
སྤྱི་ལོ་ ༡༩༦༨ ལོའི་ཟླ་༩ཚེས་༥ཉིན་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ་རེད། དེའི་ཉིན་ཤིན་ཅང་གི་ཡུ་གུར་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་ཡང་དུས་གཅིག་ཏུ་དབུ་བརྙེས་ཏེ་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་༢༩ཡོངས་རྫོགས་ནང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཐུབ་པ་བྱུང་ནས་རྒྱལ་ཡོངས་ཀྱི་རི་ཀླུང་ཡོངས་རྫོགས་དམར་པོར་འགྱུར་ཟེར་བར་མངོན་འགྱུར་བྱུང་ཡོད། དེས་རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་འདི་འཐབ་དགག་བཅོས་ཟེར་བའི་(དེ་ཡང་མའོ་ཙེ་ཏུང་གིས་བཏོན་པའི་སྒེར་སེམས་ལ་འཐབ་རྩོད་དང་བཟོ་བཅོས་རིང་ལུགས་པ་དགག་པ། འཇིག་རྟེན་གྱི་ལྟ་བ་ལ་བསྒྱུར་བཅོས།)དུས་མཚམས་གསར་པ་ཞིག་མཚོན་པར་བྱས་ཡོད་པ་རེད། འདི་རྒྱ་ནག་གི་ས་གནས་ཡོད་ཚད་དང་འདྲ་བར་གསར་བརྗེ་ཨུ་ཡོན་ལྷན་ཁང་ནི་སྐབས་དེ་དུས་བོད་ཀྱི་ཆེས་མཐོའི་སྲིད་གཞུང་གི་ཚན་པ་ཞིག་རེད། རང་སྐྱོང་ལྗོངས་ཀྱི་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་མ་ཟད། ད་དུང་ས་གནས་ཁག་དང་རྫོང༌། དེ་བཞིན་གྲོང་ཚོའི་ནང་ལ་གང་སར་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཡོད། སྤྱི་ལོ་༡༩༧༠ ལོའི་ལོ་མཇུག་ལ་བོད་རང་སྐྱོང་ལྗོངས་ཀྱི་རྫོང་༧༡ཚང་མར་གསར་བརྗེ་ཨུ་ཡོན་ལྷན་ཁང་གསར་བཙུགས་བྱས་ཡོད་པ་རེད།
གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁྱད་ཆོས་ནི་ཕྱོགས་གསུམ་ཟུང་འབྲེལ་ཟེར་བ་དེ་རེད། དེའི་གོ་དོན་ནི་གསར་བརྗེའི་ལས་བྱེད་པ་ཟེར་བའི་འཐུས་མི་དང་དམག་དཔུང་གི་འཐུས་མི། གསར་བརྗེའི་མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་འཛིན་སྐྱོང་དཔུང་ཁག་ཡིན་པས་དེར་བརྟེན་བོད་ཀྱི་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་(ཀྲུའུ་རིན་)དང་འགན་འཛིན་གཞོན་པ་(ཀྲུའུ་རིན་གཞོན་པ་)གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དང་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་ལྟ་བར་རྒྱབ་སྐྱོར་བྱ་མཁན་གྱི་དམག་དཔུང་གི་འགོ་ཁྲིད་ཙེང་གཡུང་ཡའ་དང་རེན་རུང་ཁག་སོ་སོ་ནས་འགན་འཁུར་ཡོད། དེ་མིན་འགན་འཛིན་གཞོན་པ་(ཀྲུའུ་རིན་གཞོན་པ་)༡༣ཡོད་པའི་ནང་བོད་མིའི་འཐུས་མི་གསུམ་ཡོད་པ་ནི་རིག་གནས་གསར་བརྗེའི་ནང་འབད་བརྩོན་གང་ཡང་བྱེད་མྱོང་མེད་པར་ལས་སླ་པོའི་ངང་དཔོན་གནས་མཐོ་པོ་རགས་པའི་བུད་མེད་རྫོང་དཔོན་པ་སངས་དང་ལས་བྱེད་རྒན་གྲས་ཡང་ཏུང་ཧྲེང་། ཡང་བསྐྱར་གདན་ཞུ་བྱས་པ་ཟེར་བའི་ཆབ་སྲིད་ཀྱི་མེ་ཏོག་བུམ་པ་ལྟ་བུར་གྱུར་བའི་ང་ཕོད་ངག་དབང་འཇིགས་མེད་བཅས་ཡིན་པ་རེད། དེ་བཞིན་དའོ་གྲང་སུང་དང་ལིའུ་ཧྲའོ་མིང་གཉིས་པོ་ནི་མང་ཚོགས་ཀྱི་སྒྲིག་འཛུགས་ཟེར་བའི་འགོ་གཙོ་ཡིན་པ་རེད།
རྗེས་སུ་བོད་ཀྱི་སྲིད་དབང་ཚན་པ་ཁག་ནང་གལ་ཆེའི་ལས་འགན་འཁུར་མྱོང་ཡོད་པའི་བོད་མི་ཁག་ཅིག་དེ་དུས་གསར་བརྗེ་ཨུ་ཡོན་ལྷན་ཁང་ནང་བཅུག་ཡོད། དོན་དངོས་ཐོག་སྐབས་དེ་དུས་བོད་ཀྱི་ཆབ་སྲིད་གར་སྟེགས་ཐོག་འཁྲུག་ཆ་དོད་པོ་ཡོད་པའི་བོད་པ་ཧ་ལམ་ཚང་མས་རང་ཉིད་ཀྱི་ལོ་རྒྱུས་ནང་དེ་སྔ་ས་གནས་ཁག་གི་གསར་བརྗེ་ཨུ་ཡོན་ལྷན་ཁང་ལ་ལས་འགན་འཁུར་མྱོང་ཡོད་པའི་ཟིན་ཐོ་འཚོལ་ཐུབ། དེར་བརྟེན་ཕྱོགས་གཞན་ཞིག་ནས་བརྗོད་ན། ད་བར་བོད་ཀྱི་རིག་གནས་གསར་བརྗེའི་ལས་འགུལ་དེར་བསམ་ཞིབ་དང་གཙང་བཤེར་མ་བྱས་པ་གང་ཡིན་མིན་དེ་རིག་གནས་གསར་བརྗེའི་ནང་ལམ་འགྲོ་རྒྱུགས་ཏེ་ད་ལྟའང་སྡིངས་ཆའི་ཐོག་དབང་ཆ་འཛིན་ནས་ཡོད་པའི་བོད་མི་དེ་ཚོ་དང་འབྲེལ་བ་མེད་པ་བརྗོད་མི་ཐུབ།
གང་ཡིན་ཞེ་ན། ཕྱོགས་གསུམ་གྱི་ཟུང་འབྲེལ་ཟེར་བ་བྱས་པའི་རྐྱེན་གྱིས་ཤོག་ཁག་གཉིས་དངོས་སུ་ཁ་ཐོར་ཕྱིན་པའི་ཁྱབ་བསྒྲགས་བྱས་པ་དང་ཡོངས་ཁྱབ་དང་མངོན་གསལ་དོད་པོའི་ཤོག་ཁག་རང་བཞིན་གྱི་འཐབ་རྩོད་འདི་གཞི་ནས་མཇུག་སྒྲིལ་ཡོད་པ་རེད། ཡིན་ནའི་འདི་ནི་ཕྱི་ཚུལ་གྱི་དུས་བདེ་ཞོད་འཇགས་ཤིག་ཡིན་ཞིང༌། འདས་པའི་ལོ་གཉིས་ཙམ་རིང་མཚམས་འཇོག་མེད་པར་ཤུགས་འགྲན་བྱས་པའི་ཁྲོད་ཁག་སོ་སོར་ཁེ་ཕན་ཐོབ་ཤོར་བྱུང་ཡོད་ཅིང་། གང་ལགས་ཤེ་ན། གྲངས་ལས་འདས་པའི་མི་ཚོའི་ཚེ་སྲོག་ཤོར་ཡོད་པས་ཕྱོགས་ཕན་ཚུན་གཉིས་དབར་ཐུག་འཕྲད་ཁ་ཚེར་གཅིག་གིས་སེམས་ཀྱི་འཁོན་འཛིན་འཇག་མི་སྲིད་ཅིང་། མ་མཐར་སེམས་ནད་བཅངས་པ་དང་ཁ་མཐུན་ཡང་སེམས་མཐུན་གྱི་མེད་པ་རེད། གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཙམ་ལ་དྲུག་བདུན་གྱི་གཙུག་ལག་ཁང་གི་དོན་རྐྱེན་ཟེར་བ་དེས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བར་ཁེ་ཕན་ཐོབ་སྟེ་མའོ་ཙེ་ཏུང་དང་ལིན་པེའོ་ཧང་སངས་དགོས་པ་བཟོས་ཡོད་པའི་ཁྲོད་གོ་གནས་ཤིག་ཐོབ་ཐུབ་པ་བྱུང་བ་མ་ཟད། ད་དུང་མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བའི་མདུན་ལ་སླེབས་ཐུབ་པ་བྱུང་བ་དེས་སྐབས་ཤིག་རིང་ལམ་འགྲོ་རྒྱུགས་པོ་བྱུང་ཡོད་ན་ཡང་དུས་ཡུན་རིང་པོ་མ་སོང་བར་སྙེ་མོའི་དོན་རྐྱེན་ཟེར་བ་སོགས་རིམ་པས་ཐོན་པའི་དྲག་པོའི་དོན་རྐྱེན་གྱིས་བཟོས་པའི་མཇུག་འབྲས་ཐོག་ནས་ཕམ་ཉེས་བྱུང་ཡོད། དེ་ནས་ཆབ་སྲིད་ཀྱི་ལས་འགུལ་བསྟུད་མར་ཐོན་པའི་རྗེས་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བ་དེ་བསྐྱར་དུ་ལངས་རྒྱུ་བྱུང་མེད་པ་རེད། ཏན་ཏན་སེམས་ནང་འདོད་བློ་མི་ཁེངས་པ་མང་པོ་ཡོད་ཀྱི་རེད་ལ། ལྷག་པར་དུ་གྱེན་ལོག་སྤྱི་ཁྱབ་ཁང་ཟེར་བའི་འགོ་གཙོ་དའོ་གྲང་སུང་ལ་སོགས་པས་ལྐོག་ལ་འབྲེལ་གཏུག་བྱས་ཏེ་ཡིག་ཆ་བསྡུ་རུབ་བྱས་པ་དང་མ་འོངས་པར་ཉིན་ཞིག་ཁྲ་ལོག་བརྒྱབ་རྒྱུའི་རེ་བ་བྱས་ཤིང། ཡིན་ནའི་གང་ལྟར་དུས་ཀྱི་འཕེལ་ཕྱོགས་ལ་གྱུར་བ་ཕྱིན་ཟིན་པ་རེད། མཉམ་འབྲེལ་བཀོད་འདོམས་ཁང་ཟེར་བ་དུས་དེ་ནས་བཟུང་སྤྲོ་ཉམས་རྒྱས་ཤིང་སྡིངས་ཆའི་སྟེང་བརྟན་པོར་བསྡད་ཐུབ་པ་བྱུང་ཡོད་རུང༌། ད་དུང་དམག་དཔུང་གི་རོགས་སྐྱོར་ལ་རྒྱབ་རྟེན་བཅོལ་དགོས་ཀྱི་ཡོད། དེར་བརྟེན་དམག་དཔུང་རང་གི་རྗེས་སུ་འབྲངས་པ་དང་དམག་དཔུང་ནང་གི་འགོ་གཙོ་དེ་དངོས་གནས་རྒྱལ་ཁ་ཆེ་ཤོས་ཐོབ་མཁན་དེ་ཡིན་པ་རེད།
ལོ་རབས་བརྒྱད་བཅུའི་དཀྱིལ་ཙམ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གི་དཔོན་རིགས་དམག་མིས་གཅིག་ལྕོག་བྱས་མེད་པས་དམག་དཔུང་གིས་གཅིག་གྱུར་ཆེན་པོའི་རྣམ་པ་དེར་གཞི་ནས་འགྱུར་བ་གང་ཙམ་འགྲོ་ཐུབ་པ་བྱུང་ཡོད༌། ཡིན་ནའི་ད་དུང་བཀག་སྐྱིལ་ཡོང་གི་ཡོད་པས་གང་ལྟར་འདི་འདྲ་ཞིག་ཡོང་ངེས་པ་ཡིན་པ་རེད། གོང་དུ་བརྗོད་པ་བཞིན་བོད་ལ་དམིགས་བསལ་གྱི་དམག་ཇུས་གནས་བབ་ཞིག་ཡོད་པའི་རྐྱེན་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཟེར་བའི་དམག་དཔུང་གིས་བོད་ཀྱི་ལས་དོན་ཡོངས་རྫོགས་ནང་གལ་ཆེའི་ནུས་པ་བཏོན་གྱི་ཡོད་པ་བརྗོད་མི་དགོས་པ་རེད།
གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པའི་རྗེས་མའོ་ཙེ་ཏུང་གིས་གསར་བརྗེ་དམ་འཛིན་ཟེར་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ་འདི་གྲལ་རིམ་དཔུང་ཁག་གཙང་བཤེར་ཟེར་བ་དང་གཅིག་གཏོར་གསུམ་རྒོལ་ཟེར་བ་ (དེ་ནི་གསར་བརྗེར་ངོ་རྒོལ་པར་རྡུང་རྡེག་གཏོང་བ་དང་ལྐོག་ཟ་རྐུ་རྒྱག་ལ་ངོ་རྒོལ། མགོ་བདེ་གླགས་ཚོང་ལ་ངོ་རྒོལ། རྒྱས་སྤྲོས་ཆུད་ཟོད་ལ་ངོ་རྒོལ།)སོགས་ཆབ་སྲིད་ལས་འགུལ་མང་པོ་སྤེལ་ཡོད་པ་ནས་མངོན་ཐུབ། ཡང་མའོ་ཙེ་ཏུང་གིས་ཐོན་སྐྱེད་སྐུལ་སྤེལ་ཟེར་བ་གཏོང་དགོས་པ་ནི་མི་དམངས་སྤྱི་ཁང་ཅན་དང་དམག་འཁྲུག་གི་གྲ་སྒྲིག་དང་མུག་སྐྱོབ་ཀྱི་གྲ་སྒྲིག་ཟེར་བ་མངོན་འགྱུར་ཡོང་བའི་འབོད་སྐུལ་བྱས་ཡོད། དེ་མིན་ད་དུང་གཞོན་ནུ་ཤེས་ཡོན་ཅན་གྲོང་གསེབ་ལ་སྐྱོད་དེ་རྒྱ་ཆེའི་ཡར་ལངས་ཞིང་བྲན་ཟེར་བའི་སློབ་གསོ་བསྐྱར་མ་ལེན་དགོས་པར་བཏང་ཡོད། དེའི་ནང་བོད་རང་གི་གཞོན་ནུ་ཤེས་ཡོན་ཅན་དང་རྒྱ་ནག་ནས་ཡོང་བའི་རྒྱ་མི་གཞོན་ནུ་ཤེས་ཅན་ཡང་ཚུད་ཡོད།
ཡིན་ནའི་རྙིང་པ་བཞི་ཟེར་བ་གཏོར་བའི་རླུང་འཚུབ་འདི་ད་དུང་ཡང་མུ་མཐུད་གནས་ཡོད་པས་མངོན་གསལ་དོད་ཤོས་ཤིག་ནི་བོད་ཀྱི་སྐད་གྲགས་ཆེ་བའི་དགོན་སྡེའི་གྲས་དགའ་ལྡན་དགོན་པ་དེ་རྩ་གཏོར་བཏང་ཡོད་པ་རེད། ད་ཆ་མི་མང་པོའི་བསམ་པའི་ནང་གཞི་རྒྱ་ཆེ་བའི་དགའ་ལྡན་དགོན་པ་དེ་རིག་གནས་གསར་བརྗེ་འགོ་བཙུགས་པའི་སྐབས་རྩ་གཏོར་བཏང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ཡིན་རུང༌། ཉེས་ཅན་གཏེ་པོ་ནི་སྨྱོ་བ་ལྟར་གྱི་དམར་སྲུང་དམག་དང་ཉེ་འགྲམ་གྲོང་ཚོའི་ཞིང་པ་རེད། འོན་ཀྱང་སྤྱི་ལོ་༡༩༨༥ ལོར་ནང་ཁུལ་དུ་འགྲེམ་སྤེལ་བྱས་པའི་ཡིག་ཆ་ཞིག་གི་ཐོག་ནས་དོན་དངོས་གནས་ཚུལ་འདི་འདྲ་མ་ཡིན་པ་ཤེས་བྱུང༌། ཡིག་ཆ་འདི་ནི་བོད་རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གཉིས་ནས་མཉམ་འབྲེལ་ཐོག་དམག་དཔུང་གིས་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བའི་ལས་འགུལ་སྤེལ་བའི་སྐབས་ནོར་འཁྲུལ་ཤོར་བར་བརྟག་དཔྱད་བྱས་པ་ཞིག་རེད་འདུག དེའི་ནང་ཟིན་ཐོ་འདི་འདྲ་ཞིག་འཁོད་ཡོད་པ་སྟེ། རྒྱལ་སྤྱི་རྒྱལ་ནང་དུ་སྐད་གྲགས་ཡོད་པའི་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་དགའ་ལྡན་དགོན་པ་དེ་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པའི་རྗེས་རྩ་གཏོར་བཏང་བ་ཞིག་དང་རིག་དངོས་འབོར་བརླག་སོང་བ་བཅས་བྱུང་ཡོད་ལ། ཆབ་སྲིད་ཐོག་ཚུར་བསྐྱར་གསོ་ཐུབ་དཀའ་བའི་གྱོང་གུན་བཟོས་ཡོད་པ་རེད། གནས་ཚུལ་འདིར་ད་ལྟ་བར་བརྟག་དཔྱད་བྱས་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད། བརྟག་དཔྱད་བྱས་ཏེ་སྐབས་དེ་དུས་ལྷ་སའི་ཡན་ལག་དམག་ཁུལ་ཁང་གི་གཡོན་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་དམག་དཔོན་སར་སླེབས་དུས་བརྟག་དཔྱད་ལས་ཀ་མུ་མཐུད་བྱེད་ཐུབ་ཀྱི་མེད་པ་རེད། སྐབས་དེ་དུས་སྟག་རྩེ་རྫོང་དྲག་ཆས་དམག་སྒར་ཀྱི་ཆབ་སྲིད་འགན་འཛིན་དེ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་(ཀྲུའུ་རིན་)ཡིན་ཞིང༌། ཡན་ལག་དམག་སྒར་གྱི་དམག་སྤྱི་གཞོན་པ་ལིའི་ཤི་རན་ནི་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ནོར་སྲིད་དཔལ་འབྱོར་ཚོགས་ཆུང་གི་འགོ་ཁྲིད་ཡིན་པ་འཁོད་འདུག མུ་མཐུད་བརྟག་དཔྱད་བྱེད་ཐུབ་མེད་པ་གང་ཡིན། ཡང་དམག་དཔུང་གིས་ཡང་སྙིང་ཕྱི་ལ་བརྗོད་མ་ཐུབ་པའི་བྱ་བ་གང་འདྲ་ཞིག་བྱས་ཡོད་པ་ཡིན་ནམ། འདི་ཡང་ཁྲུན་ཐག་གཅོད་དཀའ་བའི་གྱོད་གཞི་ཞིག་ཡིན་པ་མངོན་གསལ་དོད་པོ་ཡིན་པས་བོད་མི་ཚོ་ནི་ལྐུགས་པས་མྱང་རྩི་བཟའ་དུས་སུ་ཁ་ཏིག་ཆེ་ཡང་བཤད་དཀའ་ཟེར་བའི་དཔེ་ལྟར་ཡིན་པ་རེད།
དེ་མིན་གོང་དུ་བརྗོད་པ་བཞིན་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ནས་དུས་ཡུན་རིང་པོ་མ་སོང་བར་སྐབས་ཤིག་རིང་དམར་གསོད་ཆེན་པོ་བཏང་ཡོད་པས་བཤད་ཡག་ཐལ་ཆ་ཆེ་དྲགས་མེད། གང་ལྟར་སྤྱི་ལོ་༡༩༦༩ ལོར་ས་གནས་མི་ཉུང་བ་ཞིག་ནང་གསར་བརྗེར་ངོ་རྒོལ་གྱི་དྲག་ཟིང་ཟེར་བར་དམིགས་ཏེ་དྲག་ཤུགས་ཀྱིས་ཞོད་འཇགས་ཟེར་བ་བཏང་བ་ཡིན་ནའང་འདྲ། གང་ལྟར་སྤྱི་ལོ་༡༩༧༠ ལོའི་རྗེས་དཔེར་ན་གྲལ་རིམ་དཔུང་ཁག་གཙང་བཤེར་ཟེར་བ་དང་གཅིག་གཏོར་གསུམ་རྒོལ་ཟེར་བའི་ལས་འགུལ་སྤེལ་བ་སོགས་ཡིན་ནའང་འདྲ། དེ་ཚོ་ཚང་མ་ནི་ས་གནས་ཁག་གི་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་གོ་དོན་དེ་བས་ཁྱབ་ཆེ་བ་དང་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་ཡོད་པའི་གྲལ་རིམ་དགྲ་བོ་ཟེར་བར་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་གྱི་གསར་བརྗེའི་བྱ་སྤྱོད་ཟེར་བ་སྤེལ་ཡོད་པ་རེད། དོ་སྣང་བྱ་དགོས་པ་ཞིག་ལ་གྲལ་རིམ་དགྲ་བོ་ཟེར་བ་འདི་བོད་རྙིང་པ་ཟེར་བའི་མངའ་བདག་ཆེན་པོ་གསུམ་གཅིག་པུ་མ་ཡིན་པར་བོད་གསར་པ་ཟེར་བའི་ནང་གི་མ་རྩ་རིང་ལུགས་ཀྱི་ལམ་ཐོག་སྐྱོད་མཁན་ཟེར་བ་ཡང་ཚུད་ཡོད་པ་མ་ཟད། ད་དུང་དེའི་ནང་ལྔ་གཅིག་དྲུག་གི་མི་སྣ་ཟེར་བ་(མིང་འདིའི་འབྱུང་ཁུངས་ནི་རྒྱ་ནག་གུང་ཁྲན་གཞུང་གི་<<ཟླ་བ་ལྔ་པའི་ཚེས་བཅུ་དྲུག>> ཟེར་འཁོད་པའི་བརྡ་ཐོ་འདི་མང་ཚོགས་སྒྲིག་འཛུགས་གཅིག་ལ་མིང་བཏགས་པ་ཞིག་ཡིན་པ་དང་སྒྲིག་འཛུགས་དེ་བཙུགས་ནས་དུས་ཡུན་རིང་པོ་མ་སོང་བར་ལྐོག་གཡོའི་བྱ་སྤྱོད་བརྩམས་མཁན་གྱི་གསར་བརྗེར་ངོ་རྒོལ་ཚོགས་པ་ཟེར་བར་ངོ་བོ་གཏན་འཁེལ་བྱས་པ་རེད། བོད་ནས་ཀྱང་ལྔ་གཅིག་དྲུག་ཟེར་བ་མི་ཉུང་བ་ཞིག་འཛིན་བཟུང་བྱས་ཡོད་པས་དེ་དང་འབྲེལ་བ་ཆགས་པའི་གཞི་ཁྱོན་ནས་བལྟས་ན་ལྔ་གཅིག་དྲུག་ཟེར་བ་འདི་རིག་གནས་གསར་བརྗེ་ཆེན་པོའི་ནང་གི་མ་ཉེས་ཁག་གཡོགས་ཀྱི་གྱོད་དོན་ཚབས་ལྗིད་ཤོས་གྲས་ཤིག་ཡིན་པ་བརྗོད་ཆོག)སོགས་གྱེན་ལོག་ཤོག་ཁག་དང༌། ད་དུང་ངོ་ལོག་ཟིང་འཁྲུག་ཟེར་བ་དང་ཡང་ན་རྒྱལ་ཁབ་ལ་རྒྱབ་གཏོད་ཟེར་བའི་ངན་ཇུས་གཏིང་མཁན་གྱི་མི་རིགས་རིང་ལུགས་པ་ཟེར་བ་ཡང་ཚུད་ཡོད། འདི་འདྲའི་གཅིག་རྗེས་གཉིས་མཐུད་ཀྱི་ཆབ་སྲིད་ལས་འགུལ་ནང་མི་ཡུལ་གྱི་སྐྱོ་གནས་འཁྲབ་ཚན་རེ་རེ་བཞིན་རྒྱུན་ཆད་མེད་པར་འཁྲབ་སྟོན་བྱས་པར་བརྟེན་བོད་པ་མི་ཉུང་བ་ཞིག་ངོ་ལོག་ཟིང་འཁྲུག་པ་ཟེར་བ་དང་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཟེར་བའི་ཉེས་བཙུགས་ཁྲིམས་ཐག་བཅད་པའི་ཁྲོད་ནས་དམར་བསད་བཏང་ཡོད་པ་རེད། ཡང་དེ་བས་མི་མང་བ་ཞིག་འཇིགས་སྣང་དངངས་སྐྲག་ཧ་ཅང་ཆེན་པོ་སྐྱེས་ཏེ་ཐབས་ལམ་སྣ་ཚོགས་ཐོག་ནས་རང་ཤི་བརྒྱབ་ཡོད། དེ་བཞིན་སེམས་མི་བདེ་བ་ཆགས་ཏེ་སྨྱོ་བ་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། ད་ཆ་མི་ཚོས་ཕྱིར་དྲན་བྱས་པའི་ནང་དུས་ཚོད་འདི་ནི་ཁྱོན་ཡོངས་ཀྱི་ལོ་བཅུའི་རིག་གནས་གསར་བརྗེའི་ལས་འགུལ་ནང་འཇིགས་སྣང་ཆེ་ཤོས་དང་ཐ་ན་མི་ཚང་མར་ཉེན་ཁ་ཡོང་བའི་སེམས་ཁྲལ་བྱུང་ཡོད་པ་རེད་འདུག
<<བོད་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཡིག་ཆ་གཅེས་བསྡུས།>> ནང་འཁོད་པར་གཞིགས་ན། སྤྱི་ལོ་ ༡༩༨༠ ལོར་བོད་རང་སྐྱོང་ལྗོངས་ནས་སྲིད་ཇུས་དོན་འཁྱོལ་གྱི་ཚོགས་འདུ་ཟེར་བ་སྐོང་ཚོགས་བྱས་ཡོད་པ་རེད་འདུག ཚོགས་འདུའི་ཟིན་ཐོ་བཀོད་པའི་ནང་གསལ་བར། བསྡོམས་རྩིས་རགས་བསྡུས་བྱས་པར་གཞིགས་ན། མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་གྱོད་གཞི་ནོར་འཁྲུལ་ཤོར་བ་སྣ་ཚོགས་བྱུང་ཡོད་པའི་ནང་འབྲེལ་བ་ཆགས་པ་དང་ཞོར་དྲུད་ཐེབས་པའི་མི་རང་སྐྱོང་ལྗོངས་ཁྱོན་ཡོངས་ལ་ཁྲི་བཅུ་གྲངས་བྱུང་ཡོད་པས་མི་འབོར་ཁྱོན་ཡོངས་ཀྱི་བརྒྱ་ཆ་བཅུ་ཡན་ཟིན་གྱི་ཡོད་པ་རེད་ཅེས་འཁོད་བཞག གྲངས་ཚད་འདི་ནི་ཧ་ཅང་གི་ཧ་ལས་དགོས་པ་ཞིག་རེད། གཅིག་བྱས་ན་དངོས་ཡོད་ཀྱི་གྲངས་ཚད་འདི་གུང་ཁྲན་ཚོགས་པ་ནས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་ཚད་ལས་དེ་བས་མང་བ་ཡོད་སྲིད། མི་འབོར་གྱི་བརྒྱ་ཆ་ག་ཚོད་ཙམ་ཟིན་གྱི་ཡོད་པ་ཡིན་ནམ། བརྒྱ་ཆ་ཉི་ཤུ་ཡང་ན་བརྒྱ་ཆ་སུམ་བཅུ་ཟིན་གྱི་ཡོད་པ་ཡིན་ནམ། ཐ་ན་འདི་ལས་མང་པ་ཡོད་པ་ཡིན་ནམ། སྦས་གསང་བྱས་པའི་གནས་ཚུལ་ངོ་མ་འདི་ཕལ་ཆེར་སུ་ཞིག་གིས་ཀྱང་གསལ་པོ་རྟོགས་དཀའ་བ་རེད། དེར་བརྟེན་སྤྱི་ལོ་༡༩༨༨ ལོར་རྒྱ་ནག་གུང་ཁྲན་གཞུང་གི་ཆེས་མཐོའི་དཔོན་པོ་ཇའོ་ཧྲེ་ཡིས་བོད་ལ་ལས་དོན་རྟོགས་ཞིབ་བྱ་སྐབས་ཁ་གསལ་བརྗོད་དོན་ལ། སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་མུ་མཐའ་མེད་པ་མ་ཡིན་པ་དང་རྫོགས་རྒྱུ་མེད་པར་ཡུན་རིང་དོན་འཁྱོལ་བྱ་རྒྱུ་མེད་པ་རེད་ཅེས་བརྗོད་ཡོད། དེའི་གོ་དོན་ནི་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་ནོར་འཁྲུལ་ཤོར་བའི་གྱོད་གཞི་དེ་ཚོ་བསྐྱར་དུ་གླེང་དགོས་དོན་མེད་པར་དུས་དེ་ནས་བཟུང་རྦད་དེ་ནག་བསུབ་བཏང་བ་ཞིག་མ་ཡིན་ནམ། བྱས་ན་ཉེས་མེད་ཉེས་བཀལ་འོག་ཚེ་སྲོག་ཤོར་བ་རྣམས་བོད་ཀྱི་ས་གནས་འདིའི་སྟེང་སྐོར་བ་འཁོར་ནས་བསྡད་ཡོད་པའི་ཤི་པོའི་རྣམ་ཤེས་ཤིག་ཆགས་པ་མ་རེད་དམ།
སྤྱི་ལོ་༡༩༧༢ལོའི་རྗེས་སུ་ཆོས་དད་རང་མོས་ཐོག་གཞི་ནས་སླར་གསོ་ཕྲན་བུ་བྱུང་འགོ་ཚུགས་པ་དེས་གོད་ཆག་ཚབས་ཆེན་ཕོག་པའི་གཙུག་ལག་ཁང་ཞིག་གསོ་ཐུབ་པ་མངོན་གྱི་ཡོད་པ་ཡིན་རུང་མང་ཚོགས་ནི་ཡོངས་ཁྱབ་ངང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ད་དུང་ཞུགས་ཆོག་གི་མེད་པ་རེད།
སྤྱི་ལོ་ ༡༩༧༩ ལོ་འདི་ནི་རིག་གནས་གསར་བརྗེ་ཆེན་པོ་མཇུག་སྒྲིལ་རྗེས་ཀྱི་ལོ་གསུམ་པ་དེ་ཡིན་ཞིང༌། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ལོ་བཅུའི་རིང་རྒྱུན་འཁྱོངས་བྱས་པའི་དབང་ཆའི་ཚན་པ་དེ་མེད་པ་བཟོས་པ་དང༌། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མང་ཆེ་བ་རྫུ་འཕྲུལ་སྟོན་པ་ལྟར་རང་གཟུགས་བསྒྱུར་ཐེངས་གཅིག་ལ་མུ་མཐུད་བོད་ཀྱི་ཆབ་སྲིད་གར་སྟེགས་སྟེང་ལ་གཡོ་རྒྱུ་ཆེ་ཞིང་འགྱུར་ལྡོག་མང་བའི་བྱ་བའི་ཐོག་མཉམ་ཞུགས་བྱེད་བཞིན་ཡོད་པ་རེད།
འདི་ནི་རྒྱ་ནག་གུང་ཁྲན་གཞུང་གི་བོད་ནང་ཡོད་པའི་ཆེས་མཐོའི་སྲིད་དབང་ཚན་པའི་རྒྱལ་སྒོ་རེད། མིང་ཐེངས་ཁ་ཤས་བསྒྱུར་ཡོད་པའི་ནང་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་ཟེར་བ་དང་དེ་རྗེས་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཕྱིན་པའི་སྐབས་མིང་འདི་ལའང་འགྱུར་བ་ཕྱིན་ཡོད། ཡིན་ནའི་ལྷ་སའི་མི་ཚོས་གོམས་གཤིས་ཆགས་ནས་འདི་ལ་ཏང་ཨུད་ཀྱི་སྒོ་རྭ་ཞེས་འབོད་ཀྱི་ཡོད།
སྤྱི་ལོ་༡༩༧༥ ལོར་བོད་རྙིང་པ་ཟེར་བ་དེ་ཆེས་ཡ་ང་བའི་མི་ཡུལ་གྱི་དམྱལ་བ་ཞིག་དང་ཆེས་མུན་ནག་གི་མི་བཟའ་བའི་བདུད་འདྲེའི་ཚང་ཞིག་ཡིན་པ། ཆེས་ལོག་སྤྱོད་ཀྱི་ཆབ་སྲིད་འཕྲུལ་ཆས་ཤིག་ཡིན་པ། དེ་བཞིན་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་མགོན་སྐྱབས་གཙོ་འཛིན་མའོ་(ཀྲུའུ་ཞི་)ཡིན་པ་བཅས་གསལ་བཤད་བྱེད་ཆེད་བོད་ཀྱི་གསར་བརྗེ་ཨུ་ཡོན་ལྷན་ཁང་ནས་པེ་ཅིང་གིས་བེད་སྤྱོད་བྱེད་བདེའི་སྒྱུ་རྩལ་པ་གདན་ཞུ་བྱས་ཏེ་འཇིམ་བརྙན་<<ཞིང་བྲན་ཁྲོ་བའི་མེ་ལྕེ།>>ཟེར་བ་གཞི་རྒྱ་ཆེན་པོ་ཞིག་གསར་བཟོ་བྱས་ནས་མི་རྣམས་ཀྱིས་ལྟ་བས་མི་བཟོད་པའི་གནས་ཚུལ་ཡ་ང་བ་དང་ཡང་ན་དྲང་བདེན་གི་ཁོང་ཁྲོའི་མེ་ལྟར་འབར་བ་སོགས་ཀྱི་མི་སྣ་བརྒྱ་ལྷག་བཤམས་སྟོན་བྱས་ཡོད་པ་འདི་རྣམས་བོད་ཀྱི་གསར་བརྗེའི་འགྲེམ་སྟོན་ཁང་ཟེར་བའི་ནང་གཟབ་རྒྱས་ངང་འགྲེམ་སྟོན་བྱས་ཡོད་པ་རེད། དེས་ལོ་རྒྱུས་སློབ་གསོའི་གསོན་ཉམས་ལྡན་པའི་སློབ་དེབ་ཅིག་མཁོ་སྤྲོད་བྱས་ཡོད་ཟེ་གྲགས་པ་དེ་ནི་རིག་གནས་གསར་བརྗེའི་ཤུལ་རྗེས་བཞག་པ་ཧ་ཅང་གསལ་ཐག་ཆོད་རེད། རིག་གནས་གསར་བརྗེ་ཆེན་པོ་མཇུག་སྒྲིལ་བའི་གསལ་བསྒྲགས་བྱས་ཏེ་ལོ་ངོ་༣༩ཕྱིན་ཟིན་པའི་སྤྱི་ལོ་༢༠༠༥ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཡང་བསྐྱར་བཅོས་སྒྲིག་བྱས་ནས་དཔེ་སྐྲུན་བྱས་ཏེ་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལག་རྟགས་ལ་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།