༄༅།། བོད་ཀྱི་ཞིང་འབྲོག་མང་ཚོགས་ངོས་ནས་བཤད་ན། མི་དམངས་སྤྱི་ཁང་ཟེར་བ་འདི་ལོ་བཅུའི་རིག་གནས་གསར་བརྗེ་ཆེན་པོ་ཧྲིལ་པོ་དང་ཁོང་ཚོའི་ཉིན་རེའི་འཚོ་བ་དབར་ཐད་ཀར་འབྲེལ་བ་ཧ་ཅང་དམ་གཟབ་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་རེད། མི་དམངས་སྤྱི་ཁང་ཟེར་བས་ཁོང་ཚོའི་དངོས་པོའི་འཚོ་བ་ཇེ་སྡུག་ཏུ་བཏང་ཡོད་པས་དེ་ཡང་རྙིང་པ་བཞི་ཟེར་བ་གཏོར་བའི་སྐབས་ཁོང་ཚོའི་བསམ་བློའི་བློ་གཏད་བཅོལ་ཡུལ་གྱི་འཚོ་བ་རྩ་གཏོར་བཏང་བ་དང་གཅིག་མཚུངས་ཡིན་པ་རེད།
ཁོང་ཚོས་དུས་ད་ལྟའང་མི་དམངས་སྤྱི་ཁང་ཟེར་བ་འདི་བརྗེད་མི་ཐུབ་པར་དྲན་ཤེས་ནང་གནས་ཡོད། ཁོང་ཚོའི་སྐད་ཆའི་ནང་བོད་སྐད་ཐོག་སྒྱུར་མེད་པའི་མི་དམངས་སྤྱི་ཁང་ཟེར་བའི་ཚིག་དེར་བེད་སྤྱོད་བྱེད་ཡུལ་ཞིག་བཞག་མེད་པའི་ཐོག་དེ་ལས་ལྡོག་སྟེ་ཁོང་ཚོས་སེམས་ནང་ངེས་པ་ནི་རྒྱ་སྐད་ཐོག་ནས་བརྗོད་པའི་ཀུང་ཧྲེ་(སྤྱི་ཁང་) ཟེར་བའི་ཚིག་འདི་ཡིན་པ་རེད། དཔེར་ན་གུང་ཁྲན་ཚོགས་པ་(གུང་ཁྲན་ཏང་)ཟེར་བ་འདི་ནང་བཞིན་གཟུགས་མེད་ཀྱི་ཐ་སྙད་ཅིག་ཡིན་པ་དང་ཡང་དཔེར་ན་པད་ཚལ་ཟེར་བ་དང་སོན་ལ་ཕུག་ཟེར་བ་དེ་ཚོ་ནི་གཟུགས་མེད་ཀྱི་ཐ་སྙད་མ་ཡིན་པར་ཕྱི་ནས་སླེབས་པ་ཞིག་དང་ཐོག་མའི་འབོད་སྲོལ་ལ་སྒྲ་སྒྱུར་བྱས་པའི་ཐ་སྙད་ཅིག་ཆགས་ཀྱི་ཡོད་ལ། སྤྱི་ཚོགས་ཀྱི་འགྱུར་བ་སྣ་ཚོགས་བརྒྱུད་པའི་ཁྲོད་ནས་མུ་མཐུད་བོད་ཀྱི་སྐད་ཡིག་གི་མ་ལག་འདི་ས་གཞི་འདིའི་སྟེང་རྩ་བ་བརྟན་པོ་ཞིག་བཙུགས་ཐུབ་པ་བྱུང་ཡོད།།
འདྲ་པར་འདི་རྣམས་ཀྱི་སྤྱིན་ཤོག་བླུགས་པའི་ཡིག་སྐོགས་འདིའི་སྟེང་མི་དམངས་སྤྱི་ཁང་ལ་རྟེན་འབྲེལ་ཞུ་ཟེར་བའི་ཡི་གེ་བྲིས་བཞག གནམ་མཐོ་ཞིང་སྤྲིན་སྲབ་འཕྱུར་བ་དང་རྒྱ་ཆེ་བའི་ས་ཞིང་དེས་མཁྲེགས་མདོག་ཁ་བའི་རི་བོ་རྒྱང་རིང་ལ་ཕུད་པ་ལྟ་བུ་འདུག ས་ཞིང་དེའི་སྟེང་ནས་སྐྱོད་མཁན་གྱི་ཁྲོམ་སྐོར་རུ་ཁག་གི་གྱོན་ཆས་ཐོག་ནས་བལྟས་ན། ཁོང་ཚོ་ཕལ་ཆེར་ལྷ་སའི་ཉེ་འཁོར་གྱི་ཞིང་པ་ཡིན་བཟོ་འདུག བྱས་ན་གུས་མོའི་པཱ་ལགས་ཀྱིས་ལེན་པའི་འདྲ་པར་འདི་བོད་ཀྱི་མི་དམངས་སྤྱི་ཁང་ཐོག་མ་སྟེ་མཐོང་དགའ་མི་དམངས་སྤྱི་ཁང་མིན་ནམ།
གཡོན་གྱི་འདྲ་པར་འདི་གོ་དོན་གཏིང་ཟབ་ཡོད་པ་ཞིག་འདུག ལེའི་ཉིང་གི་འདྲ་པར་དེ་བོད་ཀྱི་ཞིང་པའི་ལག་གིས་མཐོ་པོར་བསྒྲེངས་བཞིན་ཡོད་པ་ང་ཚོས་མཐོང་བ་ཐོག་མ་ཡིན། ལེའི་ཉིང་གི་འདྲ་པར་བདམས་དགོས་དོན་གང་ཡིན་ནམ། གུང་ཁྲན་ཚོགས་པའི་དེ་མིན་གྱི་མེས་པོ་འགའ་ཤས་ཡོད་པ་དཔེར་ན་མ་ཁེ་སི་དང་ཨེན་ཁེ་སི། ད་དུང་སི་ཀྲ་ལིན་སོགས་ཀྱི་འདྲ་པར་དེའི་ནང་མཐོང་རྒྱུ་མེད་པ་གང་ཡིན། ཡིན་ནའི་དྲི་བ་དེར་ལན་འདེབས་ཡོང་རྒྱུ་མེད་པ་གསལ་པོ་རེད་ལ། དངོས་གནས་བྱས་ན་དེ་ཡང་གལ་ཆེན་པོ་མ་རེད། བོད་ཀྱི་ཞིང་པའི་ངོས་ནས་བཤད་ན། མའོ་ཙེ་ཏུང་དང་འདྲ་བར་ཁོང་ཚོ་ཚང་མ་ཕྱི་ནས་ཡོང་བའི་ལྷ་ཤ་སྟག་རེད།
མདུན་དེར་སྐྱོད་མཁན་འདི་གུང་ཁྲན་ཚོགས་པའི་བུད་མེད་ལས་བྱེད་པ་ཡིན་པ་གསལ་པོ་རེད། ཁོ་མོའི་ལུས་པོའི་སྟེང་གི་གྱོན་ཆ་འདི་རྒྱབ་ལ་ཡོད་པའི་མང་ཚོགས་ཀྱི་ལས་བྱེད་པ་ཚོའི་ཆས་གོས་དང་འདྲ་ཡི་མི་འདུག ད་དུང་གོས་ཐུང་སྟེང་ལྷན་པ་ཆེན་པོ་གཉིས་ཡོད་པ་འདི་མངོན་གསལ་དོད་པོ་འདུག་པས་འདི་ནི་དཀའ་སྤྱད་བབ་ཆགས་ཡོད་པའི་རྣམ་པ་མངོན་པར་བྱེད་ཀྱི་ཡོད། ཁོ་མོ་རྫོང་དཔོན་ཡིན་ནམ་ཡང་ན་གྲོང་ཚོའི་འགོ་ཁྲིད་ཡིན། ཡང་ན་ལས་དོན་རུ་ཁག་གི་འགོ་ཁྲིད་ཡིན་ནམ། བོད་ཀྱི་ཞིང་པ་ཁྱུ་གཅིག་གི་མདུན་ཁོ་མོ་གཅིག་པུ་སྐྱོད་བཞིན་འདུག་པ་འདི་ལམ་སྣེ་ཁྲིད་མཁན་ཞིག་དང་འདྲ་བར་བོད་ཀྱི་ཞིང་པ་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ལ་སྐྱོད་སའི་གསེར་འོད་ཅན་གྱི་ལམ་ཆེན་ཐོག་སྣེ་ཁྲིད་བྱེད་བཞིན་འདུག གསེར་འོད་ཀྱི་ལམ་ཆེན་འདི་ནི་མི་དམངས་སྤྱི་ཁང་ཡིན་ཞིང་དེས་རྒྱ་ཆེའི་ཞིང་ཁུལ་གྱི་ས་ཞིང་ལ་རྟེན་ནས་ཡོད་པ་དང་དེར་རྩ་ངན་གྱིས་ཁེངས་བཞིན་ཡོད་པ་རེད་འདུག སྤྱི་ཚོགས་རིང་ལུགས་ཀྱི་རྩྭ་གསོ་ཉར་བྱེད་དགོས་ནའི་མ་རྩ་རིང་ལུགས་ཀྱི་མྱུ་གུ་ཉར་གྱི་མིན་ཟེར་བ་འདི་ནི་མི་དམངས་སྤྱི་ཁང་ཟེར་བའི་ཁྱད་ཆོས་ངོ་མ་འདི་ཡིན་ཟེ་གུང་ཁྲན་ཚོགས་པས་ང་ཚོར་སློབ་གསོ་བྱེད་ཀྱི་ཡོད།
དགའ་བར་འོས་པའི་འཁྲབ་སྟོན་པ་ཚོས་གྲོང་གསེབ་ཁུལ་དུ་འཁྲབ་སྟོན་བྱེད་པར་སླེབས་ནས་མི་དམངས་སྤྱི་ཁང་ལ་བསྟོད་གླུ་ལེན་གྱི་ཡོད། དེ་རིང་དགའ་བར་འོས་པའི་འཁྲབ་སྟོན་པ་ཚོས་གར་སྟེགས་ཐོག་གཞས་དང་ཞབས་བྲོ་འཁྲབ་སྟེ་སྤྱི་ཁང་གི་ལམ་ལུགས་མེད་པ་བཟོས་པའི་གྲོང་གསེབ་དང་སྒེར་སོ་སོ་ཕྱུག་པོའི་ལམ་དུ་སྐྱོད་པར་བསྟོད་གླུ་ལེན་ནས་འདུག འཁྲབ་སྟོན་པ་མི་རབས་རེ་རེ་བཞིན་གུང་ཁྲན་ཚོགས་པའི་ལག་པའི་ནང་གི་རྩེད་ཆས་བཞིན་བཀའ་ལ་བསྟུན་དགོས་ཀྱི་ཡོད།
ངལ་རྩོལ་གྱི་དཀའ་ངལ་ཡོད་པ་དེ་སྤྱི་ཁང་གི་ལས་མི་བུད་མེད་འདིའི་ངོ་གདོང་ཐོག་ནས་མཐོང་ཐུབ། ཡིན་ནའི་པར་ཆས་ཀྱི་ངོས་ལ་ཁ་ཕྱོགས་སྐབས་ཁོ་མོས་སྔར་བཞིན་བབ་ཆགས་པོའི་འཛུམ་མདངས་ཀྱི་རྣམ་འགྱུར་སྟོན་བཞིན་འདུག
འདྲ་པར་འདི་གསུམ་པོ་ནི་བོད་ཀྱི་དབུས་གཙང་ཁུལ་གྱི་གྲོང་གསེབ་དང་བོད་ཀྱི་ཤར་ཕྱོགས་ཁམས་ཁུལ་གྱི་གྲོང་གསེབ་ཡིན་ཞིང་། མི་དམངས་སྤྱི་ཁང་ཅན་ལ་གྱུར་བའི་རྗེས་མཉམ་རུབ་ཐོག་ནས་ངལ་རྩོལ་བྱ་བཞིན་པའི་གནས་ཚུལ་རེད།
གྲན་རྡུ་དང་དར་རྩེ་མདོ་སོགས་ས་གནས་ནས་ཁམས་ཁུལ་གྱི་གྲོང་གསེབ་ལ་བཏང་བའི་གཞོན་ནུ་ཤེས་ཡོན་ཅན་གྱི་རྒྱ་མི་ན་གཞོན་ཚོས་ཧ་ལམ་འཆར་ཡན་གྱི་འཚོ་བ་ཞིག་བསྐྱལ་བཞིན་ཡོད་པ་འདྲ།