྱོགས་ལ་བསྟུན་ནས་ཡམ་ཡོམ་གཏན་མ་འཁེལ་བར་རྒྱུན་ཆད་མེད་པར་བསྐྱར་སྒྲིག་བྱེད་ཀྱི་ཡོད་པས་དུས་བབ་འཕེལ་ཕྱོགས་ལ་བསྟུན་ནས་སྐབས་རེ་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ལྟ་བ་ཡོད་མཁན་གྱི་དམག་མི་ཚང་མ་ཕྱིར་འཐེན་བྱ་ཡི་ཡོད་པ་དང༌། སྐབས་རེ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་ལྟ་བ་ཡོད་མཁན་གྱི་དམག་མི་ཕྱིར་འཐེན་བྱེད་ཀྱི་ཡོད། དེར་བརྟེན་སུ་འདྲ་ཞིག་གཡོན་ཕྱོགས་པ་ཟེར་བ་ཡིན་པ་ཐག་གཅོད་པའི་སྐབས་ཆབ་སྲིད་དུས་བབ་ཀྱི་གཡོ་རྒྱུ་དང་འགྱུར་ལྡོག་མང་པོ་བྱུང་བ་ནས་བསྟུན་པ་ཞིག་མ་ཡིན་པར་ཤོག་ཁག་གཅིག་ལ་རྒྱབ་སྐྱོར་བྱེད་པ་དང་ཤོག་ཁག་གཅིག་དྲག་གནོན་བྱེད་རྒྱུ་ལྡོག་ཐབས་མེད་པ་ཞིག་རེད།

ཡང་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བའི་བརྒྱུད་རིམ་ནང་དྲག་ཤུགས་སྤྱོད་པའི་དོན་རྐྱེན་རབ་དང་རིམ་པ་བྱུང་བ་དེས་དམག་དཔུང་ནང་ཁུལ་དུ་ཚབས་ཆེའི་གནད་དོན་མང་པོ་ཡོད་པ་མངོན་གྱི་ཡོད་ལ། དེས་སྤྱི་ཚོགས་ཀྱི་གནས་སྟངས་དེ་བས་རྙོག་ཟིང་དང་དམག་མང་གི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། ཞིང་འབྲོག་ཁུལ་དུ་གཡོན་ཕྱོགས་ལ་རྒྱབ་སྐྱོར་ཟེར་བ་བྱེད་པར་སྐྱོད་མཁན་དམག་མི་ཡར་ལངས་ཞིང་བྲན་ཟེར་བས་དམར་བསད་བཏང་བ་དང༌། དེ་ལས་ལྡོག་ཏེ་དམག་དཔུང་གིས་ངོ་ལོག་ཞོད་འཇགས་ཟེར་བ་དང་ཇག་གཏོར་ཟེར་བའི་མིང་ཐོག་ནས་མི་ཚད་ལས་འདས་པ་དམར་གསོད་བཏང་ཡོད་པས་དེ་བས་འཁོན་འཛིན་གཏིང་ཟབ་རུ་ཕྱིན་ཡོད་པ་རེད། དེ་མིན་དམག་གི་དྲིལ་བསྒྲགས་རུ་ཁག་ནས་ཚ་འདྲི་ནན་པོ་བྱས་ནས་ངོས་ལེན་ཞུ་རུ་བཅུག་པ་དེས་རང་ཤི་རྒྱབ་མཁན་དང་མནར་གཅོད་འོག་འདས་གྲོངས་ཕྱིན་པ་ཡང་ཡང་བྱུང་ཡོད། ད་དུང་དབང་ཆ་བེད་སྤྱོད་བྱས་ཏེ་སྒེར་གྱི་ཁེ་ཕན་གྲུབ་ཡོད་པ་དཔེར་ན་བཀྲ་ཤིས་ལྷུན་པོ་དགོན་པའི་དམག་མིའི་དྲིལ་བསྒྲགས་རུ་ཁག་གི་འགོ་ཁྲིད་ནས་དགོན་པའི་ནང་གི་གསེར་གྱི་སྐུ་འདྲ་དང་གསེར་གྱི་ཞལ་དཀར། གཡང་ཊིའི་ཡོ་ཆས། བསེ་རུའི་རྭ་ཅོ་སོགས་རྩ་ཆེའི་རིག་དངོས་སྒེར་སྤྱོད་བྱས་ཡོད་པས་གནས་ཚུལ་ཤེས་མཁན་གྱི་དགེ་འདུན་པས་ཐེར་འདོན་གནང་སྟེ་དགོན་པས་རྒྱ་ནག་དབུས་གཞུང་ལ་ཞུ་གཏུགས་སྙན་ཞུའི་ཡི་གེ་བཏང་སྟེ་གཞི་ནས་གསང་བ་འདི་ཤོར་བ་རེད། དེ་ལས་ལྷག་པའི་སྣང་ཚུལ་ངན་པ་ཞིག་ནི་བོད་ས་ཡོངས་ནང་གི་དགོན་པར་རྙིང་པ་བཞི་ཟེར་བ་དང་དྲག་པོའི་འཐབ་རྩོད་ཟེར་བའི་ནང་རྡུང་རྡེག་ཕོག་ནས་གནོད་སྐྱོན་ཧ་ཅང་ཚབས་ཆེན་བྱུང་ཡོད། དེ་ནས་ཡང་དམག་དཔུང་གིས་གཡོན་ཕྱོགས་ལ་རྒྱབ་སྐྱོར་ཟེར་བའི་སྐབས་སུ་རྡུང་རྡེག་དྲག་པོ་ཕོག་ཡོད་པ་དཔེར་ན་རྒྱ་ནག་གུང་ཁྲན་གཞུང་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ལོ་རབས་བཞི་བཅུའི་ནང་དབྱིན་ཇི་བཙན་རྒྱལ་རིང་ལུགས་དང་ཉེ་པོ་ཡོད་པ་ཟེར་བའི་མཐོ་རིམ་སེར་སྐྱ་ཚོར་སེམས་ཐག་གཙང་བཅད་ཀྱིས་ངོ་རྒོལ་བྱེད་མཁན་རྒྱལ་གཅེས་མི་སྣ་ཟེ་འབོད་པའི་རྭ་སྒྲེང་རིན་པོ་ཆེའི་གཞི་དགོན་རྭ་སྒྲེང་དགོན་པར་དམག་མིའི་དྲིལ་བསྒྲགས་རུ་ཁག་ཐེངས་མང་སླེབས་པའི་རྗེས་མཐར་གྱང་རོ་ཆགས་ཡོད་པ་རེད། དོན་དངོས་ཐོག་ཆ་མི་ཚང་བའི་ཆག་རོ་དང་གྱང་རོར་གྱུར་བའི་ཤུལ་རོ་རེ་རེ་བཞིན་དུས་ད་ལྟའི་མཚམས་སུའང་ལྷ་སའི་ཉེ་འཁོར་གྱི་གྲེང་གསེབ་ཁུལ་དུ་ད་དུང་ཡང་མཐོང་རྒྱུ་ཡོད་པའི་དཔེ་མཚོན་གཅིག་གི་ཚད་ཀྱི་མེད། གནས་སྟངས་འདི་ཚོ་དངོས་ཡོད་ཁུངས་ལྡན་ཡིན་པའི་རྐྱེན་གྱིས་ང་ཚོས་ཡིད་སྐྱོ་པོའི་ངང་ནས་མཐོང་ཐུབ་པ་ནི་དམག་དོན་དོ་དམ་བྱས་པ་དེས་བློ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་ཐོབ་མེད་པ་དང༌། ཐ་ན་བོད་འདི་དེ་ལས་ལྷག་པའི་ཛ་དྲག་དང་ཡ་ང་བའི་དུས་བབ་ཅིག་ལ་ཚུད་ཡོད། ཞིབ་མཇུག་གནང་མཁན་འགའ་རེས་དམག་དོན་དོ་དམ་འོག་གི་བོད་འདི་རིག་གནས་གསར་བརྗེའི་ནང་ཆེས་མུན་ནག་གི་དུས་སྐབས་ཤིག་ཡིན་པར་དཔེ་བཞག་སྟེ་བརྗོད་ཀྱི་ཡོད་པ་རེད། ཡང་དམག་དཔུང་ནས་རང་ཉིད་ཀྱིས་བཤོས་པའི་ཆུ་དེ་ཚུར་ལེན་ཐབས་མེད་པའི་དཔེ་ལྟར་རིན་ཐང་ཞིག་བཏང་དགོས་བྱུང་ཡོད། དེ་ཡང་ལྷ་སར་བྱུང་བའི་གཙུག་ལག་ཁང་གི་དྲུག་བདུན་དོན་རྐྱེན་ཟེར་བ་དང་བོད་ཀྱི་ས་ཆ་མང་པོའི་ནང་གསར་བརྗེར་ངོ་ལོག་ཟིང་ཆ་ཞོད་འཇགས་བཏང་བའི་དོན་རྐྱེན་ཟེར་བ་བརྒྱུད་པའི་རྗེས་རྒྱ་ཆེའི་ཡར་ལངས་ཞིང་བྲན་ཟེར་བའི་སེམས་ནང་དུ་དམག་མིའི་གཟུགས་བརྙན་དེ་སྔ་ནང་བཞིན་བསྡད་མེད་པ་རེད། སྤྱི་ལོ་༡༩༦༨ལོའི་ཟླ་དགུ་པར་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པའི་རྐྱེན་གྱིས་དམག་དོན་དོ་དམ་ཁང་གི་ལས་འགན་མཇུག་བསྒྲིལ་པ་རེད། ཡིན་ནའི་དམག་དཔུང་གི་བཙན་པོའི་རྔམ་འཇིགས་ཀྱི་ནུས་པ་སྔར་བཞིན་གནས་མུས་ཡིན་ཙང་དམག་མང་དབར་གྱི་ཆུ་དང་ཉ་མོ་ལྟ་བུའི་མཛའ་སེམས་ཟེར་བའི་ལྷ་སྒྲུང་འདི་ཐལ་བའི་རྡུལ་དུ་བསློགས་པ་རེད།

འདི་ནི་སྤྱི་ལོ་༡༩༥༩ལོརར་དཔུང་སྡེ་བཅོ་བརྒྱད་ཀྱིས་ཆབ་མདོའི་གཡུལ་གྱེད་ཟེར་བའི་རྗེས་འགོག་རྒོལ་ནང་ཞུགས་མཁན་གྱི་བོད་མིར་སྤྲད་པའི་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་བྲིས་པའི་མགོ་བཅོལ་འགུག་བསྐུལ་ལག་རྟགས་ཟེར་བ་འདི་རེད།

དེབ་འདིའི་ནང་གི་འདྲ་པར་དང་སྤྱིན་ཤོག་ཁག་སྐབས་དེ་དུས་ཤོག་བུའི་ཁུག་མ་འདིའི་ནང་དུ་བླུགས་ཡོད། གུས་མོའི་པཱ་ལགས་ཀྱིས་དེའི་སྟེང་སྟབས་བདེའི་ངང་འདྲ་པར་གྱི་ནང་དོན་གསལ་བཤད་གནང་འདུག

སྤྱི་ལོ་༡༩༦༨ ལོའི་ཟླ་བ་བཅུ་གཉིས་པར་རྒྱ་ནག་དབུས་གཞུང་གི་དམག་དོན་ཨུ་ཡོན་ལྷན་ཁང་ནས་བོད་དམག་ཁུལ་ཁང་འདི་བཞིན་དམག་ཁུལ་ཁང་ཆེ་གྲས་རིམ་པ་ནས་ཞིང་ཆེན་རིམ་པའི་དམག་ཁུལ་ཁང་ལ་དམའ་རུ་བཏང་སྟེ་་གྲན་རྡུ་དམག་ཁུལ་ཁང་གིས་འཛིན་སྐྱོང་བྱེད་རྒྱུ་བཟོས་ཡོད།

བསྐྱར་དུ་བློ་འགྱོད་ཆེན་པོ་ཡོང་བ་ཞིག་ནི་འདྲ་པར་མང་ཙམ་གྱི་ཐོག་ནས་དུས་ཚོད་འདིའི་རིང་གི་བོད་ཀྱི་ལོ་རྒྱུས་སྟོན་མ་ཐུབ་པ་དེ་ཡིན། དེའི་རྒྱུ་མཚན་ནི་གསར་བརྗེ་ཨུ་ཡོན་ལྷན་ཁང་ཐོག་མར་བཙུགས་པའི་སྐབས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་ལྟ་བའི་ཕྱོགས་སུ་ཡོད་པའི་བོད་དམག་ཁུལ་ཁང་གི་དམག་སྤྱི་ཙེང་གཡུང་ཡའ་ཡི་འགན་འཛིན་(ཀྲུའུ་རིན་)བྱས་ཡོད་པས་དུས་ཚོད་ཅིག་རིང་དམག་དཔུང་ནང་ཁུལ་གྱི་ཤོག་ཁའི་རང་བཞིན་གྱི་རྩོད་གཞིར་འཁྱོམ་ཞིག་ཐེབས་ཡོད་པར་བརྟེན་གུས་མོའི་པཱ་ལགས་ཚུད་པའི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ལྟ་བ་ལ་རྒྱབ་སྐྱོར་བྱ་མཁན་མི་བརྒྱ་ལྷག་ཙམ་ལ་ཞིབ་བཤེར་ནན་པོ་བྱས་ཏེ་རིམ་བཞིན་མཐར་ཕུད་བཏང་བ་རེད། སྤྱི་ལོ་༡༩༧༠ ལོའི་ལོ་སྟོད་ལ་གུས་མོའི་པཱ་ལགས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཤམ་འོག་རྫོང་ཞིག་ནང་གི་མི་དམངས་དྲག་ཆས་དཔུང་སྡེར་ལས་སྤོས་བཏང་བར་བརྟེན་ཁོང་ནས་བཟའ་ཟླ་བུ་ཕྲུག་དང་བཅས་པ་མཉམ་དུ་ཁྲིད་དེ་ལྷ་ས་ནས་ཁ་བྲལ་པ་རེད། ཡིན་ནའི་ལྷ་ས་ཡེ་ནས་བརྗེད་མི་ཐུབ་པར་ལོ་ངོ་ཉི་ཤུ་སོང་བའི་རྗེས་ཡང་བསྐྱར་ནང་མི་ཚོ་ཁྲིད་དེ་ཉིན་མཚན་ལྟོས་མེད་ཁོང་གི་བླ་སྲོག་དང་བྲལ་ཐབས་མེད་པའི་ལྷ་སར་བསྐྱར་དུ་ཕྱིར་ལོག་གནང་ཐུབ་པ་བྱུང་ཡོད་རུང་སྔོན་དཔག་དཀའ་བར་ལོ་ངོ་གཅིག་ལྷག་ཙམ་ནང་གློ་བུར་དུ་སྙུན་གཞི་ཕོག་སྟེ་འཇིག་རྟེན་འདི་ནས་སྔ་པོ་ནས་ཞལ་བྲལ་དགོས་བྱུང་བ་དང་སྐུ་ཕུང་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་དཔའ་བོའི་བང་སོ་ཁང་ནང་སྦས་འཇོག་བྱས་པ་རེད། བང་སོ་ཁང་དེའི་ནང་དེ་སྔོན་ཁོང་དང་མཉམ་དུ་དམག་དཔུང་ནང་ཞུགས་མཁན་གྱི་ཕ་ཡུལ་གཅིག་པ་མི་ཉུང་བ་ཞིག་ཡོད་ལ། ཡང་དེའི་ནང་རིག་གནས་གསར་བརྗེའི་དྲག་པོའི་འཐབ་རྩོད་ནང་སྲོག་ཤོར་བའི་དམར་སྲུང་དམག་ཀྱང་ཡོད་པ་རེད།