སྤྱི་ལོ་༡༩༥༩ ལོའི་རྗེས་བོད་ཀྱི་ཞིང་ཁུལ་དང་འབྲོག་ཁུལ་ལ་དམངས་གཙོའི་བཅོས་སྒྱུར་ཟེར་བ་བཏང་ནས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཟེར་བའི་བཤད་སྲོལ་དེ་ཚད་ངེས་གཏན་ཅན་ཞིག་གི་ཐོག་ཆེད་བཙུགས་བྱེད་ཐུབ་པ་བྱུང་ཡོད་རུང་མི་དམངས་སྤྱི་ཁང་ཅན་ཟེར་བས་གང་མྱུར་ཡར་ལངས་ཟེར་བའི་འབྲས་བུ་འདི་མགོ་རྟིང་སློག་ཡོད་པ་རེད། གུས་ཁྲན་ཚོགས་པའི་ལས་བྱེད་པ་ཚོས་གང་མགྱོགས་བོད་འདི་རྒྱ་ནག་རྒྱལ་ཡོངས་ཀྱི་གོམ་སྟབས་རྗེས་ཟིན་ཐུབ་པའི་ཆེད་སྤྱི་ཁང་ཅན་གྱི་ཚོད་ལྟ་བྱ་རྒྱུ་འགོ་བཙུགས་ཡོད། སྤྱི་ལོ་༡༩༦༠ ལོ་ནས་བོད་ཀྱི་ཞིང་ཁུལ་དུ་ཞིང་ལས་ཐོན་སྐྱེད་ཀྱི་མཉམ་ལས་ཚོགས་ཆུང་བརྒྱད་སྟོང་ལྷག་ཙམ་བཙུགས་ཚར་ཡོད་པ་མ་ཟད། ད་དུང་མཉམ་ལས་ཁང་བདུན་བཅུ་བརྒྱད་བཅུ་ཙམ་ཚོད་ལྟའི་ཚུལ་དུ་གསར་བཙུགས་བྱས་ཡོད། འོན་ཀྱང་བོད་ལ་ངོ་ལོག་ཞོད་འཇགས་ཟེར་བ་ཚར་ཙམ་ཡིན་པས་གནས་སྟངས་བརྟན་ལྷིང་མེད་པའི་རྒྱུ་མཚན་ཐོག་ནས་གནས་སྐབས་མཚམས་འཇོག་བྱས་ཡོད་པ་རེད། སྤྱི་ལོ་༡༩༦༥ ལོ་ནས་བོད་ལ་མི་དམངས་སྤྱི་ཁང་ཟེར་བ་ཚོད་ལྟའི་ཚུལ་དུ་བཙུགས་ཡོད། སྟོད་ལུང་བདེ་ཆེན་རྫོང་གི་མཐོང་དགའ་གྲོང་ཚོར་མི་དམངས་སྤྱི་ཁང་ཐོག་མ་དེ་ཚོད་ལྟའི་ཚུལ་དུ་བཙུགས་པ་དང་དེ་རྗེས་ཡུན་རིང་མ་སོང་བར་སྟག་རྩེ་རྫོང་སྤང་སྟོད་གྲོང་ཚོར་མི་དམངས་སྤྱི་ཁང་ཨང་གཉིས་པ་དེ་ཚོད་ལྟའི་ཚུལ་དུ་བཙུགས་ཡོད་པ་རེད། སྤྱི་ལོ་༡༩༦༦ ལོའི་ལོ་སྟོད་ལ་སླེབས་སྐབས་མི་དམངས་སྤྱི་ཁང་༡༣༠ཙམ་བཙུགས་ཡོད། ཡང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པའི་རྗེས་དེ་བས་རྟ་མཆོག་ལྕག་གིས་སྐུལ་བ་ལྟར་མི་དམངས་སྤྱི་ཁང་ཤུགས་ཆེ་འཛུགས་གཉེར་བྱས་ཏེ་སྤྱི་ལོ་༡༩༧༥ལོར་བོད་དུ་གྲོང་ཚོ་བརྒྱ་ཆ་༩༩སྤྱི་ཁང་ཅན་དུ་གྱུར་ནས་ཁྱོན་མི་དམངས་སྤྱི་ཁང་ ༡༩༢༥ བཙུགས་པ་དེ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁའི་འབྲས་བུ་ཞིག་ཡིན་པ་བརྗོད་མི་དགོས་པ་རེད།

རྒྱ་ནག་ནང་མི་དམངས་སྤྱི་ཁང་ཅན་ལ་འགྱུར་རྒྱུ་ལག་བསྟར་བྱས་པའི་གྲུབ་འབྲས་ནི་གནམ་འཐབ་ས་འཛིང་གི་སྙིང་སྟོབས་འཁྱེར་ནས་རང་བྱུང་ཁམས་ལ་འགྱུར་བ་གཏོང་རྒྱུ་དང་ས་ཞན་ཆུ་ངན་འདི་མི་ཡུལ་གྱི་ས་ཞིང་ལེགས་ཤོས་སུ་གྱུར་པའི་མིང་ལ་ཏཱ་ཀྲས་ཀྱི་མི་དམངས་སྤྱི་ཁང་ཟེར་བར་གྱུར་བ་རེད། ལོ་རབས་བདུན་བཅུའི་འགོ་སྟོད་ནས་འགོ་ཚུགས་ཏེ་མའོ་ཙེ་ཏུང་གིས་འབོད་སྐུལ་བཀའ་རྒྱ་གཏོང་ཐེངས་གཅིག་ལ་ཞིང་ལས་ཏཱ་ཀྲས་ལ་སློབ་སྦྱོང་བྱ་དགོས་ཟེར་བ་དེས་རྒྱ་ནག་ཡོངས་ཀྱི་གྲོང་གསེབ་ཚང་མ་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་ངལ་རྩོལ་གྱི་མཐོ་རླབས་ནང་ཞུགས་དགོས་བྱུང་བ་རེད། བོད་འདི་ཡང་རྒྱ་ནག་ནང་གི་གྲོང་གསེབ་ཡོད་ཚད་དང་འདྲ་བར་མི་དམངས་སྤྱི་ཁང་རེ་རེ་བཞིན་ཏཱ་ཀྲས་ནང་བཞིན་གྱི་མི་དམངས་སྤྱི་ཁང་ལ་གྱུར་ཡོད། དེར་བརྟེན་སྐབས་དེ་དུས་ཀྱི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོས་མི་ཚེ་གཅིག་རིང་ཧ་ལམ་སེམས་ནང་ངེས་ཤོས་ཀྱི་རྒྱ་ནག་གི་ས་ཆ་གཉིས་ཏེ་གཅིག་ནི་པེ་ཅིང་དང་གཅིག་ནི་ཏཱ་ཀྲས་ཡིན་པ་རེད།

ཡང་གང་འདྲ་བྱས་ཏེ་ཏཱ་ཀྲས་ལ་སློབ་སྦྱོང་བྱ་དགོས་ཀྱི་ཡོད་པ་རེད་དམ་ཞེ་ན། ཞིང་ནང་གཞི་རྩའི་འཛུགས་སྐྲུན་ལ་དེའང་ཆུ་བེད་དང་སྐས་ཞིང་བཟོ་རྒྱུ་ཤུགས་ཆེ་གཉེར་བ་ཕུད་པའི་ས་གནས་ཀྱི་དངོས་ཡོད་གནས་སྟངས་དང་མི་མཐུན་པའི་སྲིད་ཇུས་ཁག་ཅིག་ཐོན་ཡོད་པ་དཔེར་ན་གང་བྱུང་གིས་རྩྭ་རྭ་དང་འབྲོག་རྭ་གསར་སྦོལ་བྱས་ཏེ་འབྲུ་རིགས་འདེབས་འཛུགས་བྱེད་བཅུག་པ། ཡང་འབྲུ་བཏབ་རྒྱུའི་ཚབ་ལ་དགུན་གྲོ་བཏབ་བཅུག་པ་སོགས་བྱས་ཡོད་པ་དེས་རྗེས་སུ་འདི་ནི་གཅིག་ནས་སྤྱི་ཚོགས་ཀྱི་གནོད་འཚེ་ཡིན་ལ་ཡང་ཕྱོགས་གཞན་ཞིག་ནས་སྐྱེ་དངོས་གནས་ལུགས་ལ་གནོད་འཚེ་ཞིག་ཀྱང་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད། འབྲུ་ནི་གངས་ལྗོངས་ས་མཐོའི་སྟེང་གི་ཞིང་ལས་སྐྱེ་དངོས་གཙོ་བོ་ཞིག་དང་རྒྱ་མཚོའི་ངོས་ནས་རྩིས་པའི་ས་མཐོའི་ས་བབ་དང་མཐུན་པའི་ལོ་ཏོག་ཅིག་ཡིན་པ་རེད། འབྲུ་ལས་བཟོས་པའི་རྩམ་པ་ཡིས་བོད་མི་རིགས་འདི་བཞིན་ས་བབ་ཧ་ཅང་མཐོ་བའི་ས་ཆ་འདིའི་སྟེང་སྐྱེད་འཕེལ་འཚོ་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་རེད། དོན་དངོས་ཐོག་བོད་མི་རྣམས་ཀྱིས་གྲོ་བཟའ་རྒྱུར་དེ་ཙམ་གྱིས་དགའ་པོ་མེད་པ་མ་ཟད་བོད་ལ་བཏབ་པའི་དགུན་གྲོའི་སྤུས་ཚད་ཞན་པོ་ཡོད་པ་རེད།

བོད་ཀྱི་ཞིང་འབྲོག་ཁུལ་གྱི་རྒན་འཁོགས་ཚོས་ཏཱ་ཀྲས་ཟེར་བ་སེམས་ལ་ངེས་དགོས་པ་མ་ཟད། ད་དུང་ཏཱ་ཀྲས་ཀྱི་འགོ་ཁྲིད་གྲེན་ཡུང་ཀུད་ཟེར་བ་འདི་ཡང་ངེས་དགོས་ཀྱི་ཡོད། གང་ཡིན་ཞེ་ན། སྤྱི་ལོ་༡༩༧༤ ལོའི་ཟླ་བ་བཅུ་གཅིག་པའི་ནང་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པར་བསྐོ་བཞག་བྱས་པའི་གྲེན་ཡུང་ཀུད་ཆེད་མངགས་བོད་ལ་ཏཱ་ཀྲས་ཀྱི་ཉམས་མྱོང་དྲིལ་བསྒྲགས་བྱེད་པར་སླེབས་ཡོད། (འདྲ་པར་འདི་ནི་སྤྱི་ལོ་༡༩༧༥ ལོར་འགྲེམ་སྤེལ་བྱས་པའི་<<བོད་རང་སྐྱོང་ལྗོངས་ཀྱི་བརྙན་དེབ།>>ལ་ཡང་བསྐྱར་པར་ལེན་པ་ཡིན།)

ལྷག་པར་དུ་སྤྱི་ཁང་ལ་གྱུར་བའི་རྗེས་ཞིང་འབྲོག་མང་ཚོགས་ཀྱི་ས་ཞིང་དང་ཕྱུག་རིགས་ཚང་མ་གཞུང་བཞེས་བཏང་བ་དང་ཡང་མཉམ་ལས་ཅན་གྱི་ངལ་རྩོལ་ནང་ལས་ཀའི་སྐར་གྲངས་ཀྱི་ཡོང་འབབ་ཧ་ཅང་ཞན་པོ་ཡོད་ཅིང་། གཞུང་འབྲུ་ཚུད་པའི་དཔྱ་ཁྲལ་དེ་ཙམ་གྱི་མང་པོ་མིན་ན་ཡང་ཁུར་པོ་ཡང་པོ་མེད་པ་རེད། ཞིང་ཁུལ་དང་འབྲོག་ཁུལ་དབར་དངོས་ཟོག་བརྗེ་རེས་བྱེད་པའི་སྲོལ་རྒྱུན་གྱི་ཐབས་ལམ་(འབྲུ་ཡིས་མར་དང་ཤ་རིགས་བརྗེས་པ།)མེད་པ་བཟོས་ཏེ་གཞུང་ནས་གཅིག་གྱུར་ཐོག་འབྲུ་རིགས་བཙོང་རྒྱུར་བསྒྱུར་བཅོས་བྱས་པ་སོགས་དེའི་ཐོག་གངས་སྐྱོན་དང་སེར་སྐྱོན་སོགས་རང་བྱུང་གི་གནོད་འཚེ་སྣ་ཚོགས་ཀྱིས་མི་དམངས་འཚོ་ཐབས་བྲལ་ཏེ་ཐ་ན་གྲོང་ཚོ་གྲོང་ཚོ་བྱས་ནས་ཕྱི་ལ་ལྟོ་སློང་བར་འགྲོ་དགོས་བྱུང་ཡོད། རྒྱ་ནག་གུང་ཁྲན་གཞུང་རང་ཉིད་ཀྱིས་སྔོན་དཔག་དང་རགས་རྩིས་བྱས་པར་གཞིགས་ན། སྤྱི་ཁང་ཅན་ལ་གྱུར་རྗེས་ཀྱི་དུས་མཇུག་ལ་བོད་ཡོངས་ལ་མི་ཁྲི་ལྔ་བཅུ་ཙམ་གྱི་འཚོ་བ་ནི་སྤྱི་ཁང་ཅན་ལ་མ་འགྱུར་གོང་ལས་སྡུག་རུ་ཕྱིན་ཡོད་པ་རེད་ལ། དེའི་ནང་ཧ་ལམ་མི་ཁྲི་ཉི་ཤུ་ཙམ་གྱི་འཚོ་བ་ཧ་ཅང་གི་སྐྱོ་པོ་ཆགས་ཡོད་པ་རེད།

གྲངས་ཚད་འདི་སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་བསྡོམས་གྲངས་ས་ཡ་གཅིག་དང་འབུམ་བརྒྱད་ཡོད་པ་ནས་བརྒྱ་ཆ་ཧ་ཅང་མཐོ་པོ་ཟིན་ཡོད། བོད་ཀྱི་མང་ཚོགས་ཚོ་མི་དམངས་སྤྱི་ཁང་ཅན་ལ་གྱུར་བ་དེས་སྐྱིད་པོ་ཡོང་རྒྱུ་མ་བྱུང་བར་དེ་ལས་ལྡོག་སྟེ་དཀའ་སྡུག་མྱང་དགོས་བྱུང་བ་འདི་བོད་ལ་ཡོད་པའི་རྒྱ་ནག་གུང་ཁྲན་གཞུང་གི་དཔོན་རིགས་ཚོས་ཁས་ལེན་མི་བྱེད་ཀ་མེད་བྱུང་བ་རེད།

ཉིན་ལྟར་ཞིང་ཁ་དང་མུ་ཁའི་ནང་མའོ་ཙེ་ཏུང་གི་བསམ་བློ་སློབ་སྦྱོང་བྱས་པ་ཡིན་རུང༌། མའོ་ཙེ་ཏུང་གི་བསམ་བློའི་རྡུལ་ཕྲན་འབར་མདེལ་ཟེར་བ་དེས་བོད་ཀྱི་ས་གནས་ཁག་ལ་གང་སར་གྲོ་སྙེའི་རྦ་རླབས་ལང་ལོང་གཡོ་བ་དང་འབྲུ་རིགས་ཀྱིས་བང་མཛོད་ཁེངས་པ་ཞིག་ཡིན་ས་མ་རེད། དེ་ལས་དགོད་བྲོ་བ་ཞིག་ལ་སྤྱི་ལོ་༡༩༧༤ལོའི་ཟླ་བ་བཅུ་གཅིག་པའི་ནང་བོད་ལ་ཞིང་ལས་དང་འབྲོག་ལས་ཐོག་ཏཱ་ཀྲས་ལ་སློབ་སྦྱོང་བྱེད་པའི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་ཟེར་བ་ཞིག་སྐོང་ཚོགས་བྱས་ནས་རེན་རུང་གིས་ཚོགས་འདུའི་ཐོག་སྤོབས་པ་ཆེན་པོས་ལྗོངས་ཡོངས་ལ་རྩ་བའི་ཐོག་ནས་འབྲུ་རིགས་རང་ཁ་རང་གསོ་བྱེད་ཐུབ་པ་བྱུང་ཡོད་ཟེར་བའི་ཁྱབ་བསྒྲགས་བྱས་ཡོད། ཉིན་ཤས་རྗེས་ཏཱ་ཀྲས་ཀྱི་དཔའ་བོ་གྲེན་ཡུང་ཀུད་ཟེར་བ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣར་གྱུར་པའི་མའོ་ཙེ་ཏུང་གི་ཞིང་པ་དེས་བོད་ལ་རྟོགས་ཞིབ་ཏུ་སྐྱོད་ནས་ཁོ་པས་བོད་ཀྱི་དུས་བབ་ཧ་ཅང་གི་ཡག་པོ་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད།

དེ་དང་དུས་མཚུངས་སྤྱི་ཁང་ཅན་ལ་སྒྱུར་བའི་བརྒྱུད་རིམ་ནང་ད་དུང་བོད་ཀྱི་ཞིང་ཁུལ་དང་འབྲོག་ཁུལ་གྱི་སྲོལ་རྒྱུན་རིག་གཞུང་ལ་གཏོར་བཤིག་བཏང་ཡོད། བོད་སྐད་བྱང་ཆུབ་པ་ཡོད་པའི་བོད་རིག་པའི་མཁས་པ་མེལ་ཝིན་གྷོལྜ་སི་ཌེན་གྱིས་ལོ་རབས་བརྒྱད་བཅུའི་ནང་བོད་ཀྱི་ནུབ་ཕྱོགས་འབྲོག་ཁུལ་ལ་ཟླ་བ་བཅུ་དྲུག་རིང་ཞིང་ཁུལ་དུ་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར།

མི་སྒེར་སོ་སོའི་ཆོས་ལུགས་བྱེད་སྒོར་བཀག་འགོག་བྱས་ཡོད་ལ། དགོན་པ་དང་སྨོན་ལམ་འདེབས་ས་སོགས་པ་ཚང་མ་མེད་པ་བཟོས་པ། འབྲོག་པ་ཚོར་བཙན་ཤེད་ཀྱིས་ཁོ་པ་ཚོའི་ཀླད་པའི་ནང་གཏིང་ཟབ་གནས་པའི་རིན་ཐང་གི་འདུ་ཤེས་དང་གོམས་གཤིས་ཡོད་ཚད་རྩ་མེད་དུ་བཏང་ཡོད་པ་རེད། དཔེར་ན། སྐྱེས་པ་རྣམས་ཀྱིས་ངེས་པར་དུ་ཁོ་པ་ཚོའི་ཁྱད་ཆོས་ལྡན་པའི་དཔྲལ་སྐྲ་དང་སྐྲ་ལྷས་མ་གཏུབ་རུ་བཅུག་པ་དང༌། བུད་མེད་ཀྱིས་བཤས་མི་གཏོང་བའི་གོམས་སྲོལ་མེད་པ་བཟོས་ཏེ་སྲོག་གཅོད་དགོས་པ་བརྗོད་པ་བཅས་འདི་ནི་སྐྲག་སྣང་སྐྱེས་དགོས་པའི་དུས་སྐབས་ཤིག་ཡིན་ཞིང། རྒྱུ་མཚན་ནི་འབྲོག་པ་མང་ཚོགས་ཚོའི་རིན་ཐང་གི་ཚད་གཞི་དང་ཀུན་སྤྱོད་ཀྱི་ཚད་འཛིན་ས་ཚང་མ་ཆེད་མངགས་མགོ་མཇུག་སློག་ཡོད་པ་རེད་ཅེས་འཁོད་འདུག

དེ་འདྲ་ཡིན་པར་བརྟེན་ཁོང་གིས་མཇུག་བསྡོམས་ནང་དུས་སྐབས་འདིའི་རིང་རྒྱ་ནག་གི་སྲིད་ཇུས་ནི་འབྲོག་ཁུལ་གྱི་དཔལ་འབྱོར་གནས་སྟངས་རྒྱུན་འཁྱོངས་བྱེད་དགོས་བསམ་པ་དང༌། ཡིན་ནའི་འབྲོག་ཁུལ་གྱི་སྲོལ་རྒྱུན་སྤྱི་ཚོགས་དང་རིག་གཞུང་གི་གྲུབ་ཆར་གཏོར་བཤིག་བཏང་ཡོད་པ་རེད་ཅེས་འཁོད་ཡོད།

མི་དམངས་སྤྱི་ཁང་ཅན་ལ་བསྒྱུར་བ་དེས་བོད་ཀྱི་ཞིང་ཁུལ་དང་འབྲོག་ཁུལ་མང་པོའི་ནང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་ཁག་འདྲ་པར་འདི་རྣམས་ཀྱི་ཐོག་ཐོན་ཐུབ་མེད། བཅའ་འདྲི་ཞུས་པའི་ནང་སྐབས་དེ་དུས་ཆབ་མདོའི་ས་གནས་ཤིག་ནང་ལས་ཀ་བྱེད་མྱོང་ཡོད་པའི་ཧོར་ཁང་བྱམས་པ་བསྟན་དར་ནས་གསུངས་པར། དེ་དུས་ཞིང་ཁུལ་དུ་སྤྱི་ཁང་ཅན་ལ་བསྒྱུར་ཟིན་པ་དང་དེ་ནས་མུ་མཐུད་འབྲོག་ཁུལ་དུ་སྤྱི་ཁང་བཙུགས་ཡོད་པ་རེད། ཁོང་ཡོད་སའི་ས་གནས་ནང་གི་དྲུང་ཡིག་གིས་ཚོགས་ཆེན་ཐོག་འབྲོག་པ་ཚོས་སྤྱི་ཁང་འཛུགས་འདོད་མེད་པ་དང་རྒྱུ་མཚན་ནི་ཁོ་པ་ཚོ་རང་ཉིད་ཀྱིས་གསོས་པའི་ཕྱུགས་ཟོག་ལ་བརྩེ་དུང་ཡོད་པ་དང་ད་ཆ་ཕྱུགས་ཟོག་ཡོངས་རྫོགས་ཐོན་སྐྱེད་རུ་ཁག་ལ་སྤྲོད་དགོས་ཀྱི་ཡོད་པས་ཁོ་པ་ཚོའི་སེམས་པ་སྐྱིད་པོ་མེད་པ་རེད་ཅེས་བསམ་འཆར་མི་མཐུན་པ་བཏོན་པའི་རྐྱེན་གྱིས་རྫོང་གི་སྤྱི་བདེ་ཚན་པའི་མི་སྣས་མཚན་མོ་དེ་རང་ལ་འཛིན་བཟུང་བྱས་ཏེ་དྲུང་ཡིག་འདི་ལོ་གསུམ་ཧྲིལ་པོ་བཙོན་འཇུག་བྱས་པ་རེད།

མེལ་ཝིན་གྷོལྜ་སི་ཌེན་གྱིས་ཞིབ་འཇུག་གནང་པའི་གཞིས་རྩེ་ས་ཁུལ་ངམ་རིང་རྫོང་ཕ་ལྷ་གྲོང་ཚོར་སྤྱི་ལོ་༡༩༦༩ ལོའི་ལོ་མཇུག་ལ་འབྲོག་ཁུལ་དུ་སྤྱི་ཁང་ལ་བསྒྱུར་བ་བཏང་བ་དེར་ངོ་རྒོལ་བྱས་ཡོད་པ་དང༌། འབྲོག་པ་མང་ཆེ་བར་དེ་སྔའི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་འགན་འཛིན་མི་སྣའི་འགོ་ཁྲིད་འོག་འོས་ལངས་ཀྱི་ལས་འགུལ་ཐོན་ཏེ་ས་ཁུལ་འདིར་བཏང་འཛིན་བྱེད་མི་ཐུབ་པར་གྱུར་ཡོད་པ་དང་རྒྱ་ནག་གཞུང་དང་ཉེ་བའི་བོད་པའི་དཔོན་རིགས་ཁ་ཤས་བསད་པ་རེད། ཁོ་པ་ཚོས་སྲིད་གཞུང་ཟེར་བ་གསར་བཙུགས་བྱས་ནས་ནང་ཆོས་དང་དཔལ་འབྱོར་རང་དབང་དར་སྤེལ་གཏོང་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་པ་རེད། ཡིན་ནའི་དུས་ཡུན་རིང་པོ་མ་སོང་བར་ངོ་ལོག་ཟིག་འཁྲུག་འདི་ལྷོ་ཕྱོགས་ནས་ཡོང་བའི་རྒྱ་ནག་གི་དམག་དཔུང་ནས་ཞོད་འཇགས་སུ་བཏང་ཞིང། རྒྱ་ནག་གཞུང་གིས་འགོ་ཁྲིད་མི་སྣ་ཁག་ཅིག་འཛིན་བཟུང་བྱས་པ་དང་དམར་གསོད་བཏང་ཡོད་པ་རེད་ལ། དེ་མིན་གཞན་རྣམས་བཙོན་བཅུག་དང་ཡང་ན་སློབ་གསོ་བསྐྱར་མ་བརྒྱབ་པ་བཅས་བྱས་ནས་དེ་རྗེས་སྤྱི་ཁང་དང་གསར་བརྗེ་ཨུ་ཡོན་ལྷན་ཁང་གསར་བཙུགས་བྱས་པ་རེད།

དེ་ཡང་སྤྱི་ལོ་ ༡༩༦༩ ལོའི་ནང་རྒྱུན་ཆད་མེད་པར་ཐོན་པའི་དམིགས་ཡུལ་འདྲ་མིན་སྣ་ཚོགས་ཀྱི་ངོ་རྒོལ་ལས་འགུལ་ནང་འགའ་ཤས་ནི་དངོས་གནས་སྤྱི་ཁང་ཅན་ལ་བསྒྱུར་བ་དེར་ངོ་རྒོལ་བྱས་པ་ཞིག་ཡིན་པ་རེད། སྐབས་དེ་དུས་བོད་ཀྱི་གཤམ་འོག་ལ་ཁྱབ་པའི་སྐད་ཆ་ཞིག་ཡོད་པ་དཔེར་ན། བཅིངས་འགྲོལ་ཟེར་བ་ནི་མི་ཚོའི་མགོ་ལ་ཀོ་བའི་ཞྭ་མོ་རློན་པ་གཅིག་གཡོགས་པ་ལྟ་བུ་ཡིན་པས་ཀོ་བའི་ཞྭ་མོ་ག་ཚོད་ཀྱིས་མགྱོགས་པ་སྐམ་ནའི་དེ་རྩིས་ཀྱིས་མགོ་བོ་དམ་རུ་འགྲོ་ཡི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། བྱས་ཙང་དེ་སྔ་བཅིངས་འགྲོལ་ཐོབ་པའི་ཡར་ལངས་ཞིང་བྲན་ཟེར་བ་ཚོས་འདི་ལྟ་བུའི་བཅིངས་འགྲོ་ལ་ཟེར་བ་མི་དགོས་པའི་རྣམ་པ་བསྟན་ཏེ་རྩམ་པ་ཟ་མཁན་གྱིས་འབྲས་ཟ་མཁན་ཕྱིར་འབུད་གཏོང་དགོས་ཟེར་བའི་འབོད་ཚིག་བསྒྲོགས་ཡོད།

གནས་ཚུལ་མང་པོ་ཞིག་གི་བྱུང་ལུགས་བྱུང་སྟངས་སྟབས་བདེའི་ངང་ཚིག་གཅིག་ཏུ་བསྡུས་ནས་བཤད་ན་འགྲིག་པ་ཙམ་མ་ཡིན་པར་རྣམ་པ་སྣ་ཚོགས་ཡོང་སྲིད་ཀྱི་རེད། དེ་ལྟ་བུ་ཡོང་སྲིད་པའི་གནས་ཚུལ་མང་པོ་དོན་དངོས་ཐོག་ཚང་མའི་བྱུང་རྐྱེན་གཞི་འཛིན་ས་གཅིག་ནི་གསར་བརྗེ་དེ་ཡིན་པ་རེད། བོད་ལ་བྱུང་བའི་གསར་བརྗེའི་ལས་འགུལ་ཡོད་ཚད་ནང་མཉམ་ཞུགས་གནང་ནས་མི་ཚེ་ཕྱེད་ཀ་ཙམ་བསྐྱལ་ཚར་བའི་བོད་མི་ཤེས་ཡོན་ཅན་ཞིག་གིས་གསུངས་དོན་ལ། སྤྱི་ལོ་༡༩༥༩ ལོའི་རྗེས་ཀྱི་དམངས་གཙོའི་བཅོས་སྒྱུར་ཟེར་བ་དེ་བོད་ཁུལ་གྱི་དཔལ་འབྱོར་གྱི་གསར་བརྗེ་ཞིག་ཡིན་ཞིང༌། སྤྱི་ལོ་༡༩༦༦ ལོའི་རིག་གནས་གསར་བརྗེ་ཆེན་པོ་འདི་ཡང་བོད་ཀྱི་རིག་གནས་གསར་བརྗེ་ཞིག་ཡིན་པ་རེད། གསར་བརྗེ་ཁག་གཉིས་པོས་བོད་འདི་མཐར་ཕྱིན་པའི་སྒོ་ནས་གྱུར་བ་ཞིག་བཏང་ཡོད་ཅེས་དང༌། ཡང་མི་དམངས་སྤྱི་ཁང་ཅན་ལ་བསྒྱུར་བ་དེ་བོད་ཀྱི་རིག་གཞུང་གི་གསར་བརྗེའི་ནང་མཉམ་འདྲེས་བྱས་ཏེ་བོད་ཀྱི་དཔལ་འབྱོར་ལ་སླར་ཡང་གསར་བརྗེ་ཐེངས་གཅིག་བྱས་པ་ཞིག་ཡིན་པ་རེད།

དེར་བརྟེན་གཞུང་ཕྱོགས་ཀྱི་བསམ་དོན་མངོན་པའི་གསར་འགྱུར་བརྒྱུད་ལམ་ནས་དྲིལ་བསྒྲགས་བྱས་པ་དང་འདྲ་བར་གུས་མོའི་པཱ་ལགས་ཀྱིས་པར་ལེན་གནང་བའི་མི་དམངས་སྤྱི་ཁང་གི་འདྲ་པར་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་སྟོན་གྱི་མེད་པར་རྟོག་བཟོ་བྱས་པའི་བདེ་སྐྱིད་ཀྱི་འཚོ་བ་ཡོད་ལུགས་ཀྱི་རྣམ་པ་རྫུན་བཟོ་བྱས་པ་ཞིག་རེད།

ཐུན་མོང་ཐོག་ངལ་རྩོལ་དང་སློབ་སྦྱོང་བྱེད་མཁན་གྱི་མི་ཚོགས་ནང་གཞོན་ནུ་ཤེས་ཡོན་ཅན་མཉམ་ཞུགས་བྱས་ཡོད་མིན་ཤེས་ཀྱི་མེད། དེ་སྔ་སྤྱི་ལོ་༡༩༦༥ལོའི་ཟླ་བ་བཅུ་པར་<<བོད་ལྗོངས་ཉིན་རེའི་ཚགས་པར།>>ཐོག་རྒྱ་ནག་གི་རྒྱལ་སའི་གཞོན་ནུ་ཤེས་ཡོན་ཅན་ཁག་ཅིག་ནས་རེ་འདུན་བཏོན་ཏེ་བོད་ཀྱི་ཞིང་ལས་ཐོན་སྐྱེད་ནང་མཉམ་ཞུགས་བྱེད་པར་སླེབས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། སྤྱི་ལོ་༡༩༦༩ ལོར་བོད་ཀྱི་ས་གནས་རང་ནས་ཡིན་པའི་སློབ་འབྲིང་སློབ་ཕྲུག་རྣམས་བོད་ཀྱི་གྲོང་གསེབ་ཁུལ་དུ་གཞིས་ཆགས་སུ་བཏང་ཡོད། དེ་རྗེས་ཀྱི་ལོ་མང་རིང་གཞོན་ནུ་ཤེས་ཡོན་ཅན་རི་ཁུལ་དང་གྲོང་གསེབ་ཏུ་སྐྱོད་པའི་ལས་འགུལ་མུ་མཐུད་སྤེལ་ནས་རྒྱུན་ཆད་མེད་པར་རྒྱ་ནག་ནང་ཁུལ་ནས་སེམས་ཤུགས་ཀྱིས་ཁེངས་པའི་གཞོན་ནུ་ཤེས་ཡོན་ཅན་ཁྱུ་དང་ཁྱུ་བཞིན་བོད་ལ་སླེབས་པ་རེད། ད་ལྟའང་བོད་ལ་ལས་ཀ་བྱེད་བཞིན་ཡོད་པའི་སུན་ནི་དེའི་གྲས་ཤིག་ཡིན་ཞིང་། སྤྱི་ལོ་༡༩༧༦ལོར་རྒྱ་ནག་བྱང་ཤར་ཧྥུའུ་ཧྲུན་ནས་ཡོང་བ་ཞིག་དང་ལོ་ན་བཅོ་བརྒྱད་ལོན་ཙམ་ཡིན་པའི་ཁོ་པ་ནི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་དར་དམར་སྤྱི་ཁང་གི་ཞིང་པ་ཆགས་ཡོད། དུས་ཡུན་རིང་པོ་མིན་ན་ཡང་བོད་ཀྱི་ཞིང་པ་དང་བྲལ་མེད་མཉམ་གཤིབ་བྱས་པར་བརྟེན་ཁོ་པས་ས་གནས་ཀྱི་ཡུལ་སྐད་ཤེས་ཡོད་པ་མ་ཟད། ད་དུང་དུས་ད་ལྟ་བར་མཛའ་འབྲེལ་གཏིང་ཟབ་མོ་བཙུགས་ཐུབ་ཡོད་པ་རེད། གང་ལྟར་རིག་གནས་གསར་བརྗེ་མཇུག་སྒྲིལ་གྲབས་ཡོད་པའི་སྐབས་བོད་ཀྱི་གྲོང་གསེབ་ཁུལ་ལ་ངལ་རྩོལ་བྱ་རྒྱུ་ཕུད་དེ་མིན་ཚོགས་འདུ་ཚུགས་རྒྱུ་དེ་ཡིན་པ་རེད། གྲལ་རིམ་འཐབ་རྩོད་དེ་ཙམ་གལ་ཆེན་པོ་ཆགས་མེད། ས་གནས་དེར་འཚོ་གནས་བྱེད་བཞིན་ཡོད་པའི་མང་ཚོགས་རྣམས་ནི་གཞུང་དྲང་ཞིང་བབ་ཆགས་པ་དང་སེམས་བཟང་པོ། ཁོག་ཡངས་བཅས་ཡོད་པས་ཐ་ན་རྒྱ་རིགས་གཞོན་ནུ་ཤེས་ཡོན་ཅན་འདིའི་དྲན་ཤེས་ནང་འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུའི་ས་གནས་ཤིག་ལ་སླེབས་པ་ལྟར་བྱུང་ཡོད་པ་རེད་འདུག

ཡིན་ནའི་འདི་དངོས་གནས་ཀྱི་འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་ཤིག་རེད་དམ། འདི་ལྟ་བུའི་གསར་བརྗེའི་ལས་འགུལ་མང་པོ་བརྒྱུད་པའི་རྗེས་བོད་འདི་ད་དུང་འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་ཤིག་ལ་གནས་ཀྱི་རེད་དམ།

དགོན་པ་གཏོར་བ་དང་སྐུ་འདྲ་མེད་པ་བཟོས་པ། ཕྱག་དཔེ་མེར་བསྲེགས་བཏང་བ་བཅས་ཀྱི་གནས་ཚུལ་དངོས་སུ་ངའི་པཱ་ལགས་ཀྱིས་མིག་མཐོང་ལག་ཟིན་བྱུང་ཡོད་པ་མ་ཟད། ད་དུང་པར་ཆས་ཀྱིས་འཇིགས་སྣང་ཆེ་བའི་རྣམ་པ་འདི་དག་པར་ལེན་གནང་ནས་ཟིན་ཐོའི་ཡིག་ཚགས་ནང་བཀོད་པའི་རྗེས་ཡང་ཁོང་རང་ཉིད་ནས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་ཞིང་པའི་བདེ་སྐྱིད་ཀྱི་འཚོ་བའི་རྣམ་པ་གསར་པ་དེར་ཁོང་རང་ཉིད་ནས་དངོས་གནས་ཡིད་ཆེས་ཡོད་དང་མེད་ལ་ངས་ཡིད་ཆེས་བྱེད་དཀའ་བ་ཞིག་འདུག།