བོད་རྙིང་པ་ཟེར་བ་ཐེར་ཚལ་སྦར་ཚལ་བཏང་བ་རེད། བྱས་ན་བོད་གསར་པ་ཟེར་བ་དུས་དེ་ནས་བཟུང་གྱང་རོའི་སྟེང་གསར་བཙུགས་བྱས་ཡོད་པ་ཡིན་ནམ།
རིག་གནས་གསར་བརྗེའི་དཀྱིལ་ཙམ་ལ་གུང་ཁྲན་ཚོགས་པར་ངོ་ལོག་བྱེད་མཁན་གྱི་ཚོགས་པ་ཟེར་བའི་ལིན་པེའོ་ཁོ་པ་ནི་དམག་དཔུང་གི་དམག་སྤྱི་ཡིན་པའི་སྐབས་ལ་མའོ་ཙེ་ཏུང་གི་བསམ་བློ་ནི་བསམ་པའི་རྡུལ་ཕྲན་འབར་མདེལ་རེད་ཅེས་འུད་སྒྲོག་བྱེད་ཀྱི་ཡོད། བསམ་པའི་རྡུལ་ཕྲན་འབར་མདེལ་ཟེར་བ་ཡོད་ན་རྒྱ་ནག་གུང་ཁྲན་གཞུང་གིས་དྲིལ་བསྒྲགས་བྱེད་པའི་མངའ་བདག་ཆེན་པོ་གསུམ་གྱི་བཟོས་པའི་བསམ་པའི་ལྕགས་སྒྲོག་ཟེར་བ་འདི་རྩ་གཏོར་གཏོང་ཐུབ་པ་ཞིག་མཚོན་གྱི་ཡོད་པ་རེད་དམ།
ཝང་ལིད་ཞུང་གིས་བྲིས་པའི་<<བྱ་གཏོར་བོད་ཀྱི་ལས་དབང༌།>> ཟེར་བའི་དེབ་འདིའི་ནང་འཁོད་པར། བསམ་པའི་རྡུལ་ཕྲན་འབར་མདེལ་ཟེར་བའི་དུད་སྤྲིན་ཤ་མོའི་གཟུགས་དབྱིབས་ཅན་གྱིས་མའོ་ཙེ་ཏུང་དུས་སྐབས་ཧྲིལ་པོ་དཀྲིག་ཡོད་པས་རྒྱ་མི་ཚོ་དང་ཚོ་བྱས་ཏེ་བོད་ནང་སྐྱོད་འགོ་ཚུགས་ཡོད། ལོ་རབས་ལྔ་བཅུའི་ནང་བོད་ལ་སྐྱོད་མཁན་གྱི་ས་གནས་ལས་བྱེད་པ་ཁྲི་བཞི་ལྔ་ཙམ་ཟིན་གྱི་ཡོད་པ་དང༌། དམག་དཔུང་གི་མི་གྲངས་ཁྲི་ལྔ་ཙམ་ཟིན་ཡོད་ལ། ལོ་རབས་དྲུག་བཅུ་བདུན་བཅུའི་ནང་དེ་བས་ལྡབ་འགྱུར་གྱིས་འཕར་སྣོན་ཕྱིན་ཡོད་པ་རེད་ཅེས་འཁོད་བཞག ཡང་གུང་ཁྲན་ཟེར་བའི་ཆོས་ལུགས་དེར་དད་པ་བྱ་མཁན་གྱི་རྒྱ་མི་ཁྲི་བཅུ་ཕྲག་ཡོད་པ་དེ་ནི་སྐབས་དེ་དུས་བོད་ཀྱི་མི་འབོར་གྱི་བཅུ་ཆ་གཅིག་ཙམ་ཟིན་གྱི་ཡོད་པ་དེས་ལོ་ངོ་སྟོང་ཕྲག་རིང་སྒོ་རྒྱབ་པའི་གངས་ལྗོངས་ནང་བསྟན་གྱི་རྒྱལ་ཁབ་དེར་གློ་བུར་དུ་བཙན་ཧམ་གྱིས་འཛུལ་ཡོང་སྟེ་ཁོང་ཚོས་བོད་ཀྱི་སྤྱི་ཚོགས་ཀྱི་ལྟེ་གནས་དང་གོང་རིམ་ནང་གཅིག་སྡུད་བྱས་ཡོད་པ་དང་དེ་ནས་རྒྱ་ཁྱབ་ངང་བོད་ཀྱི་གཞི་རིམ་སྤྱི་ཚོགས་ནང་ཁྱབ་ཡོད་པ་མ་ཟད། ད་དུང་རྩ་བ་བཙུགས་པའི་རྣམ་པ་དང་དཀའ་སྡུག་འབད་སྤྱད་ཀྱི་དགེ་འདུན་པ་བཞིན་སྨྱོ་བ་ལྟར་བོད་ལ་ཆོས་ལུགས་གསར་པ་དར་སྤེལ་དང་ཁྱབ་སྤེལ་བྱས་ཡོད་པ་རེད་ཅེས་འཁོད་ཡོད།
དཔེར་ན། རྒྱ་ཆེའི་ཞིང་འབྲོག་ཁུལ་ལ་མངག་གཏོང་བྱས་པའི་དྲིལ་བསྒྲགས་རུ་ཁག་གྲངས་ལས་འདས་པ་འདི་རྣམས་ཏག་ཏག་མའོ་ཙེ་ཏུང་གི་བསམ་བློ་ཟེར་བའི་བསམ་པའི་རྡུལ་ཕྲན་འབར་མདེལ་འདི་དབོར་འདྲེན་བྱེད་མཁན་གྱི་དཔུང་སྡེ་ཞིག་ཡིན་པ་རེད། ཡ་མཚན་པ་ཞིག་ལ་དམར་སྲུང་དམག་དང་བཅིངས་འགྲོལ་དམག་ཚུད་པའི་མའོ་ཙེ་ཏུང་གི་བསམ་བློའི་དྲིལ་བསྒྲགས་རུ་ཁག་གིས་ཕྱོགས་གཅིག་ནས་རྙིང་པ་བཞི་ཟེར་བར་གསར་བརྗེ་བྱས་པ་དང་ཕྱོགས་གཞན་ཞིག་ནས་གསར་བརྗེའི་རྨོངས་དད་ཟེར་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། ཧ་ལམ་ཁང་པ་ཚང་མའི་ནང་མའོ་ཙེ་ཏུང་གི་འདྲ་པར་བཀལ་ཡོད་པ་དང་ཧ་ལམ་མི་མི་རེ་ངོ་རེ་ཚང་མའི་ལག་པའི་ནང་མའོ་ཙེ་ཏུང་གི་གསུང་བཏུས་རེ་སྤྲད་ཀྱི་ཡོད་པར་བརྟེན་འདྲ་པར་འདི་ཚོའི་ནང་མའོ་ཡི་འདྲ་པར་གནམ་ས་ཡོངས་ལ་ཁྱབ་པ་དང་མའོ་ཡི་གསུང་བཏུས་མི་རེ་རེའི་ལག་ཏུ་ཡོད་པ་འདི་ནི་དེ་ལས་ལྡོག་པའི་དགོད་བྲོའི་ཟློས་གར་གྱི་རྣམ་པ་ཞིག་ཡོང་གི་འདུག ད་ལྟ་ཡར་བསྐྱར་འདྲ་པར་འདི་རྣམས་ལ་ལྟ་དུས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་སྤྱོད་ཚུལ་གྱི་སྒྱུ་རྩལ་ཞིག་རེད་ཅེས་བརྗོད་ན་ཆོག་ལ། དེ་བས་རྒྱབ་ལྗོངས་ནི་བོད་ཡིན་པའི་རྐྱེན་དང་དེའི་ནང་མཉམ་ཞུགས་བྱེད་མཁན་ནི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཡིན་པས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད། ཡིན་ནའི་སྐབས་དེ་དུས་ཆེས་ཛ་དྲག་གི་འཐབ་རྩོད་མཉམ་དུ་འདྲེས་ནས་ཡོད་པ་དེའི་ཐོག་ནས་ཐོར་བ་ནི་མི་རིགས་ཤིག་གི་སེམས་ཀྱི་ན་ཟུག་འདི་ཡིན་པ་རེད།
འདི་ལྟར་བྱས་ཏེ་ཕྱི་ནས་ཡོང་བའི་རུས་མིང་མའོ་ཟེར་བའི་ལྷ་གསར་པ་དེས་གསར་བརྗེའི་ཁྲག་དྲི་བྲོ་བའི་ཆར་རླུང་མཉམ་བསྲེས་ཀྱིས་འཁྱེར་སླེབས་ཏེ་གློག་འཁྱུག་པ་དང་འབྲུག་སྒྲ་ལྡིར་ཐོན་རྒྱབ་པའི་སྒོ་ནས་མཁའ་དབྱིངས་སུ་ཐོན་ནས་དེ་ནས་བཟུང་གངས་ལྗོངས་ས་མཐོའི་སྟེང་གི་ད་གནས་ཡིད་ཚིམ་གྱི་ཁུ་སིམ་གནས་སྟངས་འདི་མེད་པ་བཟོས་ཏེ་བོད་མིའི་ཤ་ཁྲག་ལ་ཐུག་པ་མ་ཟད། བོད་མིའི་བསམ་པའི་གཏིང་ལ་ཐུག་སྟེ་བསམ་པའི་གཏིང་ནས་གསར་བརྗེ་ལངས་དགོས་ཟེར་བའི་མའོ་ཡིས་བཤད་པའི་དོན་སྙིང་དེ་བོད་མི་ཚོས་དེ་ལས་ལྷག་པའི་གསལ་ཤེས་མེད་པ་ཞིག་བཟོས་ཡོད། ད་བྱེད་དུས་འདི་ནི་མི་ཚོས་ཕྱིར་མིག་ལྟ་མི་ཕོད་པའི་དམར་གསོད་དེ་ཡིན་པ་རེད།