༄༅།། སྤྱི་ལོ་༡༩༥༠ ལོར་མའོ་ཙེ་ཏུང་གིས་དམག་དཔུང་མངག་གཏོང་བྱས་ཏེ་བོད་ནང་དཔུང་འཇུག་བྱས་པ་ནས་བཟུང་དམག་དཔུང་འདི་བཞིན་བོད་ལྗོངས་དབང་སྒྱུར་བྱེད་མཁན་གྱི་སྟོབས་ཤུགས་གཅིག་པུ་འདི་ཆགས་ཡོད། རྒྱ་ནག་གཞུང་ཕྱོགས་རང་ཉིད་ནས་ཕྱོགས་སྡོམ་བྱས་པའི་ལོ་བཅུའི་གོད་ཆག་ཟེར་བའི་སྐབས་ལ་ཡང་དམག་དཔུང་གིས་བོད་ས་ཡོངས་རྫོགས་སྔར་བཞིན་དབང་འཛིན་ནན་པོ་བྱས་ནས་ཡོད་པ་རེད། འདི་ནི་གལ་འགངས་ཆེན་པོ་ཡིན་པར་རྩིས་ནས་བསམ་བློ་བཏང་པ་ཞིག་ཡིན་པ་ལོས་ཡིན། དེ་ནི་དམག་གི་འཐབ་ཇུས་ཐོག་ནས་བོད་འདི་གནད་འགག་གི་ས་གནས་ཤིག་ཡིན་པའི་དབང་གིས་རེད། བསམ་གཞིགས་འདི་འདྲ་དོན་དམ་དུ་དུས་ད་ལྟ་ཡང་གནས་ཡོད་པས་སྔར་ནས་ད་བར་ལྷོད་གཡེང་སྤུ་ཙམ་གཏོང་མྱོང་མེད་པ་རེད།
ངར་ངར་རྫིག་རྫིག་གི་རིག་གནས་གསར་བརྗེ་ཆེན་པོ་དེས་རྒྱལ་ཁབ་ཀྱི་སྒྲིག་གཞི་མ་ལག་དང་བཅས་པ་ཚང་མའི་ནུས་པ་གང་མྱུར་ཤོར་བའི་རྐྱེན་མའོ་ཙེ་ཏུང་གིས་དམག་དཔུང་ལ་བཀའ་བཏང་སྟེ་རིམ་པ་ཁག་གི་སྲིད་དབང་རྩིས་ལེན་བྱེད་དགོས་པ་དང་བསྐྱར་དུ་སྤྱི་ཚོགས་ཀྱི་སྒྲིག་ལུགས་ཁག་སླར་གསོ་དགོས་པ་བརྗོད་ཡོད། དེར་བརྟེན་རྒྱ་ནག་ཡོངས་རྫོགས་དམག་དོན་དོ་དམ་འོག་ཚུད་ཡོད་པ་རེད་ལ། བོད་ལ་ཡང་དམིགས་བསལ་གང་ཡང་བྱུང་མེད། སྤྱི་ལོ་༡༩༦༧ ལོའི་ཟླ་༥ཚེས་༡༡ཉིན་དངོས་སུ་དམག་དོན་དོ་དམ་བཀག་སྡོམ་ལྷན་ཁང་བཙུགས་ཡོད་པར་བརྟེན་དམག་དཔུང་གིས་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ནང་གལ་ཆེའི་ནུས་པ་བཏོན་ཡོད་པ་མ་ཟད། ད་དུང་དམག་དཔུང་གིས་ལས་འགུལ་འདི་བཞིན་རྒྱ་སྐྱེད་དུ་བཏང་རོགས་བྱས་པའི་དབང་གིས་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོ་འདི་དེ་བས་རྙོག་འཛིང་ཅན་ལ་གྱུར་ཡོད་པ་རེད།
འོན་ཀྱང་དམག་དཔུང་གི་དམིགས་བསལ་གནས་སྟངས་དང་ལྷག་པར་དུ་བོད་ཀྱི་དམིགས་བསལ་རྒྱབ་ལྗོངས་ལ་གཞིགས་ན། དམག་དཔུང་གིས་ཁྱོན་ཡོངས་ནས་ལས་འགུལ་འདིའི་ནང་གང་འདྲ་བྱས་ཏེ་ཐེ་ཇུས་བྱས་ཡོད་པའི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་འཚོལ་ཞིབ་ཧ་ཅང་བྱེད་ཁག་པོ་རེད། དཔེར་ན་བོད་དམག་ཁུལ་ཁང་གི་སྒོ་རྭའི་ནང་འཛུལ་བར་ལག་འཁྱེར་དང་རྒྱུ་མཚན་ཚད་ལྡན་ཞིག་མེད་ན་དམག་མི་མང་པོས་མེ་མདའ་འཁྱེར་ནས་ཡོད་པའི་འགོག་སྲུང་དམ་པོའི་རྒྱལ་སྒོ་ཁག་ནས་ཐར་གྱི་མ་རེད། དེའི་ནང་འགྲོ་སྐྱོད་མི་ཆོག་པ་ཁག་མང་པོ་ཡོད་ལ། གང་སར་གསང་བ་ཡོད་པས་དོགས་གནས་ཧ་ཅང་ཆེ་བའི་གྱོད་གཞི་ཧ་ཅང་མང་པོ་ཞིག་གསང་བ་དམ་པོའི་ལྕགས་ཀྱི་ཡོལ་བའི་རྒྱབ་ལ་སྦས་ནས་བཞག་ཡོད་པ་རེད། གུས་མོས་འབད་བརྩོན་ཆེན་པོའི་ངང་གསལ་པོ་རྟོག་དཀའ་བའི་ཟུར་ཆ་འདི་ཕྱིར་འདོན་བྱ་ཐབས་བྱས་པ་འདི་རང་ཡིན།།
སྤྱི་ལོ་༡༩༦༦ལོའི་ཟླ་༨ཚེས་༡༩ཉིན་ལྷ་སར་མི་ཁྲི་ལྔ་ཙམ་ནས་རིག་གནས་གསར་བརྗེ་ཆེན་པོའི་རྟེན་འབྲེལ་ཚོགས་འདུའི་ཐོག་ཀྲང་གོ་ཧྭ་ཡི་བློ་སྟོབས་འཕེལ་ཞིང་དཔའ་ངར་ཆེར་སྐྱེད་ངང་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོ་བོད་ལྗོངས་ས་མཐོའི་སྟེང་སླེབས་པར་བསུ་བ་བྱེད་རྒྱུའི་རྣམ་འགྱུར་སྟོན་ཡོད། འདྲ་པར་འདི་ཏག་ཏག་ཚོགས་འདུ་འདིའི་ཐོག་གཏམ་བཤད་སྤེལ་བཞིན་པའི་ཀྲང་གོ་ཧྭ་ལ་བརྒྱབ་པ་རེད་འདུག ཁོ་པའི་དཔུང་པའི་ཐོག་དམར་སྲུང་དམག་ཟེར་བའི་དཔུང་རྟགས་བཏགས་ཡོད་པ་དང། དེ་ནི་བོད་རང་སྐྱོང་ལྗོངས་དགེ་འོས་སློབ་གྲྭའི་བོད་རིགས་དམར་སྲུང་དམག་ཅིག་གིས་སྡིངས་ཆའི་སྟེང་ཡོང་ནས་ཁོ་པར་བཏགས་ཡོད་པ་རེད། མིག་ཤེར་ནག་པོ་བརྒྱབ་པའི་ཀྲང་གོ་ཧྭ་ནས་གཏམ་བཤད་སྤེལ་བའི་ནང་སྐད་ཤུགས་ཆེན་པོས་ནན་བརྗོད་བྱས་པར། འབྱོར་ལྡན་གྲལ་རིམ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་འདུ་ཤེས་འཛིན་སྟངས། དེ་བཞིན་གོམས་སྲོལ་རྙིང་པ་དང་གོམས་གཤིས་རྙིང་པའི་སྟོབས་ཤུགས་སོགས་ལ་ཤུགས་དྲག་ཆེན་པོས་ཕར་རྒོལ་བྱེད་དགོས། གསར་བརྗེར་ངོ་རྒོལ་བྱེད་མཁན་གྱི་བཟོ་བཅོས་རིང་ལུགས་པ་དང་འབྱོར་ལྡན་གྲལ་རིམ་གྱི་གཡས་ཕྱོགས་པ། འབྱོར་ལྡན་གྲལ་རིམ་ལོག་སྤྱོད་དབང་གྲགས་བཅས་པ་ཡོངས་རྫོགས་གཏོར་འགྱེལ་གཏོང་དགོས་པ་དང་གཏོར་ཕམ་གཏོང་དགོས། ཁོང་ཚོའི་རྫིག་ཉམས་མེད་པ་བཟོས་ཏེ་དུས་ནམ་ཡང་ཁྲ་ལོག་རྒྱབ་བཅུག་རྒྱུ་མེད་པ་རེད་ཅེས་བརྗོད་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པར་ཟླ་བ་ཁ་ཤས་རྗེས་ཕར་རྒོལ་གྱི་དམིགས་འཕེན་འདི་ཁོ་པ་རང་ཉིད་ལ་གཏད་ཡོད་པ་རེད། སྤྱི་ལོ་༡༩༦༧ ལོའི་ཟླ་བ་ལྔ་པར་སེམས་ཤུགས་གཉིས་ངལ་གྱི་ཀྲང་གོ་ཧྭ་ཟི་ཁྲོན་ལ་ལས་གནས་འཕོ་འགྱུར་བྱས་ནས་ཟི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཨང་དང་པོ་འདིར་བསྐོ་བཞག་བྱས་ཡོད། སྤྱི་ལོ་༡༩༧༢ ལོའི་ཟླ་བ་གཉིས་པའི་ནང་གྲན་རྡུར་གློ་བུར་དུ་ཀླད་ཁྲག་འདྲེས་ནས་འདས་གྲོངས་ལ་སོང་ཡོད་པ་རེད། སྐབས་དེ་དུས་ཁོ་པ་ལོ་༥༨རེད་འདུག
འདྲ་པར་ཐོག་ཀྲང་གོ་ཧྭ་ཡི་རྒྱབ་ཕྱོགས་འདིར་ལངས་ནས་ཐལ་མོ་རྡེབ་བཞིན་པའི་ས་གནས་ཀྱི་དཔོན་རིགས་དེ་ནི་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་དྲུང་ཆེ་ཁང་གི་དྲུང་ཆེ་ཀྲའོ་རེན་ཧྲན་ཡིན་པ་རེད། ཀྲང་གོ་ཧྭ་བོད་ནས་ཁ་བྲལ་རྗེས་ཁོ་པ་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་དྲུང་ཆེ་ཨང་དང་པོའི་ཚབ་བྱས་ཡོད། ཁོ་པ་ནི་བོད་ཀྱི་རིག་གནས་གསར་བརྗེའི་སྐབས་དབང་ཆའི་འཐབ་རྩོད་ནང་གྱོང་གུན་ཕོག་པའི་ཆེས་མཐོའི་དཔོན་རིགས་གཉིས་ཀྱི་ནང་ནས་གཅིག་ཡིན་པ་རེད། དེ་མིན་གཞན་ཞིག་ནི་གླ་པ་རྒན་གྲས་ལ་རྩིས་པའི་དཔུང་སྡེ་བཅོ་བརྒྱད་ཀྱི་དམག་མི་ཡིན་ཞིང་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་བོད་ལ་ཐོག་མར་བཙུགས་པའི་རིག་གནས་གསར་བརྗེའི་འགོ་ཁྲིད་ཚོགས་ཆུང་ཟེར་བ་འདིའི་འགོ་ཁྲིད་ཝང་ཆི་མིན་ཡིན་པ་རེད། ཀྲའོ་རེན་ཧྲན་ནི་སྤྱི་ལོ་ ༡༩༥༦ ལོའི་ཟླ་བ་བཅུ་གཉིས་པར་ཨ་མདོ་མཚོ་སྔོན་ནས་བོད་རང་སྐྱོང་ལྗོངས་ནང་ལས་གནས་འཕོ་འགྱུར་བཏང་ཡོད། སྤྱི་ལོ་༡༩༦༧ ལོའི་ལོ་སྟོད་ལ་ཐོག་མའི་དབང་ཆ་འཕྲོག་མཁན་གྱི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་གནོན་ཤུགས་སྤྲོད་མཁན་གྱི་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་འགོ་ཁྲིད་གྲས་ཤིག་ཡིན་པ་རེད། འོན་ཀྱང་ཚབ་བྱེད་འགོ་ཁྲིད་ཀྱི་འགན་འཁུར་ལེན་པའི་རྗེས་མཉམ་འབྲེལ་བཀོད་འདོམས་ཁང་གིས་ཁོ་པ་ནི་ལིའུ་ཏེང་ལམ་ཕྱོགས་(ལིའུ་ཧྲའོ་ཇིའི་དང་ཏེང་ཞའོ་ཕིང་)ཟེར་བས་བོད་ལ་བཞག་པའི་འདྲེ་ལག་ནག་པོ་ཟེར་བ་ཡིན་པར་ངོས་འཛིན་བྱས་ཡོད་པ་མ་ཟད། ད་དུང་ཁོ་པའི་སྐྱེ་ཁུངས་དང་ཆབ་སྲིད་ཀྱི་རྒྱབ་ཕྱོགས་ལ་དོགས་གཞི་བྱས་ཡོད་པ་རེད། ཡང་ཀྲའོ་རེན་ཧྲན་ལ་ངོ་རྒོལ་བྱས་པའི་ལས་འགུལ་འདི་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་རན་རུང་གིས་ཇུས་བཀོད་བཏོན་པ་ཞིག་ཡིན་པ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བས་བརྗོད་པ་དང་འབྲེལ་དེའི་རྒྱབ་ཕྱོགས་ལ་ཀྲང་གོ་ཧྭ་ཡི་རྒྱབ་སྐྱོར་ཐོབ་ཡོད་པས་ཝང་ཆི་མིན་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས་དེའི་ཉེས་པ་ནི་ངོ་ལོག་པ་ཆེན་པོ་ཟེར་བ་ལིའུ་ཧྲའོ་ཆིའི་ཡི་བོད་ལ་ཡོད་པའི་ཚབ་ཆེད་མི་སྣ་ཟེར་བ་ཡིན་པ་བརྗོད་ཡོད། དུས་ཡུན་རིང་པོ་མ་སོང་བར་ཝང་ཆི་མིན་བཙོན་འཇུག་བྱས་ཏེ་ཡ་ང་སྙིང་རྗེ་མེད་པའི་སྡུག་སྦྱོང་མནར་གཅོད་བཏང་པའི་རྐྱེན་གྱིས་སྤྱི་ལོ་༡༩༦༧ ལོར་བཙོན་ཁང་ནང་རང་ཤི་རྒྱབ་ཡོད་པ་རེད། དེ་དུས་ལོ་ངོ་༥༣རེད་འདུག ཝང་ཆི་མིན་འདས་གྲོངས་ལ་སོང་བ་ཡིན་རུང་མཉམ་འབྲེལ་ཆེན་པོ་ཟེར་བ་མངོན་འགྱུར་ཡོང་བའི་ཆེད་གསར་བརྗེའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་དམག་དཔུང་དང་དེ་བཞིན་ཤོག་ཁག་གཉིས་ནས་ཐུན་མོང་ཐོག་ཀྲའོ་རེན་ཧྲན་དང་ཝང་ཆི་མིན་ལ་དགག་པ་རྒྱག་རྒྱུའི་གཏན་འཁེལ་བྱས་ཏེ་མི་སྣ་གཉིས་པོ་གསར་བརྗེའི་དགོས་མཁོ་ལྟར་མཆོད་སྟེགས་ཐོག་བསྐྱལ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད། སྤྱི་ལོ་༡༩༦༨ ལོའི་ཟླ་༩ཚེས་༧ཉིན་མི་དམངས་ཉིན་རེའི་ཚགས་པར་ཐོག་བོད་ལ་གསར་བརྗེའི་ཨུ་ཡོན་ལྷན་ཁང་བཙུགས་པའི་གནས་ཚུལ་སྤེལ་ནས་མི་དེ་གཉིས་ལ་འཐབ་རྩོད་མུ་མཐུད་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད།
སྤྱི་ལོ་༡༩༧༡ལོའི་ཟླ་བ་བརྒྱད་པར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་གུང་ཁྲན་ཚོགས་པའི་འཐུས་མི་ཚོགས་ཆེན་ལྷ་སར་ཚོགས་པ་བརྒྱུད་ཚོགས་ཆེན་ནས་མི་གཉིས་པོ་གུང་ཁྲན་ཚོགས་པ་ནས་ཕྱིར་བུད་བྱས་པའི་གསལ་བསྒྲགས་བྱས་ཤིང་། རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་ཀྲའོ་དང་ཝང་གཉིས་ལ་དག་སེལ་བྱུང་ཡོད། གཞི་ནས་སྡུག་རུས་འཁྱོལ་ཐུབ་པའི་ཀྲའོ་རེན་ཧྲན་ཤིང་ཅང་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་དྲུང་ཆེར་ལས་གནས་འཕོ་འགྱུར་བྱས་པ་དང་རྗེས་སུ་ཡང་པེ་ཅིང་དུ་བཏང་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ལས་ཀ་བྱས་པ་དང་། ད་ལྟ་ཚེ་འདས་ཟིན།
དུས་ཡུན་རིང་པོ་ཞིག་ནང་དམག་དཔུང་ཐོག་མར་བོད་ནང་འཛུལ་བའི་རྗེས་ཀྱི་གོམས་སྲོལ་དེ་རང་རྒྱུན་འཁྱོངས་བྱས་ནས་ཡོད་པར་བརྟེན་འགོ་རང་སྐྱོང་ལྗོངས་ནས་གྲོང་ཁྱེར་ལྷ་ས་དང་ས་གནས་ཁག གཤམ་འོག་རྫོང་ཁག་བཅས་ཀྱི་འགོ་ཁྲིད་གཙོ་བོ་ཕལ་ཆེ་བ་ཚང་མ་དམག་མིས་ལས་འགན་གཅིག་ལྕོག་འཁུར་ཡོད། དམག་དོན་ཅན་དུ་གྱུར་བའི་དོ་དམ་བྱས་པའི་རྐྱེན་གྱིས་མི་མི་རེ་ངོ་རེ་ནས་ངེས་པར་དུ་དོགས་ཟོན་ཆེར་བསྐྱེད་བྱས་ཏེ་རང་གི་ཉེ་འགྲམ་ལ་གྲལ་རིམ་དགྲ་བོ་འདོན་རྒྱུའི་སྔོན་འགོག་བྱེད་དགོས་ཀྱི་ཡོད་པ་རེད། འདི་ལྟ་བུའི་དམག་མིས་དབང་སྒྱུར་བྱས་པའི་གནས་སྟངས་འདི་མཐར་སྤྱི་ལོ་༡༩༨༦ ལོར་གཞི་ནས་མཇུག་བསྒྲིལ་པ་རེད།
སྐབས་དེ་དུས་བོད་དམག་ཁུལ་ཁང་གི་ཚན་པའི་ནང་ལས་ཀ་བྱེད་མྱོང་ཡོད་པའི་བོད་མི་ཞིག་གིས་དམག་དཔུང་ནང་ཤོག་ཁག་གཉིས་སམ་ཡང་ན་ཤོག་ཁག་གཉིས་ཀྱི་ལྟ་བར་ཕྱོགས་པའི་གནས་ལུགས་ཁག་ངོ་སྤྲོད་གནང་དོན། སྐབས་དེ་དུས་གཏན་འབེབས་ཁ་གསལ་བྱས་ཡོད་པ་ངས་དྲན་གསོས་ཀྱི་འདུག དམག་དཔུང་ནང་གི་རིག་རྩལ་ལས་ཀ་བྱེད་མཁན་དང་ལུས་རྩལ་ལས་ཀ་བྱེད་མཁན་གྱི་དམག་མི་ཡིན་ན་མཉམ་ཞུགས་བྱེད་ཆོག་གི་ཡོད་རུང༌། རྒྱུན་ལྡན་གྱི་དམག་དཔུང་ངོས་ནས་ལྷག་པར་དུ་དམག་དཔུང་གི་ཚན་པ་ནས་དེ་བས་ཁྱོན་ཡོངས་ཀྱི་གནས་སྟངས་ལ་བརྩི་འཇོག་བྱེད་དགོས་པ་ལས་ས་གནས་ཀྱི་ཤོག་ཁག་འཐབ་རྩོད་ནང་མཉམ་ཞུགས་བྱེད་ཆོག་གི་མེད། ཡིན་ནའི་འཐབ་རྩོད་ཉིན་རེ་བཞིན་ཛ་དྲག་རུ་ཕྱིན་ཡོད། ཡང་དམག་དཔུང་གི་ཚན་པ་ཡོངས་རྫོགས་ནས་ཐེ་ཇུས་བྱེད་ཡག་འདི་ག་དུས་ནས་འགོ་བཙུགས་པ་ཡིན་ནམ་ཞེ་ན། དེ་ནི་ས་གནས་ལ་ཤོག་ཁག་གཉིས་ཐོན་པའི་རྗེས་ལ་ཡིན་པ་རེད། དམག་སྒར་གྱི་ཚན་པ་ཁག་བཞི་སྟེ། དམག་སྤྱི་ཁང་དང་ཆབ་སྲིད་ཁང༌། རྒྱབ་ཕྱོགས་ཞབས་ཞུ་ཁང༌། དེ་བཞིན་སྣེ་ལེན་ཚན་པ་བཅས་ཚང་མ་རིག་གནས་གསར་བརྗེའི་ནང་མཉམ་ཞུགས་བྱས་ཡོད་པར་བརྟེན་ལམ་སེང་ཤོག་ཁག་གཉིས་བྱུང་པ་དང༌། ལྷག་པར་དུ་དམག་སྤྱི་ཁང་དང་ཆབ་སྲིད་ཁང༌། རྒྱབ་ཕྱོགས་ཞབས་ཞུ་ལས་དོན་ཁང་ཁག་རེད། དམག་སྒར་ནང་གི་ཤོག་ཁག་གཉིས་དང་ས་གནས་ཀྱི་ཤོག་ཁག་གཉིས་ཀྱི་ལྟ་བ་འདྲ་པོ་ཡོད་ལ། དེ་ཡང་ཀྲང་གོའོ་ཧྭ་དབྱེ་མཚམས་བྱེད་ཀྱི་ཡོད། ཤོག་ཁག་ཅིག་གིས་ཀྲང་གོའོ་ཧྭ་ཁས་ལེན་བྱེད་པ་དང་ཤོག་ཁག་ཅིག་གིས་ཀྲང་གོའོ་ཧྭ་ཁས་ལེན་བྱེད་ཀྱི་མེད།
དམག་དཔུང་ནང་གྱེན་ལོག་སྤྱི་ཁབ་ཁང་ཟེར་བར་རྒྱབ་སྐྱོར་བྱེད་མཁན་ཡང་ཡོད་པ་ཡིན་རུང༌། མི་མང་པོ་མེད། དེར་བརྟེན་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བས་ཧམ་ཤེད་བཙན་དབང་ཆེ་དྲགས་པའི་དབང་གིས་དམག་དཔུང་ནང་གི་མི་མང་ཆེ་བས་དགའ་པོ་མི་བྱེད་པ་ཆགས་ཡོད། གོང་དུ་བཤད་པ་བཞིན་ཤོག་ཁག་གཉིས་ཀྱི་འཐབ་རྩོད་ཐོག་མ་འདི་དམག་དཔུང་གི་དྲག་གནོན་འོག་གྱེན་ལོག་ཤོག་ཁག་ལ་ཕམ་ཉེས་བྱུང་བར་བརྟེན་སྤྱི་ལོ་༡༩༦༧ལོའི་ཟླ་༣ཚེས་༥ཉིན་ལྷ་སར་འབྱོར་ལྡན་གྲལ་རིམ་གྱི་ལོག་སྤྱོད་ལམ་ཕྱོགས་མཐར་ཕྱིན་པའི་སྒོ་ནས་ཐལ་བའི་རྡུལ་དུ་བསློག་པའི་དཔུང་འཇུག་དམ་བཅའི་ཚོགས་ཆེན་སྐོང་ཚོགས་བྱས་པ་དང་དེ་རྗེས་གྲོང་ཁྱེར་ཡོངས་ནང་ཁྲོམ་སྐོར་བྱས་ཡོད། གྱེན་ལོག་སྤྱི་ཁྱབ་ཁང་ཕུད་དམག་དཔུང་དང་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་གཙོ་བོ་བྱས་པའི་ལས་རིགས་ཁག་གི་མང་ཚོགས་ཀྱིས་དགྲ་ལ་མཉམ་སྡང་བྱེད་ཀྱི་ཡོད་པ་རེད། འདྲ་པར་འདི་ཚོ་ནི་དམག་དཔུང་གིས་ཁྲོམ་སྐོར་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ཡིན་པ་དང་དབང་ཆ་འཕྲོག་རྩིས་བྱེད་མཁན་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་འཇིགས་སྣང་སྐུལ་དགོས་བསམ་ཡོད་པ་རེད།
ཕྱི་ཚུལ་ནས་བལྟས་ན། འདི་ནི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དང་བོད་ཀྱི་དམག་དཔུང་ནང་གི་རྙིང་ཞེན་པའི་སྟོབས་ཤུགས་དབར་ཐད་ཀར་འགལ་ཟླ་བྱུང་བ་ཐོག་མ་དེ་རེད། རྒྱ་ནག་གི་ས་གནས་གཞན་གྱི་གནས་ཚུལ་དང་བསྡུར་ན་དོན་དངོས་ཐོག་འདི་ནི་གོམ་སྟབས་གཅིག་གྱུར་གྱི་བྱ་སྤྱོད་ཅིག་་རེད།
དེ་ཡང་ཏག་ཏག་མའོ་ཙེ་ཏུང་གིས་དམག་དཔུང་ལ་བཀའ་བཏང་སྟེ་གཡོན་ཕྱོགས་ལ་རྒྱབ་སྐྱོར་ཟེར་བ་བྱེད་དགོས་པ་བརྗོད་པ་དང༌། དམག་དཔུང་གིས་རིམ་པ་ཁག་གི་སྲིད་དབང་རྩིས་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་མ་ལག་ཁག་བསྐྱར་གསོ་ཐུབ་པ་བྱས་པ་དེས་རྒྱ་ནག་གི་ས་གནས་ཁྱོན་ཡོངས་ལ་དམག་དོན་བཀག་སྡོམ་གྱི་བྱ་སྤྱོད་རབ་དང་རིམ་པ་བྱུང་བ་རེད།
རྟེན་འབྲེལ་གྱི་ཚོགས་ཆེན་མཇུག་བསྒྲིལ་པའི་རྗེས་ལྷ་སའི་བུད་མེད་དང་བྱིས་པ། དེ་བཞིན་ཁྱབ་ཁོངས་ཁག་གི་མང་ཚོགས་ཚོས་མའོ་ཡི་འདྲ་པར་དང་མའོ་ཡི་གསུང་བཏུས། སྐར་ལྔའི་དར་དམར་བཅས་མཐོན་པོར་སྒྲེང་སྟེ་གོ་རིམ་ལྟར་དབང་འཛིན་པ་ཚོ་ཡོད་སའི་སྡིངས་ཆའི་མདུན་ནས་སྐྱོད་བཞིན་ཡོད།
བརྒྱད་གཅིག་ཟེར་བའི་དར་དམར་དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་བོད་དམག་ཁུལ་ཁང་ཟེར་བའི་ཡི་གེ་བྲིས་པའི་འཕྲེད་དར་འཕྱར་བའི་ཁྲོམ་སྐོར་བྱ་མཁན་གྱི་དམག་དཔུང་ལྷ་སའི་ཁྲོམ་གཞུང་ཁག་གི་ཐོག་སྐྱོད་བཞིན་ཡོད་པ་དེས་དམག་དཔུང་གི་རྫིག་ཉམས་དང་མཐར་ཕྱིན་པའི་སྒོ་ནས་གཡོན་ཕྱོགས་ལ་རྒྱབ་སྐྱོར་ཟེར་བ་བྱེད་རྒྱུའི་སེམས་ཤུགས་མངོན་པར་བྱས་ཡོད།
ཉིན་མོ་འདི་ནི་ཉི་འོད་རྣམ་པར་འཕྲོ་བའི་ཉིན་མོ་ཞིག་རེད་འདུག ཉི་འོད་འོག་མེ་མདའི་རྩེ་གྲི་མང་པོ་འདི་རྣམས་འགྲམ་གྱི་ཤིང་སྡོང་ལས་མང་བ་འདུག་པས་དེ་བས་ནགས་ཚལ་སྟུག་པོ་དང་འདྲ་ཞིང༌། ཡིན་ནའི་ཤིང་སྡོང་གིས་མེ་མདའི་རྩེ་གྲི་ནང་བཞིན་འདི་ལྟ་བུའི་འོད་རྒྱབ་སྟེ་མི་ཚོ་གྲང་ཤུར་སྙིང་འདར་རྒྱབ་དགོས་པའི་འོད་ཅིག་མེད་པ་རེད། ཕྱོགས་གཅིག་ལ་གྲང་འོད་ཆེམ་ཆེམ་གྱི་རྩི་གྲི་བསྒར་པའི་མེ་མདའ་འདི་ལག་པར་མའོ་ཙེ་ཏུང་གི་གསུང་བཏུས་འཁྱེར་ཞིང་སྐད་ཤུགས་ཆེན་པོས་འབོད་ཚིག་སྒྲོག་བཞིན་ཡོད་པའི་གཞོན་སྐྱེས་དམག་མི་ཚོའི་དཔུང་པར་འཁྱེར་ཡོད། འདྲ་པར་འདི་དཀར་པོ་ནག་པོ་ཡིན་རུང་གྲངས་ལས་འདས་པའི་ཚོན་མདོག་དམར་པོའི་དེབ་ཆུང་དང་གྲང་འོད་ཆེམ་ཆེམ་གྱི་རྩེ་གྲི་འདིས་རྣམ་པ་གང་འདྲ་ཞིག་ཡོང་གི་ཡོད་མེད་འཆར་སྣང་ཡོང་ཐུབ་པ་ཞིག་རེད།
གོམ་བགྲོད་བྱེད་བཞིན་པའི་དམག་མི་མང་པོ་དེ་འདྲའི་ནང་སུ་ཞིག་བོད་མི་ཡིན་པ་དང་གདོང་པ་གང་འདྲ་ཞིག་རྒྱ་མིའི་གདོང་པ་ཡིན་མིན་ངོ་ཤེས་ཀྱི་མི་འདུག མ་རེད། དངོས་གནས་བྱས་ན་སྐབས་དེ་དུས་མི་རིགས་དང་གྲལ་རིམ་གྱི་གདོང་པའི་དབྱེ་མཚམས་འདི་ནས་བརྒལ་ཞིང་། འདི་ནི་གསར་བརྗེའི་དམག་མིའི་གདོང་པ་ཡིན་པ་རེད། འདྲ་པར་འདི་ཚོ་རྒྱབ་མཁན་ནི་བོད་པ་ཞིག་ཡིན་པ་ང་ཚོས་ལོས་གསལ་པོ་བརྗོད་ཐུབ་ཅིང་། འོན་ཀྱང་ཁོང་ཡང་གསར་བརྗེའི་དམག་མི་ཞིག་རེད་ལ། ད་དུང་ང་ཚོས་གསལ་པོ་རྟོགས་ཐུབ་པ་ཞིག་ལ། དེའི་རྗེས་འདི་ལྟ་བུའི་གནས་སྟངས་ཏེ་མེ་མདའ་ཕྲག་པར་ཁུར་ཞིང་མདེལ་ཤུབས་རྐེད་པར་དཀྲིས་པའི་དམག་མིས་ལྷ་ས་གྲོང་ཁྱེར་ཡོངས་ལ་ཁྲོམ་སྐོར་བྱས་པའི་རྣམ་པ་རྟག་ཏུ་མཐོང་རྒྱུ་ཡོད་པ་རེད།
འདྲ་པར་བཞི་པོ་འདི་རྣམས་ཀྱི་ཁྲོད་ནས་གསར་བརྗེའི་དམག་དཔུང་གི་དོ་ཟླ་བྲལ་བའི་རྣམ་པ་འདི་བསྟན་ཡོད། བརྗིད་རྔམ་ལྡན་པའི་དམག་དཔུང་དང་བརྗིད་རྔམ་ལྡན་པའི་བཅིངས་འགྲོལ་རྟགས་ཅན་གྱི་མོ་ཀྲ་བཅུ་གྲངས་ལས་གྲུབ་པའི་མོ་ཀྲའི་རུ་ཁག དེ་བཞིན་དམག་དཔུང་རྗེས་ཀྱི་མེ་སྒྱོགས་བཅས་མའོ་ཙེ་ཏུང་གི་འདྲ་པར་ཆེན་པོ་དེས་ལམ་བཤང་པའི་རུ་སྟར་ཁྲོད་ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་དང་རྣ་བ་འོན་འོན་དུ་སྒྲོག་པའི་སྐད་པར་ཆེན་པོ་དང་མཉམ་དུ་གསར་བརྗེའི་མང་ཚོགས་ཟེར་བས་གྱང་ལྟ་བུ་གཡས་གཡོན་དུ་ལངས་ནས་ཡོད་པའི་རུ་སྟར་བརྒྱུད་དེ་མི་དམངས་ལམ་སྟེང་ཁར་ཐུག་ཏུ་ཡོང་ནས་ལྗོངས་ཏང་ཨུད་སྲིད་གཞུང་གི་སྒོ་རྭ་ཆེན་མོའི་ (ད་ལྟའང་འདི་གར་གནས་ཡོད།) མདུན་ནས་གཡས་ངོས་སུ་ཁ་སྐོར་འགྲོ་ཡི་ཡོད། འདྲ་པར་བཞི་པོ་འདི་རྣམས་ལྗོངས་ཏང་ཨུད་སྲིད་གཞུང་གི་སྒོ་རྭའི་རྒྱལ་སྒོའི་སྟེང་ནས་གཤམ་འོག་ལ་རྒྱབ་པ་ཞིག་རེད་འདུག་པས་དེ་ནི་ཡང་གུས་མོའི་པཱ་ལགས་དམག་མི་ཡིན་པའི་དབང་གིས་དམིགས་བསལ་ཆོག་མཆན་རགས་པ་ཞིག་རེད།
གསུང་བཏུས་ཀྱི་སྒོ་བྱང་ཆེན་པོ་ཕུད་ཐ་ན་སྣུམ་ནག་གི་ལམ་ཆེན་ཐོག་ལའང་བཀྲག་རྩིས་བྲིས་པའི་སྦྱར་ཡིག་ཕན་ཚུན་འབྲེལ་ནས་ཁེངས་ཡོད་པ་རེད་འདུག གསལ་ལ་མི་གསལ་གྱིས་ངོས་འཛིན་པ་ནི་མཐར་ཕྱིན་པའི་སྒོ་ནས་གཉིས་དགུ་དམར་གསོད་དོན་རྐྱེན་གྱི་ཉེས་ཅན་གཏེ་པོ་སྟོན་དགོས་ཟེར་བ་དང༌། ད་དུང་ཆ་མི་ཚང་བའི་ཡི་གེའི་ནང་དོན་དཔེར་ན་དམག་ཁུལ་ཁང་ཏང་ཨུད་ནང་གི་མི་ངན་ཁག་ཅིག་གིས་ཟེར་བ་དང་ཡང་དམར་སྲུང་དམག་གི་དམག་སྤྱི་ཁང་ཨང་གསུམ་པ་ཟེར་བ་བཅས་འདུག
གང་ཞིག་ལ་གཉིས་དགུ་དམར་གསོད་ཀྱི་དོན་རྐྱེན་ཟེར་བ་བརྗོད་ཀྱི་ཡོད་དམ་ཞེ་ན། <<རྒྱ་ནག་གུང་ཁྲན་གཞུང་གི་བོད་ཀྱི་གུང་ཁྲན་ཚོགས་པའི་ལོ་རྒྱུས་དོན་ཆེན་ཟིན་ཐོ།>> ཞེས་པའི་ཡིག་ཆར་ལྟ་ཞིབ་བྱས་ན་དོན་ཚན་འདི་འདྲ་ཞིག་མཐོང་རྒྱུ་ཡོད། (སྤྱི་ལོ་༡༩༦༧ལོའི་)གཉིས་དགུའི་རྒྱལ་སའི་དམར་སྲུང་དམག་དང་ལྷ་སའི་མང་ཚོགས་ཀྱི་སྒྲིག་འཛུགས་ཁག་ཅིག་གི་ཚོགས་མི་ནས་དམག་ཁུལ་ཁང་ནང་གདོང་མཆོངས་བྱས་ཏེ་ཀྲང་གོ་ཧྭ་ཐེར་བཏོན་བྱེད་པར་ཕྱིན་པ་རེད། ཡང་རྒྱལ་སའི་དམར་སྲུང་དམག་བཅུ་གྲངས་དང་མང་ཚོགས་སྒྲིག་འཛུགས་ཁག་ཅིག་གི་ཚོགས་མིས་དམག་ཁུལ་ཁང་གི་སྒོ་རྭ་ཆེན་མོའི་ནང་གདོང་མཆོངས་བྱས་ཏེ་ཁོ་པ་ཚོས་སྤེལ་བའི་གཉིས་ལྔའི་དབང་ཆ་འཕྲོག་པ་ཟེར་བ་དེར་དམག་ཁུལ་ཁང་གིས་འགོ་ཁྲིད་ནས་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་བཏོན་ཡོད་ལ། ཆུ་ཚོད་བཅུ་ལྷག་ཙམ་རིང་ཀྲང་གོ་ཧྭ་གཏོར་ཕམ་གཏོང་དགོས་ཟེར་བ་བཏོན་ནས་བསྡད་ཡོད་པ་རེད། སྦྱར་ཡིག་འདི་དག་ནི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བས་གཙོ་བོ་བྱས་པའི་མང་ཚོགས་སྒྲིག་འཛུགས་ཟེར་བས་བྲིས་པ་ཞིག་ཡིན་པ་གསལ་པོ་རེད།
ཡིན་ནའི་དམར་སྲུང་དམག་དམག་སྤྱི་ཁང་གསུམ་པ་ཟེར་བ་འདི་རྒྱལ་སའི་དམག་སྤྱི་ཁང་གསུམ་པ་ཟེར་བ་དེ་ཡིན་ནམ། རྒྱལ་སའི་དམག་སྤྱི་ཁང་གསུམ་པ་ཟེར་བ་ནི་རྒྱལ་སའི་སློབ་གྲྭ་ཆེན་མོ་དང་ཆེད་ལས་སློབ་གྲྭའི་དམར་སྲུང་དམག་གི་གསར་བརྗེའི་གྱེན་ལོག་དམག་སྤྱི་ཁང་ཟེར་བར་བརྗོད་ཀྱི་ཡོད། སྐབས་དེ་དུས་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པའི་དམར་སྲུང་དམག་གི་སྒྲིག་འཛུགས་གྲས་ཤིག་ཡིན་པ་དང་ལྷ་སར་ཡང་དེའི་འབྲེལ་མཐུད་ལས་ཁུངས་ཤིག་བཙུགས་ཡོད་པ་རེད།
སྐབས་དེ་དུས་ཀྱི་ལྷ་སར་ཁང་པ་ཉུང་ལ་ཁང་པ་འཛུགས་སྐྲུན་མང་པོ་བྱས་མེད་པས་ཚང་མ་དམའ་པོ་ཡིན་པ་རེད། འདིར་དམག་སྒར་ལྟ་བུའི་མཐོང་སྣང་དོད་པོ་མེད་པའི་ཁང་པ་ཁག་ཅིག་ཡོད་ཀྱང་ང་ཚོས་རྒྱང་རིང་ནས་མི་དམངས་ལམ་གྱི་མཐའ་མ་བར་ཐད་ཀར་ལྟ་དུས་བོད་པའི་ཁྱད་ཆོས་ལྡན་པའི་ལྷ་ལྡན་གཙུག་ལག་ཁང་མཇལ་ཐུབ་ཀྱི་འདུག་ལ། ལྷ་ལྡན་གཙུག་ལག་ཁང་ནི་ནམ་མཁའི་དབྱིངས་སུ་རིམ་བཞིན་འཛུལ་བའི་རི་ཚོགས་ལྟ་བུ་རྒྱང་རིང་ལ་གནས་འདུག
བཅིངས་འགྲོལ་རྟགས་ཅན་གྱི་མོ་ཀྲ་རེ་རེའི་རྗེས་སུ་ཡོད་པའི་མེ་སྒྱོགས་ལས་དམག་དཔུང་གི་གོ་མཚོན་སྒྲིག་ཆས་ཆ་ཚང་པོ་ཡོད་པ་མངོན་པར་བྱས་ཡོད། དོན་དངོས་ཐོག་དེ་དང་མཉམ་དུ་ཡོད་པའི་དྲག་པོའི་འཐབ་རྩོད་ནང་དམག་དཔུང་གཡོལ་ཐབས་བྲལ་ནས་མཉམ་ཞུགས་བྱས་ཡོད་པ་དང༌། དེ་བཞིན་དམག་དཔུང་ལ་དབང་བའི་མཚོན་ཆ་ཡང་གཡོལ་ཐབས་བྲལ་བའི་ངང་ཕྱི་ལ་ཤོར་ཡོད་པ་རེད། དེར་བརྟེན་གསར་བརྗེའི་ཐལ་ཆ་ཆེ་དྲགས་པའི་དྲག་ཤུགས་འདི་ཛ་དྲག་རུ་དང་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། གང་ལྟར་མངོན་འཕྲོག་ལྐོག་སྐྱེལ་ཟེར་བ་ཡིན་ན་ཡང་འདྲ། ཡང་ན་བཀག་ཐབས་མེད་པའི་ཤོག་ཁག་གཉིས་ཀྱི་མང་ཚོགས་སྒྲིག་འཛུགས་ཟེར་བས་འཕྲོག་བཅོམ་བྱས་པ་ཡིན་ནའང་འདྲ། གང་ལྟར་མཚོན་ཆ་བྱུང་བ་ནས་ཁྲག་དྲི་བྲོ་བའི་དམར་གསོད་བྱས་པ་དེས་ཤོག་ཁག་གཉིས་ཀྱི་དྲག་པོའི་འཐབ་རྩོད་བྱེད་པའི་ནང་དམག་དཔུང་གི་འཁྲབ་བྱའི་རྣམ་པ་དེ་ཧ་ཅང་གི་གསལ་ལ་མི་གསལ་ཞིག་བྱུང་ཡོད།
འདྲ་པར་འདིའི་ཐོག་དོ་སྣང་བྱེད་དགོས་པ་ཞིག་ལ་བཅིངས་འགྲོལ་དམག་གི་མེ་སྒྱོགས་མོ་ཀྲ་བརྒྱུད་སའི་ལམ་བར་ལ་ཡོད་པའི་ཁང་པ་སྟར་པ་དེའི་སྟེང་གི་སྦྱར་ཡིག་ཁ་ཤས་ཡོད་པ་དེ་ཚོའི་ནང་སྦྱར་ཡིག་གཅིག་གི་སྟེང་འདི་ལྟར་བྲིས་ཡོད་པ་སྟེ། ཟླ་༢ཚེས་༡༧ཉིན་གྱེན་ལོག་སྤྱི་ཁྱབ་ཁང་གིས་ཚོང་ཁང་ནང་གདོང་མཆོངས་བྱས་པ་འདི་ལྐོག་གཡོ་ཆེན་པོ་ཞིག་རེད་ཅེས་འཁོད་བཞག གནས་ཚུལ་གང་འདྲ་བྱས་ནས་བྱུང་བ་རེད་དམ་ཞེ་ན། <<རྒྱ་ནག་གུང་ཁྲན་གཞུང་གི་བོད་ཀྱི་གུང་ཁྲན་ཚོགས་པའི་ལོ་རྒྱུས་དོན་ཆེན་ཟིན་ཐོ།>> ཟེར་བའི་ནང་འཁོད་པར། ལྷ་སའི་མང་ཚོགས་ཀྱི་སྒྲིག་འཛུགས་བྱས་ནས་ཚེས་༡༧ཉིན་དམག་ཁུལ་ཁང་གི་སྤྱི་ཁྱབ་སྨན་ཁང་ལ་སྨན་བཅོས་བྱེད་བཞིན་པའི་ཝང་ཆི་མིན་འཛིན་ཏེ་འཐབ་རྩོད་བྱ་རྒྱུར་ཕན་ཚུན་རྩོད་རེས་བྱས་པ་དང་དེ་རྗེས་རྒྱ་ནག་གཞུང་ནས་ཝང་ཆི་མིན་པེ་ཅིང་དུ་ཡོང་དགོས་པའི་ཐག་གཅོད་བྱས་ཡོད་པ་རེད་ཅེས་འཁོད་ཡོད། དེ་འདྲ་ཡིན་དུས་མང་ཚོགས་ཀྱི་སྒྲིག་འཛུགས་ཟེར་བའམ་ཡང་ན་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དེས་ཉིན་མོ་དེ་རང་ལ་ལས་འགུལ་ཁ་ཤས་སྤེལ་ཡོད། དེའི་ནང་ཚོང་ཁང་ལ་གདོང་མཆོངས་བྱས་པ་དེའང་ཚུད་ཡོད་པ་རེད། ལས་འགུལ་རབ་དང་རིམ་པ་སྤེལ་བ་འདིའི་ཐོག་ནས་མངོན་ཚུལ་དྲང་པོ་ཞིག་དང་ནུས་ལྡན་གྱི་བྱ་ཐབས་བཟུང་རྒྱུ་ཞིག་སྐུལ་སྤེལ་ཡོང་ངེས་པའི་ཐོག་ནས་དམག་དོན་དོ་དམ་ཁང་བཙུགས་དོན་དེ་ནས་གསལ་པོ་མངོན་ཡོད་པ་རེད།
སྤྱི་ལོ་༡༩༦༧ལོའི་ཟླ་བ་གསུམ་པའི་ཟླ་སྟོད་ལ་དང་ཐོག་དམག་ཁུལ་ཁང་གིས་ས་གནས་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གཞུང་ལས་ཁང་ཟེར་བ་གསར་བཙུགས་བྱས་ནས་དམག་ཁུལ་ཁང་གི་གུང་ཁྲན་ཚོགས་པའི་རྒྱུན་ལས་དང་ཆབ་སྲིད་ལས་དོན་ཁང་གི་འགོ་ཁྲིད་དབྱིན་ཧྥ་ཐང་འགན་འཛིན་ལ་བསྐོ་བཞག་བྱས་ཏེ་གཤམ་འོག་ལ་ཞིང་འབྲོག་དང་བཟོ་ལས་འགྲིམ་འགྲུལ༌། རིག་གནས་གསར་བརྗེ། སྲིད་ཁྲིམས་བཅས་ཀྱི་ཚོགས་ཆུང་ཁག་བཙུགས་ཡོད། དེ་རྗེས་ས་གནས་ཁག་(གྲོང་ཁྱེར་)ནང་ལ་ཡང་རིམ་པས་གཞུང་ལས་ཁང་དེ་རིགས་བཙུགས་པ་རེད། ཟླ་༣ཚེས་༧ཉིན་<<བོད་ལྗོངས་ཉིན་རེའི་ཚགས་པར།>> ཐོག་དམག་ཁུལ་ཁང་གིས་ཟླ་༣ཚེས་༣ཉིན་བཏང་བའི་བཀའ་རྒྱ་བཀོད་ནས་དེའི་ནང་གཏན་འབེབས་བྱས་དོན་ལ། གསར་བརྗེའི་མང་ཚོགས་ཟེར་བ་དང་མང་ཚོགས་ཀྱི་སྒྲིག་འཛུགས་ཟེར་བ་ཚང་མས་དམག་ཁུལ་ཁང་གི་དམག་དོན་རྩིས་ལེན་ལས་དོན་ལ་རོགས་སྐྱོར་བྱེད་དགོས་པ་བརྗོད་ཡོད། མུ་མཐུད་ཟླ་༥ཚེས་༡༡ཉིན་བོད་ལྗོངས་དམག་དོན་དོ་དམ་ལྷན་ཁང་གསར་བཙུགས་བྱས་པ་དང་ཀྲང་གོ་ཧྭ་འགན་འཛིན་གཙོ་བོ་དང་རན་རུང་དང་གྲེན་མིན་དབྱིས་གཉིས་འགན་འཛིན་གཞོན་པར་བསྐོ་བཞག་བྱས་ཡོད། ཁོང་ཚོ་ཚང་མ་ནི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བར་ལྟ་བའི་ཐོག་ནས་རྒྱབ་སྐྱོར་བྱ་མཁན་གྲས་ཡིན་པ་རེད།
སྦྱར་ཡིག་ཆེན་པོ་འདིའི་ཐོག་སྤྲོ་སེམས་འཁོལ་བའི་ངང་ནས་བོད་རང་སྐྱོང་ལྗོངས་ཀྱི་དམག་དོན་དོ་དམ་ལྷན་ཁང་དབུ་བརྙེས་པར་རྟེན་འབྲེལ་ཞུ་ཟེ་བྲིས་ཡོད། དེའི་རྗེས་སུ་མུ་མཐུད་ནས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཤོག་ཁའི་མཉམ་འབྲེལ་ཆེན་པོའི་གྱེན་ལོག་སྤྱི་ཁྱབ་བཀོད་འདོམས་ཁང་ཟེ་བྲིས་པའི་ཡིག་བྱང་དཔུར་པར་འཁུར་ནས་ཡོང་མཁན་ནི་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ཚོགས་མི་རེད། ཁོང་ཚོ་རང་སྐྱོང་ལྗོངས་ཀྱི་འབྲེལ་གཏུག་མགྲོན་ཁང་ཟེར་བའི་(དེང་སང་གི་མགྲོན་བསུ་ཁང་ཟེར་བ་འདི་རེད།)ཁུལ་དུ་ཡོད། སྐབས་དེ་དུས་དམག་དོན་དོ་དམ་ཁང་ནི་འབྲེལ་གཏུག་མགྲོན་ཁང་ཟེར་བ་འདིའི་ནང་བཙུགས་ཡོད་པ་དང༌། དེར་དམག་ཁུལ་ཁང་གི་དམག་སྤྱི་ཁང་དང་ཆབ་སྲིད་ཁང༌། འབྲེལ་མཐུད་ཁང༌། རྒྱབ་ཕྱོགས་ཁང་བཅས་ནས་འདེམས་ཐོན་བྱུང་བའི་མི་སྣ་ཕལ་ཆེར་བརྒྱ་ཉིས་བརྒྱ་ཡོད་པ་རེད། དེར་དྲིལ་བསྒྲགས་ཚོགས་ཆུང་དང་ཐོན་སྐྱེད་ཚོགས་ཆུང་སོགས་དབྱེ་བ་ཕྱེས་ཡོད་པ་རེད་ལ། ད་དུང་རང་ཉིད་ཀྱི་ཚགས་པར་ <<ས་མཐོའི་དམག་མིའི་ཚགས་པར།>> ཟེར་བ་ཡང་ཡོད་པ་རེད། དེ་བཞིན་རྒྱང་བསྒྲགས་བྱེད་པའི་དྲིལ་བསྒྲགས་ཀྱི་མོ་ཀྲ་གཅིག་ཡོད་པ་འདི་སྤྱི་ལོ་༡༩༦༢ལོར་རྒྱ་དཀར་ནག་གཉིས་དབར་ལ་དམག་འཁྲུག་སྐབས་མཐའ་མཚམས་ལ་ཡོད་པའི་རྒྱ་གར་གྱི་དམག་མིའི་བློ་སེམས་དཀྲུག་ཆེད་བེད་སྤྱོད་བྱེད་པའི་དྲིལ་བསྒྲགས་མོ་ཀྲ་ཞིག་ཡིན་པ་རེད། རྒྱང་བསྒྲགས་འདིའི་སྒྲ་ཤུགས་རྒྱུན་ལྡན་དང་མི་འདྲ་བའི་ཧ་ཅང་ཆེན་པོ་ཡོད་པ་མ་ཟད་གསང་པོ་ཡོད་པ་རེད། གོ་ཐོས་ལ་རྒྱང་བསྒྲགས་འདིའི་ནང་ལ་སྐད་ཆ་བཤད་ན་སྤྱི་ལེ་བཅུ་གྲངས་ནང་ཚུན་ཧ་ཅང་གསལ་པོ་ཐོས་ཀྱི་ཡོད།
འདྲ་པར་འདི་གཉིས་ལ་ལྟ་དུས་གནས་ཚུལ་འདི་བོད་ལ་བྱུང་བ་ཞིག་ཡིན་པ་མཐོང་ཁག་པོ་ཡིན་ཞིང། གང་ཡིན་ཞེ་ན། པར་རིས་དེ་ལྟ་བུ་སྐབས་དེ་དུས་རྒྱ་ནག་གི་ས་ཆ་གང་སར་མཐོང་རྒྱུ་ཡོད་པ་རེད། པེ་ཅིང་ལ་རིག་གནས་གསར་བརྗེའི་ལས་འགུལ་བརྒྱུད་མྱོང་བའི་རྒྱ་མི་རྒན་གྲས་ཤིག་གིས་འདི་ལྷ་སར་རེད་དམ། ཁྱེད་རང་གིས་ངོ་སྤྲོད་མ་གནང་བ་ཡིན་ན་ངས་རྩ་བ་ནས་ཤེས་ས་མ་རེད་ཅེས་གུས་མོར་བརྗོད་བྱུང༌།
བོད་རྙིང་པ་ཟེར་བ་འདི་བོད་གསར་པ་ཟེར་བས་ཚབ་བྱས་པའི་རྗེས་ལ་མིང་ཚིག་དེ་འདྲ་ཞིག་དར་ཁྱབ་ཆེན་པོ་བྱུང་ཡོད་པ་སྟེ། བོད་སྐྱོད་རྒན་གྲས་ཟེར་བའི་ཚིག་འདི་རེད། འདི་ནི་དམག་སྡེ་ཨང་བཅོ་བརྒྱད་ནས་ཚབ་བྱས་པའི་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ནང་དཔུང་འཇུག་བྱེད་མཁན་དམག་དཔུང་སྔ་ཤོས་དེ་ཚོར་ཆེད་དུ་འབོད་པ་ཞིག་ཡིན་པས་ཁོང་ཚོ་རང་ཉིད་ནས་ཀྱང་དཔུང་སྡེ་འདི་ནི་དམིགས་བསལ་གྱིས་དཀའ་སྡུག་མྱོང་ཐུབ་པ་དང་དམིགས་བསལ་གྱིས་བཟོད་སྒོམ་བྱེད་ཐུབ་པ། དམིགས་བསལ་གྱིས་འཐབ་རྩོད་བྱེད་ཕོད་པ་ཡིན་ཟེ་རང་སློམ་བྱེད་ཀྱི་ཡོད་པ་རེད། དེ་ལྟར་དངོས་གནས་མཛའ་མཐུན་གྱི་དམག་དཔུང་དང་མང་ཚོགས་བར་སྦྲང་རྩིའི་ཟླ་བ་བཞིན་དུས་སྐབས་ཤིག་བྱུང་ཡོད་པ་ཡིན་རུང༌། དུས་ཚོད་བཟང་པོའི་རྣམ་པ་འདི་ཡུན་རིང་མ་གནས་པར་ལྷག་པར་དུ་རིག་གནས་གསར་བརྗེའི་སྐབས་རྒྱབ་སྐྱོར་གསུམ་དང་དམག་དཔུང་གཉིས་ཟེར་བའི་སྐབས་དམག་དཔུང་དང་མང་ཚོགས་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་ནས་མི་རིགས་ཀྱི་བརྩེ་སེམས་ལ་གནོད་འཚེ་བཏང་ཡོད་པ་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་ཚབས་ཆེའི་ཤུགས་རྐྱེན་བཟོས་ཡོད་པས་བསམ་བློ་བཏང་དུས་སེམས་སྡུག་ཧ་ཅང་བྱེད་དགོས་པ་ཡིན་ཟེ་རྒྱ་ནག་གུང་ཁྲན་ཏང་གཞུང་རང་ཉིད་ནས་ཀྱང་རྗེས་སུ་ངོས་ལེན་མི་བྱེད་ཀ་མེད་བྱུང་ཡོད་པ་རེད།
དམག་དོན་དོ་དམ་ཁང་དབུ་བརྙེས་པར་རྟེན་འབྲེལ་ཞུ་ཆེད་ལྷ་སའི་མང་ཚོགས་ཀྱི་སྒྲིག་འཛུགས་ཁག་ཅིག་གིས་དམག་ཁུལ་ཁང་ལ་གཅིག་མཇུག་གཉིས་མཐུད་ངང་འཕྲིན་བཟང་བསྐྱལ་གྱི་ཡོད་པ་རེད། དེ་ཡང་རིག་གནས་གསར་བརྗེའི་སྐབས་ཀྱི་དར་སྲོལ་ཞིག་ཡིན་ཞིང་། ཤོག་བུ་དཀར་པོའི་སྟེང་བྲིས་པ་ནི་ཡིག་ཆེན་ཚགས་པར་ཡིན་པ་དང་ཤོག་བུ་དམར་པོའི་སྟེང་བྲིས་པ་ནི་བཀྲ་ཤིས་འཕྲིན་བཟང་ཡིན་པ་རེད། བོད་པའི་བུ་མོ་གཉིས་ཀྱིས་སྟོན་བཞིན་ཡོད་པའི་བཀྲ་ཤིས་འཕྲིན་བཟང་དེའི་སྟེང་བལྟས་ན། འདི་ནི་མིང་ལ་ལྔ་གཉིས་གསུམ་གྱི་སྒྱུ་རྩལ་དམག་འཐབ་སྤྱི་ཁྱབ་ཁང་ཟེར་བའི་མང་ཚོགས་ཀྱི་ཚོགས་པ་ནས་བསྐྱལ་བ་ཞིག་རེད་འདུག ཚོགས་པ་དེར་གཏམ་བརྗོད་ཚོགས་པ་དང་རྒྱ་མིའི་ཁྲང་ཤི་བྱིན་ཅུས་ཚོགས་པ་དང་ཡོས་ཅུས་ཚོགས་པ་སོགས་རིག་རྩལ་གྱི་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་ཚོགས་མི་ལས་གྲུབ་པ་ཞིག་རེད། པར་རིས་འདིའི་ནང་གི་ས་གནས་འདི་བོད་དམག་ཁུལ་ཁང་གི་ཚོགས་ཁང་སྒོ་འགྲམ་ལ་ཡིན་པ་རེད་འདུག
མའོ་ཙེ་ཏུང་གིས་དམག་མི་དང་མང་ཚོགས་དབར་ཆུ་དང་ཉ་མོའི་འབྲེལ་བ་བཞིན་དགོས་པའི་སྐུལ་མ་བཏང་ཡོད་པ་དང༌། མང་ཚོགས་ནས་བཅིངས་འགྲོལ་དམག་འདི་སངས་རྒྱས་ཀྱི་དམག་མི་ཞིག་ལ་རྩིས་དགོས་པའི་རེ་བ་དེ་བས་བྱས་ཡོད་པ་རེད། བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཟེར་བས་གནས་སྟངས་དེར་ཁས་ལེན་བྱེད་པའི་ཆེད་དུ་དངོས་གནས་དཀའ་ལས་ངེས་ཅན་ཞིག་རྒྱབ་ཡོད་པ་རེད། དེ་ཡང་གུས་མོས་བཅའ་འདྲི་བྱེད་མྱོང་ཡོད་པའི་སྐབས་དེ་དུས་གཞོན་སྐྱེས་ཀྱི་དམག་མི་ཞིག་ཡིན་པ་ཁོང་ནས་བརྗོད་པ་བཞིན་སྟོན་བསྡུའི་སྐབས་རྟག་ཏུ་བཅིངས་འགྲོལ་དམག་ནས་མང་ཚོགས་རོགས་པ་བྱེད་པར་སྐྱོད་ཀྱི་ཡོད། རིག་གནས་གསར་བརྗེའི་སྐབས་ལ་ཡང་དེ་ལྟར་ཡིན་པ་རེད། ང་ཚོ་ཐེངས་མང་རོགས་པར་སྐྱོད་མྱོང་ཡོད་པ་ངས་དྲན་གྱི་འདུག་ཅེས་བརྗོད་བྱུང༌།
འདྲ་པར་འོག་མ་འདིའི་ནང་ཡོད་པའི་འབྲུ་ལྷགས་འཕྱར་གཏོང་མཁན་གྱི་བུད་མེད་དམག་མི་མཛེས་མ་འདི་དངོས་གནས་བྱས་ན་དམག་མི་མ་རེད། ཁོང་ནི་བོད་དམག་ཁུལ་ཁང་གི་རྒྱབ་ཕྱོགས་ཚན་པའི་གཤམ་འོག་ལ་ཡོད་པའི་མོ་ཀྲ་བཟོ་བཅོས་རྒྱབ་སའི་ནང་གི་བཟོ་པ་ཨ་ནུ་རེད། ཁོ་མོའི་རྒྱབ་ཕྱོགས་སུ་དམག་ཆས་གྱོན་པའི་བུ་མོ་དེ་རྒྱ་ནག་ཐན་ཅིང་ནས་ཡོང་བའི་མཐའ་མཚམས་ལ་རོགས་སྐྱོར་བྱེད་མཁན་གྱི་གཞོན་སྐྱེས་ཟེར་བ་དེ་རེད། ཁོང་ཚོ་ཚང་མ་ནི་དམག་དཔུང་ནས་དྲིལ་བསྒྲགས་བྱེད་བར་བཏང་བའི་མི་སྣ་ཤ་སྟག་ཡིན་པ་དང་ཨ་ནུ་ནི་སྔ་ས་ནས་གུས་མོའི་པཱ་ལགས་དང་ངོ་ཤེས་ཀྱི་ཡོད། ཁོང་གིས་འདི་ནི་ལྷ་སའི་ཤར་ཕྱོགས་ཀྱི་རྔ་ཆེན་ལམ་ཉེ་འགྲམ་དུ་ཡོད་པའི་མི་དམངས་སྤྱི་ཁང་གི་གཡུལ་ལས་གཏོང་ས་ཞིག་ལ་ཡིན་སྐོར་གུས་མོར་འགྲེལ་བརྗོད་གནང་བྱུང༌།
དམག་དཔུང་གི་སྨན་དོན་མི་སྣ་ལས་གྲུབ་པའི་སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་སྨན་དང་སྨན་པ་དཀོན་སའི་གྲོང་གསེབ་ཁུལ་དུ་བསྐྱོད་ནས་དབུལ་ཞིང་ཕོངས་པའི་མང་ཚོགས་ལ་འོས་འགན་ཐོག་ནས་ན་ཚ་ལྟ་བར་སྐྱོད་ཀྱི་ཡོད། འདི་ནི་མི་རྣམས་ཀྱི་བློ་ལ་བབ་ཤོས་ཀྱི་བྱེད་སྟངས་ཤིག་ཡིན་ཞིང། དེས་རིག་གནས་གསར་བརྗེའི་མཇུག་ཙམ་ལ་དམག་དཔུང་དང་མང་ཚོགས་དབར་གྱི་འབྲེལ་བ་ཧ་ཅང་ཐབས་སྡུག་བྱུང་ཡོད་པ་འདི་མང་ཉུང་ལ་མ་ལྟོས་པར་དྲག་རུ་འགྲོ་ཐུབ་པ་བྱུང་ཡོད།