༄༅།། གུས་མོའི་པཱ་ལགས་ཀྱིས་ཡུལ་དམག་སྒྲིག་འཛུགས་བཙུགས་པ་དང་ཡུལ་དམག་ལ་སྦྱོང་རྡར་གྱི་ལས་དོན་ནང་མཉམ་ཞུགས་བྱེད་མྱོང་ཡོད། ཁོང་གིས་མི་དམངས་དྲག་ཆས་དཔུང་སྡེའི་འགན་འཛིན་གཞོན་པ་དང་དེ་ནས་འགན་འཛིན་གྱི་ལས་འགན་འཁུར་མྱོང་བ་དང༌། གཙོ་བོ་ནི་ཡུལ་དམག་གི་ལས་ཀའི་རྩ་འཛུགས་ཟེར་བ་འཛིན་སྐྱོང་བྱ་རྒྱུ་ཡིན་པ་རེད། ཡང་ཁོང་ནས་སྔར་བཞིན་འདྲ་པར་ལེན་རྒྱུ་རྒྱུན་འཁྱོངས་གནང་ཡོད་པ་ཡིན་རུང་འདི་ནི་ཁོང་གིས་དགའ་ཞེན་བྱེད་ས་ཙམ་རང་རེད། ཁོང་གི་འདྲ་པར་རྣམས་འཁྲབ་སྲོལ་ལྟར་ཞིག་འགོ་བཙུགས་ཡོད་པ་མངོན་གྱི་འདུག ཁོང་ནས་སྐབས་དེ་དུས་ཀྱི་<<བཅིངས་འགྲོལ་དམག་བརྙན་པར།>> དང་ <<མི་རིགས་བརྙན་པར།>> སོགས་བརྙན་པར་ཐོག་གི་མི་སྣ་དང་ཁོར་ཡུག་ལ་འདྲ་པར་ལེན་སྟངས་བཞིན་ལད་ཟློས་བྱས་ཏེ་པར་ལེན་བཞག དེ་ཡང་ཁོང་གི་འདྲ་པར་མཐོང་བ་དང་ལམ་སེང་རྒྱབ་པ་ཞིག་མ་ཡིན་པར་བཟོ་ལྟ་བཟོས་ནས་རྒྱབ་པ་རེད་འདུག་པས་དེར་བརྟེན་གཤམ་གྱི་འདྲ་པར་ནང་དེ་སྔ་རིག་གནས་གསར་བརྗེའི་འགོ་སྟོད་ལ་རྒྱབ་པའི་དམར་སྲུང་དམག་གིས་དགོན་པ་གཏོར་བ་དང་ལྷ་འདྲེ་གདོན་འགེགས་ལ་འཐབ་འཛིང་གཏོང་བའི་སྐབས་པར་ལེན་བྱས་པའི་དངོས་འབྱུང་རང་བཞིན་དང་གསོན་ཉམས་རང་བཞིན་དེ་འདྲ་བསྡད་མེད་པ་རེད།
ཁོང་ནས་ཞིབ་ཚགས་བཟོ་ལྟ་བཟོས་ཏེ་རྒྱབ་པའི་འདྲ་པར་ཧ་ཅང་མང་པོ་ཞིག་དཀར་མཛེས་ཁུལ་གྱི་<<དཀར་མཛེས་ཚགས་པར།>>དང་གྲན་རྡུའི་དམག་སྒར་གྱི་ <<དམག་དར་ཚགས་པར།>> ལ་བསྐུར་གྱི་ཡོད་པ་ཡིན་ནའི་ཚགས་པར་ཐོག་བཀོད་པ་མང་པོ་ཡོད་པ་མ་རེད། གུས་མོའི་དྲན་ཤེས་ནང་གུས་མོའི་པཱ་ལགས་ལ་རྟག་ཏུ་པར་རྩོམ་ཕྱིར་སློག་བྱས་པ་འབྱོར་གྱི་འདུག ཡིན་ནའི་ཁོང་གིས་སེམས་ཤུགས་རྩ་བ་ནས་ཆགས་ཀྱི་མེད་པ་མ་ཟད། ད་དུང་རང་ཁྱིམ་དུ་མུན་ཁང་བཟོས་ཏེ་འདྲ་པར་བཤུ་ཡི་ཡོད་པས་ངའི་ཨ་མ་ལགས་ནས་ཁོང་གིས་འགྲོ་སོང་དང་དུས་ཚོད་འདི་འདྲ་བཏང་གནང་བར་མི་འདོད་པའི་སྐད་ཆ་གསུངས་ཀྱི་ཡོད།
གཤམ་གྱི་འདྲ་པར་ཁག་ཅིག་འདི་ལྷ་ས་དང་ཁམས་ཁུལ་དུ་བོད་མི་ཡུལ་དམག་གིས་དམག་སྦྱོང་དང་སློབ་སྦྱོང༌། ཚོགས་འདུ་ཚོགས་སྐབས་ཀྱི་རྣམ་པ་ཤ་སྟག་རེད།
ཡུལ་དམག་ནི་དམག་དཔུང་གི་གཞོགས་འདེགས་པ་དང་རྗེས་སྣོན་གྱི་སྟོབས་ཤུགས་ཤིག་ཡིན་པས་དེར་བརྟེན་དམག་དཔུང་གིས་བོད་ཀྱི་གཞི་རྒྱ་ཆེ་བའི་གྲོང་གསེབ་ཁུལ་དུ་ཡུལ་དམག་གི་དཔུང་སྡེ་ཤུགས་ཆེན་གསར་བཙུགས་བྱས་ཡོད། ཡུལ་དམག་ནང་ཞུགས་རྒྱུ་བྱུང་བ་ཚང་མ་ནི་རྩ་བ་དམར་པོ་ཟེར་བ་དང་འབྱུང་ཁུངས་ཡང་དག་པའི་བོད་མི་ཤ་སྟག་ཡིན་པ་བརྗོད་མི་དགོས་པ་རེད། རྒྱ་ནག་གུང་ཁྲན་གཞུང་གི་བཤད་སྟངས་ནས་བྱས་ན་ཆབ་སྲིད་ཐོག་བློ་གཏད་ཆོག་པ་ཟེར་བ་དེ་རེད།
རྫོང་ནས་ཁུལ་(ཆུས་ )དང་སྤྱི་ཁང་(ཀུང་ཧྲེ་ ) ཐོན་སྐྱེད་རུ་ཁག་སོགས་རིམ་པ་སོ་སོ་བྱས་ཏེ་ཚང་མར་ཡུལ་དམག་གི་སྒྲིག་འཛུགས་བཙུགས་ཡོད། མང་ཚོགས་དཀྱུས་མ་ཚོ་ཡུལ་དམག་ལ་འགྱུར་དགོས་ཀྱི་ཡོད་ན་ངེས་པར་དམག་དོན་གྱི་སྦྱོང་རྡར་འདྲ་མིན་བྱ་དགོས་ཀྱི་ཡོད་པ་རེད། འདི་ནི་སྤྱི་ལོ་༡༩༦༦ ལོའི་ལོ་མཇུག་ལ་ལྷ་སའི་ཉེ་འཁོར་གྲོང་གསེབ་ལ་དངོས་སུ་མེ་མདའ་རྒྱག་རྒྱུའི་སྦྱོང་རྡར་སྤྲོད་བཞིན་ཡོད་པ་རེད།
མེ་མདའ་ངོ་མ་འཁྱེར་རྒྱུ་བྱུང་བ་ཚང་མ་ནི་འདེམས་སྒྲུག་ཐེངས་མང་བྱས་པའི་ཡུལ་དམག་རེད། དེའི་རིགས་ཀྱི་ཡུལ་དམག་ལ་རྐང་འཛིན་ཡུལ་དམག་ཅེས་འབོད་ཀྱི་ཡོད། ཁོང་ཚོར་ཆེད་མངགས་དམག་དོན་གྱི་སྦྱོང་རྡར་སྤྲད་ཡོད་པས་ནམ་ཞིག་དམག་འཁྲུག་ལངས་པ་ཡིན་ན་དམག་མི་དང་མཉམ་དུ་དམག་སར་འགྲོ་དགོས་ཀྱི་ཡོད་པ་རེད། དུས་རྒྱུན་གྱི་ལས་འགན་ནི་ཉེ་འགྲམ་ལ་ཡོད་པའི་གྲལ་རིམ་དགྲ་བོ་ཟེར་བས་གཏོར་བཤིག་ལས་འགུལ་སྤེལ་རྒྱུར་དོགས་གཟོན་བྱ་རྒྱུ་དེ་ཡིན་པ་རེད།
གྲོང་གསེབ་དང་འབྲོག་ཁུལ་དུ་ཡུལ་དམག་གི་སྒྲིག་འཛུགས་བཙུགས་ཡོད་པ་ཕུད། ད་དུང་གྲོང་རྡལ་ཁག་དང་ཁྲོམ་གཞུང༌། ཁེ་ལས་ཚན་པ་སོགས་ཀྱི་ནང་ལ་ཡང་ཡུལ་དམག་སྒྲིག་འཛུགས་བཙུགས་དགོས་ཀྱི་ཡོད། འདི་ནི་རྒྱལ་ཁབ་བཙུགས་ཏེ་ལོ་བཅུ་བདུན་འཁོར་བ་ཟེར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ལྷ་ས་གྲོང་ཁྱེར་གྱི་བུད་མེད་ཡུལ་དམག་གི་རུ་སྟར་གྲུ་བཞི་འདི་སྡིངས་ཆའི་མདུན་ནས་སྐྱོད་དེ་ཏང་སྲིད་དམག་གི་མཐོ་རིམ་དཔོན་རིགས་ཚོས་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།
མི་དམངས་དྲག་ཆས་དཔུང་སྡེ་ནི་ས་གནས་འདི་གའི་ཡུལ་དམག་ལ་ཐད་ཀར་བཀོད་འདོམས་བྱེད་མཁན་གྱི་ཚན་པ་དང་སྦྱོང་རྡར་སྤྲོད་མཁན་གྱི་ཚན་པ་རེད། འདྲ་པར་འདིའི་ནང་གི་དམག་མི་གཉིས་པོ་ནི་མི་དམངས་དྲག་ཆས་དཔུང་སྡེའི་འགོ་ཁྲིད་གཞོན་པ་དང་འཐབ་ཇུས་པ་ཡིན་ཞིང་། ལག་པ་ནས་ཞིང་ལས་ཡོ་ཆས་བཞག་པའི་ཞིང་པ་ཚོར་རིམ་པ་རེ་རེ་བཞིན་མེ་མདའ་བེད་སྤྱོད་བྱེད་སྟངས་དང་གང་འདྲ་བྱས་ཏེ་དམར་གསོད་གཏོང་སྟངས་འགྲེལ་བཤད་བྱེད་བཞིན་ཡོད།
དམག་དོན་གྱི་སྦྱོང་རྡར་སྤྲད་པ་ཕུད། ད་དུང་ཆབ་སྲིད་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། ཡིན་ནའི་ཐག་རིང་མཐའ་མཚམས་ཁུལ་གྱི་ཡར་ལངས་ཞིང་བྲན་ཟེར་བ་ཚོས་དེ་ཚོ་རྩ་བ་ནས་ཤེས་ཀྱི་མེད་པ་ནི་སྨོས་མི་དགོས་ཤིང་། ཐ་ན་བཅིངས་འགྲོལ་དམག་མི་འདི་ཚོས་ཀྱང་ལིན་པེའོ་འབྱོར་ལྡན་གྲལ་རིམ་གྱི་དམག་དོན་ལམ་ཕྱོགས་ཟེར་བའི་ནང་དོན་གོ་བ་ལེན་ཐུབ་ཀྱི་ཡོད་པ་ཡིན་ནམ།
གྲོང་ཚོའི་ནང་སྦྱོང་རྡར་བྱེད་པ་དང་གཡུལ་ཁར་ངལ་གསོ་རྒྱབ་བཞིན་པའི་ཡུལ་དམག་ཕོ་མོ་ཚོ་རེད། ཟབ་ནན་ངང་གཟིགས་དང༌། ཁམས་ཁུལ་གྱི་གྲོང་གསེབ་ལ་གནའ་བོའི་མཁར་རྫོང་མཐོ་པོ་དེ་ཚོ་རང་སོར་བཞག་འདུག
ཁམས་པའི་ཡུལ་དམག་གི་འདྲ་བརྙན།
ལོ་རབས་བདུན་བཅུའི་ནང་གི་ཁམས་པའི་བུད་མེད་ཀྱི་ཡུལ་དམག་རེད། འདྲ་པར་འདིར་འཁྲབ་སྟོན་བྱས་པའི་རྣམ་པ་མངོན་གསལ་དོད་པོ་མཐོང་རྒྱུ་འདུག ཏག་ཏག་གུས་མོའི་པཱ་ལགས་ཀྱིས་<<བཅིངས་འགྲོལ་དམག་གི་བརྙན་པར།>> ཐོག་གི་ནང་དོན་དང་འདྲ་བའི་འདྲ་པར་ལ་དཔེ་བླངས་ཏེ་བཟོ་ལྟ་བཟོས་ནས་པར་ལེན་བྱས་པ་ཞིག་རེད་འདུག
མང་ཚོགས་ཀྱི་ཆབ་སྲིད་དང་མང་ཚོགས་ཀྱི་སྲིད་དབང་སྒེར་འཛིན་བྱེད་རྒྱུར་མཁས་པའི་རྒྱ་ནག་གུང་ཁྲན་གཞུང་གི་ངོས་ནས་བཤད་ན། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བཀའ་ཁྱབ་བཏང་ནས་དགྲ་བོར་འཐབ་རྩོད་བྱེད་པའི་ལས་འགུལ་འདྲ་མིན་སྣ་ཚོགས་ནང་ཞུགས་དགོས་པ་འདི་ནི་དུས་ཡུན་རིང་པོའི་ནང་རྒྱུན་འཁྱོངས་བྱས་པའི་སྲོལ་རྒྱུན་བཟང་པོ་ཟེར་བའི་གྲས་ཤིག་ཡིན་པ་དང་དེར་དམངས་ཡོངས་དམག་མི་ཡིན་ཟེར་བརྗོད་ཀྱི་ཡོད། དེར་བརྟེན་ཡུལ་དམག་ཟེར་བ་ལྟ་བུའི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་དྲག་པོའི་སྒྲིག་འཛུགས་ལ་ག་དུས་ཡིན་རུང་རྒྱ་ནག་གུང་ཁྲན་གཞུང་གིས་དོ་སྣང་བྱ་ཡི་ཡོད་པ་རེད། མའོ་ཙེ་ཏུང་གི་གསུང་བཏུས་ནང་གསལ་བར། ང་ཚོར་སྟོབས་ཤུགས་ལྡན་པའི་དངོས་གཞིའི་དམག་དཔུང་ཡོད་དགོས་པ་མ་ཟད། ད་དུང་ང་ཚོས་ཡུལ་དམག་གི་དཔུང་ཁག་ཤུགས་ཆེ་འཛུགས་གཉེར་བྱེད་དགོས་ཟེར་བ་དེ་ཡིན།
དེ་སྔ་སྤྱི་ལོ་༡༩༥༩ ལོར་ཟིང་འཁྲུག་ཞོད་འཇགས་ཟེར་བ་བཏང་བ་ནས་བཟུང་རྒྱ་ནག་གུང་ཁྲན་གཞུང་གིས་ཡར་ལངས་ཞིང་བྲན་ཟེར་བའི་ནང་ཡུལ་དམག་སྒྲིག་འཛུགས་བཙུགས་རྒྱུ་འགོ་བརྩམས་པ་ནས་རིག་གནས་གསར་བརྗེའི་སྐབས་ལ་མཐའ་མཚམས་ས་ཁུལ་དུ་ཡུལ་དམག་ཡོད་པ་མ་ཟད། བོད་ཀྱི་ཞིང་ཁུལ་ཧ་ལམ་རེ་རེ་བཞིན་ཚང་མའི་ནང་དང་འབྲོག་ཁུལ་རེ་རེ་བཞིན། དེ་བཞིན་གྲོང་རྡལ་ནང་གི་ཨུ་ཡོན་ལྷན་ཁང་རེ་རེ་བཞིན་ཚང་མར་ཡུལ་དམག་ཡོད་པ་རེད། རྫོང་ཁག་སོ་སོའི་མི་དམངས་དྲག་ཆས་དཔུང་སྡེ་ཟེར་བ་དེ་ཡུལ་དམག་སྒྲིག་འཛུགས་དང་སྦྱོང་རྡར་བྱེད་མཁན་གྱི་ཐད་ཀའི་ཚན་པ་ཞིག་རེད། གྲངས་ཚད་མང་པོ་ཡོད་པའི་ཡུལ་དམག་གིས་གཅིག་ནས་ཕྱི་ཕྱོགས་ལ་མཐའ་མཚམས་སྲུང་དགོས་པ་དང་གཉིས་ནས་ནང་གི་གྲལ་རིམ་དགྲ་བོ་ཟེར་བར་ཁ་གཏད་འཐབ་རྩོད་བྱེད་དགོས་ཀྱི་ཡོད། དེར་བརྟེན་བོད་ལ་ས་སྲུང་བྱེད་བཞིན་ཡོད་པའི་རྒྱ་ནག་གུང་ཁྲན་གཞུང་གི་དམག་དཔུང་ངོས་ནས་བྱས་ན་མེད་དུ་མི་རུང་བའི་མནའ་མཐུན་སྟོབས་ཤུགས་ཤིག་ཆགས་ཡོད་པ་རེད། དོན་དངོས་ཐོག་རྙིང་པ་བཞི་ཟེར་བ་གཏོར་བའི་དུས་དང་ཡང་ན་ལྷ་འདྲེ་གདོན་བགེགས་ཟེར་བར་འཐབ་འཛིང་བྱ་བའི་ལས་འགུལ་ཡིན་ནའང་འདྲ། ཡང་ན་ཤོག་ཁག་གཉིས་དབར་དབང་ཆ་རྩོད་རེས་བྱས་ཏེ་མཚམས་འཇོག་ཐབས་མེད་པའི་སྐབས་ལ་ཡང་ཡུལ་དམག་ཧ་ཅང་མང་པོ་ཡོད་དུས་དམག་ཆས་མ་གྱོན་པའི་དམག་མིས་དེའི་ནང་མཉམ་ཞུགས་བྱས་པར་བརྟེན་ཧ་ཅང་འཁྲུག་པོ་ཡོད་པ་རེད། དེ་སྔ་མཆོད་རྟེན་གཏོར་མྱོང་ཡོད་པ་དང་ཕྱག་དཔེ་མེར་བསྲེགས་བཏང་མྱོང་ཡོད་པ། དེ་བཞིན་མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན་ཟེར་བར་འཐབ་འཛིང་བཏང་མྱོང་ཡོད་པའི་བྱམས་པ་རིན་ཆེན་ནས་རང་ཉིད་ཡུལ་དམག་བྱེད་མྱོང་བར་ངོས་ལེན་བྱེད་ཀྱི་འདུག། ཁོང་ཚོ་འགོ་ཁྲིད་མཁན་གྱི་ཡུལ་དམག་རུ་དཔོན་ནི་ད་ལྟ་ཡང་མུ་མཐུད་གྲོང་མི་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བྱེད་བཞིན་ཡོད་པའི་ཧུར་བརྩོན་ཅན་རྐང་བཙུགས་ཡིན་པ་རེད།
མའོ་ཙེ་ཏུང་གིས་ཡུལ་དམག་ལས་དོན་དེ་སྒྲིག་འཛུགས་དོན་ཐོག་ཏུ་འཁྱོལ་བ་དང་ཆབ་སྲིད་དོན་ཐོག་ཏུ་འཁྱོལ་བ། དམག་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་མཛུབ་སྟོན་ལ་གཞིགས་ཏེ་བོད་དམག་ཁུལ་ཁང་གི་མཐོ་རིམ་དམག་དཔོན་ཞིག་གིས་སྤྱི་ལོ་༡༩༧༢ལོར་བོད་རིགས་ཡུལ་དམག་ལས་བྱེད་པར་གཏམ་བཤད་ཅིག་སྤེལ་ཡོད་པའི་ནང་བརྗོད་དོན་དུ།
སྒྲིག་འཛུགས་དོན་ཐོག་ཏུ་འཁྱོལ་བ་སྟེ་དང་པོ། བཅུ་ཤོག་དང་ལྡིང་ཤོག བརྒྱ་ཤོག་བཅས་ཀྱི་སྒྲིག་འཛུགས་དགོས་ཀྱི་ཡོད། དེ་དང་ཐོན་སྐྱེད་སྒྲིག་འཛུགས་ཕན་ཚུན་མཐུན་པ་བྱེད་དགོས། བོད་ལ་སྤྱིར་བཏང་ཐོན་སྐྱེད་རུ་ཁག་ནང་བཅུ་ཤོག་དང་ཡང་ན་ལྡིང་ཤོག་འཛུགས་དགོས། སྤྱི་ཁང་(ཀུང་ཧྲེ)་ལ་བརྒྱ་ཤོག་འཛུགས་དགོས། དེའང་མི་འབོར་མང་ཉུང་ལ་གཞིགས་པ་དང་ས་གནས་ཆེ་ཆུང་ལ་གཞིགས་ཏེ་ཚོད་འཛིན་བྱེད་དགོས་པ་སོགས་དང། ཡང་ཆབ་སྲིད་དོན་ཐོག་ཏུ་འཁྱོལ་བ་སྟེ་གསུམ་པ། ཡུལ་དམག་ལ་ཆབ་སྲིད་ཀྱི་ཞིབ་བཤེར་བྱེད་དགོས་པ་དང་ཆབ་སྲིད་ཐོག་གཙང་མ་ཡོད་པ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བཞི་པ། གུང་ཁྲན་ཚོགས་པ་ནས་དྲག་དཔུང་ལ་འཛིན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་ཡུལ་དམག་གིས་ངེས་པར་དུ་གུང་ཁྲན་ཚོགས་པའི་འགོ་ཁྲིད་འོག་ལས་འགུལ་སྤེལ་དགོས། དམག་དོན་དོན་ཐོག་ཏུ་འཁྱོལ་བ་སྟེ་དང་པོ། དམག་དོན་སྦྱོང་རྡར་བྱས་ནས་ཡུལ་དམག་གིས་དམག་དོན་གྱི་རྒྱུན་ཤེས་ཁག་ཤེས་དགོས་པ་དཔེར་ན། ས་སྲུང་སོ་ལྟ་བྱ་སྟངས་དང་སོ་ལྟ་སྐོར་གཡེང་བྱ་སྟངས། གསང་མྱུལ་འཇུ་བཟུང་བྱ་རྒྱུ་སོགས་ཡིན་པ་རེད། གཉིས་པ། ལག་པའི་ནང་གི་མཚོན་ཆར་བདག་གཅེས་དང་བེད་སྤྱོད་བྱ་ཤེས་པ་དགོས་པ། གསུམ་པ། ཧུར་བརྩོན་ཆེན་པོས་གཞུང་ལས་ཁག་གྲུབ་དགོས་པ། བཞི་པ། གསར་བརྗེའི་དོགས་ཟོན་ལྟ་བ་ཟབ་རུ་གཏོང་བ་དང་འབོད་ན་ཡོང་ཐུབ་པ་དང་ཡོང་ནས་དམག་འཐབ་བྱེད་ཐུབ་པ་བྱ་དགོས་ཟེ་བཤད་ཡོད།
སྤྱི་ལོ་༡༩༦༩ ལོའི་རྗེས་ལ་རིག་གནས་གསར་བརྗེ་ཆེན་པོར་ནང་དོན་གསར་པ་ཞིག་ཁ་སྣོན་བྱས་ཡོད་པ་སྟེ། དམག་གྲབས་བྱེད་པ་དེ་རེད། བཤད་པ་ལྟར་ན་འཛམ་གླིང་དམག་ཆེན་གསུམ་པ་མགྱོགས་པོ་ལངས་རྒྱུ་ཡིན་པས་བཙན་རྒྱལ་རིང་ལུགས་པ་དང་བཟོ་བཅོས་རིང་ལུགས་པས་རྡུལ་ཕྲན་དམག་འཁྲུག་སློང་སྲིད་པར་བརྟེན་མའོ་ཙེ་ཏུང་གིས་བསྟུད་མར་འབོད་སྐུལ་བྱ་དོན་ལ། དམག་རྒྱག་གྲ་སྒྲིག་བྱ་དགོས་ཟེར་བ་དང་གབ་དོང་གཏིང་རིང་འདྲུས། འབྲུ་རིགས་རྒྱ་ཁྱབ་གསོག བཙན་བདག་མི་བྱེད་པ་ཟེར་བ། ཡང་མི་དམངས་ཀྱི་ཆེད་དུ་དམག་གྲབས་དང་མུག་སྐྱོབ་གྲ་སྒྲིག་བྱེད་པ་ཟེར་བ་བཅས་ཡིན། དམག་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཡིན་པ་བརྗོད་པའི་བོད་འདི་ཡང་དམག་གྲབས་ཀྱི་དུས་རིམ་ནང་ཚུད་ཡོད་པ་རེད། གྲོང་རྡལ་མང་པོ་དཔེར་ན་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ་སོགས་ས་གནས་ཀྱི་ཡུལ་དམག་ཚོ་ཞིང་འབྲོག་ཁུལ་གྱི་ཡུལ་དམག་ནང་བཞིན་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་དགོས་ཀྱི་མེད་པ་ཡིན་རུང༌། ངེས་པར་དུ་མི་དམངས་ཀྱི་མཁའ་ཉེན་འགོག་བྱེད་ལས་གྲྭ་ཟེར་བའི་འཛུགས་སྐྲུན་ནང་ཞུགས་དགོས་ཀྱི་ཡོད། འདི་ནི་ཏག་ཏག་མའོ་ཙེ་ཏུང་གིས་བཏོན་པའི་གབ་དོང་གཏིང་རིང་འདྲུས། འབྲུ་རིགས་རྒྱ་ཁྱབ་གསོག བཙན་བདག་མི་བྱེད་ཟེར་བའི་དམག་གྲབས་ཀྱི་བྱེད་ཕྱོགས་དེ་ལག་བསྟར་དོན་འཁྱོལ་བྱེད་ཆེད་རྒྱ་ནག་དབུས་གཞུང་ནས་ས་གནས་བར་རྒྱལ་ཡོངས་རང་བཞིན་གྱི་མི་དམངས་ཀྱི་མཁའ་ཉེན་འགོག་བྱེད་ཀྱི་འགོ་ཁྲིད་ཚོགས་ཆུང་ཟེར་བ་བཙུགས་པ་དང་ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་སོ་སོར་ཡང་མི་དམངས་ཀྱི་མཁའ་ཉེན་འགོག་པའི་འགོ་ཁྲིད་ཚོགས་ཆུང་ཟེར་བ་བཙུགས་ཡོད་པས་སྐབས་ཤིག་རིང་རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་གང་སར་མཁའ་ཟོན་གབ་དོང་འདྲུས་པ་དང་མཁའ་ཟོན་གབ་ཁུང་བཟོས་པ། མཁའ་ཉེན་འགོག་བྱེད་ཀྱི་སྦྱོང་རྡར་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཡོད་པ་བཞིན་བོད་ལ་ཡང་དམིགས་བསལ་གང་ཡང་བྱུང་མེད།
དེང་སང་ལྷ་སར་དེ་སྔའི་མཁའ་ཟོན་གབ་ཁུང་དེ་རིགས་མཐོང་རྒྱུ་ཡོད་པ་དཔེར་ན་ཕོ་བྲང་པོ་ཏཱ་ལ་གནས་ཡུལ་གྱི་དམར་པོ་རིའི་ཤར་ངོས་ཀྱི་འོག་དེར་ཡོད་པའི་མཁའ་ཟོན་གབ་ཁུང་སྒོ་བཀག་ནས་ཡོད་པ་རེད་ལ། ནུབ་ངོས་ཀྱི་མཁའ་ཟོན་གབ་ཁུང་འདི་འབྲུ་ཆང་བཙོང་སའི་ཆང་ཁང་ལ་བསྒྱུར་བ་བཏང་ཡོད། དེའི་མདུན་དུ་ལྕགས་པོ་རི་དང་མུ་འབྲེལ་ནས་ཡོད་པའི་ཆུ་ཀ་ལའི་ལས་ཁུངས་འདི་དེ་སྔ་མཁའ་ཟོན་བཀོད་འདོམས་ཁང་གནས་ཡུལ་དེ་རེད། བཤད་པ་ལྟར་ན་ལྕགས་པོ་རིའི་འོག་ལའང་མཁའ་ཟོན་གབ་ཁུང་ཡོད་པ་རེད་འདུག ཡང་དེར་མཁའ་ཟོན་གབ་ཁུང་འདྲུས་དགོས་དོན་ཐད་དམངས་ཁྲོད་ཀྱི་བཤད་སྲོལ་ནི་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་སྲིད་གཞུང་གི་ལས་ཁུངས་འདི་ཉེ་འགྲམ་དུ་ཡོད་པར་བརྟེན་གལ་ཏེ་དགྲ་བོའི་གནམ་གྲུས་ཚུར་རྒོལ་བྱས་ན་འགོ་ཁྲིད་ལས་བྱེད་ཚོ་ལམ་སེང་བྲོས་བདེ་པོ་ཡོང་བའི་ཆེད་དུ་ཡིན་པ་རེད་ཅེས་དང༌། ཡང་གྲོང་མི་ལྷན་ཁང་ཁག་ནས་ཀྱང་བར་སྐོར་ཁྲོམ་གཞུང་རྙིང་པའི་ཐོག་མཁའ་ཟོན་གབ་ཁུང་མི་ཉུང་བ་ཞིག་འདྲུས་ཡོད་པས་ད་ལྟ་གནས་ཡོད་མེད་ཤེས་མ་སོང༌། བཅའ་འདྲི་ཞུས་པའི་བརྒྱུད་རིམ་ནང་མི་མང་པོས་གསུངས་པར་ཏག་ཏག་དམར་པོ་རིའི་འོག་ལ་མཁའ་ཟོན་གབ་ཁུང་རྒྱ་ཆེ་འདྲུས་པ་ཡོད་པ་མ་ཟད། ད་དུང་རིའི་ཁོག་པའི་ནང་འབར་རྫས་ཧ་ཅང་མང་པོ་བེད་སྤྱོད་བྱས་པའི་དབང་གིས་ཕོ་བྲང་པོ་ཏཱ་ལའི་རྨང་གཞི་དང་འཛུགས་སྐྲུན་ལ་གཏོར་བཤིག་གནོད་འཚེ་ཚབས་ཆེན་ཕོག་སྟེ་སེར་ཁ་གས་ཡོད་པ་རེད། སྐབས་དེ་དུས་ལྷ་ས་སློབ་འབྲིང་ལ་སློབ་སྦྱོང་བྱེད་བཞིན་ཡོད་པའི་བོད་མི་ཞིག་གིས་སློབ་ཚན་ཚུགས་སྐབས་རྟག་ཏུ་འབར་རྫས་འབར་བའི་འུར་སྒྲས་རྣ་བ་ཡང་འོན་གྲབས་བྱེད་ཀྱི་ཡོད་པ་དུས་ད་ལྟ་ཡང་དྲན་གསོས་ཀྱི་ཡོད་པ་དང་སྐབས་རེ་ཉེ་འགྲམ་ལ་སླེབས་དུས་ཐ་ན་ས་སྟེང་དུ་གཡོ་འགུལ་ཐེབས་པའི་ཚོར་སྣང་ཡོང་གི་འདུག་ཅེས་གསུངས་བྱུང། ཡང་ཉེ་བའི་ལོ་ཤས་རིང་ཕོ་བྲང་པོ་ཏཱ་ལར་བསྐྱར་དུ་ཉམས་གསོ་བྱེད་དགོས་པ་ནི་ཏག་ཏག་དེ་སྔ་ས་ཕུག་གཏིང་རིང་འདྲུས་པ་དང་དེ་བཞིན་སྤྱི་ལོ་ ༡༩༥༩ ལོར་རྒྱ་ནག་གུང་ཁྲན་གཞུང་གིས་ཤུགས་དྲག་ཆེན་པོས་ཕོ་བྲང་པོ་ཏཱ་ལར་མེ་སྒྱོགས་བརྒྱབས་པའི་རྐྱེན་གྱིས་ཕུགས་སྐྱོན་འདི་འདྲ་བཟོས་ཡོད་པ་རེད།
དོན་དངོས་ཐོག་དེ་ལས་ལྷག་པའི་ཕུགས་སྐྱོན་སྔར་ལྟར་གནས་མུས་ཡིན་པ་རེད། དེ་ཡང་དམངས་ཟེར་བ་འདི་དམག་ཟེར་བར་བསྒྱུར་བ་དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྩ་གཏོར་བཏང་བ་ཞིག་ཆགས་ཀྱི་ཡོད། བྱམས་དང་སྙིང་རྗེ་ལྡན་པའི་ནང་པ་སངས་ཀྱི་ཆོས་ལུགས་འདི་བོད་ནང་དར་བ་ནང་བཟུང་སྲོག་གཅོད་སྤངས་ནས་འཚེ་བ་མེད་པའི་ལྟ་གྲུབ་དེ་བོད་མི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་བྱེད་སྟངས་ཤིག་ཏུ་གྱུར་ཡོད་པ་རེད། ཡིན་ནའི་ད་ཆ་གུང་ཁྲན་ཚོགས་པས་བོད་ཀྱི་ས་གནས་ཡོངས་རྫོགས་ནང་དམངས་ཡོངས་དམག་མི་ཡིན་ཟེར་བ་ཤུགས་ཆེན་སྤེལ་གྱི་ཡོད་པས་མང་ཚོགས་དཀྱུས་མ་དེ་ཚོའི་ལག་ཏུ་མཚོན་ཆ་འཁྱེར་བའི་དམག་མིར་འགྱུར་རུ་བཅུག་ནས་རང་གི་ཉེ་འགྲམ་དུ་ཡོད་པའི་གྲོང་པ་ཁྱིམ་མཚེས་དང་ཕ་ཡུལ་གཅིག་པ་སོགས་ཚང་མ་གྲལ་རིམ་དགྲ་བོ་ཟེར་བ་མ་ཡིན་ནམ་སྙམ་པའི་བསམ་ཚོད་བྱེད་དགོས་པ་དང་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེར་སྐྱེད་བྱེད་དགོས་ཀྱི་ཡོད་པ་སོགས་ནི་དྲག་ཤུགས་དང་འཇིགས་སྐུལ་གྱི་ས་བོན་འདི་ལྟོས་ས་ལྟོས་ཕྱོགས་ཞི་བདེ་ཕུན་སུམ་ཚོགས་པའི་ཡུལ་ཁམས་དེར་འདེབས་འཛུགས་བྱས་པ་ཞིག་ཡིན་པ་གདོན་མི་ཟ་བ་ཡིན།
ཕོ་བྲང་པོ་ཏཱ་ལའི་གཤམ་འོག་གི་མཁའ་ཟོན་གབ་ཁུང་འདི་འབྲུ་ཆང་བཙོང་སའི་ཆང་ཁང་ཞིག་ལ་གྱུར་ཡོད་པ་རེད།