བོད་ཀྱི་བྱང་ཐང་འབྲོག་ཁུལ་དུ་དར་ཁྱབ་སྐད་གྲགས་ཡོད་པའི་དམངས་གཞས་<< ཉི་མ་ཡོད་སའི་ཤར་ངོས་སུ། >>ཟེར་བ་ཞིག་ཡོད་པ་དང་དེའི་ཐོག་མའི་གཞས་ཚིག་ནི།
ཉི་མ་ཡོད་སའི་ཤར་ངོས་སུ།
གསེར་གྱི་ཕོ་བྲང་ཞིག་ཡོད།
གསེར་ལས་གྲུབ་པའི་ཕོ་བྲང་ནང༌།
ལྷ་བཞིན་རྡོ་རྗེ་དཔའ་བརྟུལ་བཞུགས།
ཉི་མ་ཡོད་སའི་ལྷོ་ངོས་སུ།
དངུལ་གྱི་ཕོ་བྲང་ཞིག་ཡོད།
དངུལ་དཀར་ལས་གྲུབ་པའི་ཕོ་བྲང་ནང༌།
སངས་རྒྱས་འོད་དཔག་མེད་བཞུགས།
ཉི་མ་ཡོད་སའི་ནུབ་ངོས་སུ།
ཕོ་བྲང་དཀར་པོ་ཞིག་ཡོད།
དུང་དཀར་ལས་གྲུབ་པའི་ཕོ་བྲང་ནང༌།
སངས་རྒྱས་དེ་བཞིན་གཤེགས་པ་བཞུགས།
ཉི་མ་ཡོད་སའི་བྱང་ངོས་སུ།
ཕོ་བྲང་ལྗང་ཁུ་ཞིག་ཡོད།
གཡང་ཊི་ལྗང་ཁུ་ལས་གྲུབ་པའི་ཕོ་བྲང་ནང༌།
སྟོང་པ་ཉིད་ལས་རྒྱལ་བའི་དེ་བཞིན་གཤེགས་པ་བཞུགས་ཡོད།
འོན་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་གསར་བརྗེའི་རིག་རྩལ་ལས་བྱེད་པ་ཟེར་བ་ཚོས་འདི་ལྟར་བསྒྱུར་བཅོས་བཏང་ཡོད་པ་སྟེ།
ཉི་མ་ཡོད་སའི་ཤར་ངོས་སུ།
གསེར་གྱི་ཕོ་བྲང་ཞིག་ཡོད།
གསེར་ལས་གྲུབ་པའི་ཕོ་བྲང་ནང༌།
ང་ཚོའི་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་བཞུགས་ཡོད།
ཉི་མ་ཡོད་སའི་ལྷོ་ངོས་སུ།
དངུལ་གྱི་ཕོ་བྲང་ཞིག་ཡོད།
དངུལ་དཀར་ལས་གྲུབ་པའི་ཕོ་བྲང་ནང༌།
ང་ཚོའི་རླབས་ཆེན་གྱི་རྒྱ་ནག་གུང་ཁྲན་ཏང་བཞུགས་ཡོད།
ཉི་མ་ཡོད་སའི་ནུབ་ངོས་སུ།
ཕོ་བྲང་དཀར་པོ་ཞིག་ཡོད།
དུང་དཀར་ལས་གྲུབ་པའི་ཕོ་བྲང་ནང༌།
ང་ཚོའི་རླབས་ཆེན་གྱི་མི་དམངས་བཅིངས་འགྲོལ་དམག་བཞུགས་ཡོད།
ཉི་མ་ཡོད་སའི་བྱང་ངོས་སུ།
ཕོ་བྲང་ལྗང་ཁུ་ཞིག་ཡོད།
གཡང་ཊི་ལྗང་ཁུ་ལས་གྲུབ་པའི་ཕོ་བྲང་ནང༌།
ང་ཚོའི་རླབས་ཆེན་གྱི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་གནས་ཡོད།
བོད་པའི་ཕྲུ་གུ་འདི་ཚོས་གཙོ་འཛིན་མའོ་ཡི་གསུང་བཏུས་སློབ་སྦྱོང་བྱེད་བཞིན་ཡོད་པའི་བཟོ་ལྟ་སྟོན་བཞིན་འདུག་པ་དང༌། ཁོང་ཚོ་ནི་མའོ་ཡི་དཔེ་བཞག་སའི་ཞོགས་པའི་ཆུ་ཚོད་བརྒྱད་པ་དགུ་པའི་ཉི་མ་ཡིན་པས་དེ་ནི་མའོ་ཡིས་རེ་བ་བཅོལ་སའི་གསར་བརྗེའི་ཤུལ་འཛིན་པ་རེད། ད་ཆ་བོད་ཀྱི་སྤྱི་ཚོགས་ནང་གི་སྟོབས་ཤུགས་ཤིག་ཆགས་ཡོད་པ་ཡིན་རུང་དེའི་ནང་མའོ་ཡིས་འཆར་བཀོད་བྱས་པའི་ཚད་གཞི་དང་མཐུན་པའི་གསར་བརྗེ་པ་མི་ག་ཚོད་ཙམ་ཡོད་པ་ཡིན་ནམ།
དམག་མིའི་དགུན་ཆས་སྟོད་གོས་ཆེན་པོ་ཞིག་ཁ་གྱོན་བྱས་པའི་དམག་དཔོན་འདིས་མའོ་ཙེ་ཏུང་གི་འདྲ་པར་ཡར་ལངས་ཞིང་བྲན་ཟེར་བ་ཚོར་སྤྲོད་བཞིན་ཡོད་པ་དང་རྒྱ་མིའི་གྱོན་ཆས་ཀྲུང་ཧྲན་ཟེར་བ་གྱོན་པའི་ལྷ་གསར་པ་མའོ་ལ་མིག་ཧུར་རེར་ལྟ་བཞིན་འདུག་ལ། ཡར་ལངས་ཞིང་བྲན་ཟེར་བ་འདི་ཚོའི་རྣམ་འགྱུར་འདི་ལྟ་བུའི་དངངས་སྐྲག་སྐྱེས་ནས་སྡོད་བཟོད་མི་བདེ་བ་ཞིག་འདུག
མི་ཚོས་ཤིན་ཧྭ་དཔེ་ཚོང་ཁང་ནང་འཚང་ཁ་ཤིག་ཤིག་གིས་ནོར་དེབ་དམར་པོ་ཟེར་བ་<<མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས།>> དང་ <<མའོ་ཀྲུའུ་ཞིའི་གསུང་བཏུས།>> ཉོ་བཞིན་འདུག དེའི་ནང་ <<མའོ་ཀྲུའུ་ཞིའི་གསུང་བཏུས།>> ཟེར་བའི་དེབ་འདི་བོད་ཡིག་ལ་ཕབ་བསྒྱུར་བྱས་ཡོད་པ་དང་རྒྱ་བོད་ཤན་སྦྱར་གྱི་པར་ངོས་འདི་སྤྱི་ལོ་༡༩༦༧ ལོའི་ཟླ་༦ཚེས་༢༥ཉིན་འགྲེམ་སྤེལ་བྱས་ཡོད་པས་འདི་ནི་བོད་མི་དམངས་ཀྱི་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པ་རེད་ཟེ་ཚིག་རྒྱན་སྤྲད་ཡོད། གསར་འགྱུར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིར་<<མའོ་ཀྲུའུ་ཞིའི་གསུང་བཏུས།>> ཟེར་བའི་རྒྱ་བོད་ཤན་སྦྱར་དེབ་ཁྱོན་ཁྲི་ལྔ་བཅུ་འགྲེམ་སྤེལ་བྱས་ཡོད་པ་རེད་འདུག སྤྱི་ལོ་ ༡༩༦༩ ལོའི་ཟླ་༤ཚེས་༣ཉིན་ལྷ་སའི་ཤིན་ཧྭ་དཔེ་ཚོང་ཁང་ནས་<<མའོ་ཙེ་ཏུང་གསུང་རྩོམ་གཅེས་བསྡུས།>> དེབ་ཚད་དྲུག་བཞི་ཅན་གྱི་སྤུས་ལེགས་ཕྱོགས་བསྒྲིགས་དཔེ་དེབ་དང་ <<མའོ་ཀྲུའུ་ཞིའི་གསུང་བཏུས།>> <<མའོ་ཀྲུའུ་ཞིའི་གསུང་རྩོམ་ལྔ།>> <<མའོ་ཀྲུའུ་ཞིའི་སྙན་ཚིག>> དེབ་ཚད་གཅིག་གཉིས་བརྒྱད་བྱས་པ་འགྱིག་གིས་ཕྱི་བཏུམས་བརྒྱབ་པའི་སྤུས་ལེགས་དེབ་གཟུགས་བཅས་ཕོན་ཆེན་མུ་མཐུད་འགྲེམ་སྤེལ་བྱས་ཡོད། ནོར་དེབ་དམར་པོ་ཟེར་བ་འདི་ཚོ་པར་རྒྱབ་ཚད་ཧ་ཅང་མང་པོ་ཡིན་པས་བོད་ལྗོངས་ཡོངས་ཀྱི་མི་རེ་རེའི་ལག་པར་དེབ་རེ་ཉར་ཆོག
མའོ་ཙེ་ཏུང་གི་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བ་ལག་བསྟར་མཐར་ཕྱིན་ཡོང་ཆེད་བཅིངས་འགྲོལ་རྟགས་ཅན་གྱི་མོ་ཀྲ་མང་པོའི་ནང་མའོ་ཙེ་ཏུང་གི་བསམ་བློའི་དྲིལ་བསྒྲགས་རུ་ཁག་རེ་རེ་བཞིན་བོད་ཀྱི་ཞིང་ཁུལ་དང་འབྲོག་ཁུལ་ལ་བསྐྱལ་ཏེ་ས་གནས་ཀྱི་ཞིང་འབྲོག་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པར་བཏང་བ་རེད།
དེའི་གྲུབ་འབྲས་གང་འདྲ་བྱུང་ཡོད་པ་ཡིན་ནམ།
རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་བོད་ཀྱི་མཐོ་རིམ་དཔོན་རིགས་ནང་ནང་མོལ་གྱི་ཚོགས་འདུ་སྐོང་ཚོགས་བྱེད་དུས་མཇུག་བསྡོམས་འདི་འདྲ་བྱས་ཡོད་པ་སྟེ། རིག་གནས་གསར་བརྗེའི་སྐབས་ང་ཚོའི་ལྗོངས་ཀྱི་དམག་དཔུང་ཕལ་ཆེར་མི་གྲངས་ ༡༢༣༣ ཙམ་རུ་ཤོག་ཡན་གྱི་ལས་བྱེད་པས་བོད་ཀྱི་ས་གནས་སུ་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བའི་ནང་མཉམ་ཞུགས་བྱས་ཡོད་པ་དང་དེའི་ནང་མཉམ་འབྲེལ་གསུམ་ཟེར་བར་མཉམ་ཞུགས་བྱེད་མཁན་མི་གྲངས་༧༡༦ཡོད་པ་ཁག་ས་གནས་ཀྱི་ལས་ཁུངས་གྲངས་༥༦༦དང་འབྲེལ་བ་ཆགས་ཡོད། དམག་ཁུལ་ཁང་གི་འབྲེལ་ཡོད་ལས་ཁུངས་ནས་ས་གནས་ལ་གཡོན་ཕྱོགས་པར་རྒྱབ་སྐྱོར་ཟེར་བ་བྱེད་པར་འགྲོ་མཁན་རུ་ཤོག་ཡན་གྱི་ལས་བྱེད་པ་རགས་རྩིས་བྱས་ན་མི་གྲངས་༡༦༤ བྱུང་ཡོད་པ་དང་ས་གནས་ཀྱི་ལས་ཁུངས་༧༦དང་འབྲེལ་བ་ཆགས་ཡོད་པ་རེད། འདི་ལྟ་བུའི་མི་མང་པོ་ཞིག་རྒྱབ་སྐྱོར་གསུམ་དང་དམག་དོན་གཉིས་ཟེར་བའི་ནང་མཉམ་ཞུགས་བྱས་ཡོད་པས་ས་གནས་དང་དམག་དཔུང༌། རང་སོ་སོ་བཅས་ཚང་མར་ཕན་ནུས་གང་ཡང་མེད་པའི་མཇུག་འབྲས་ཚབས་ཆེན་བྱུང་ཡོད་པ་རེད།
དམག་དཔུང་གི་དྲིལ་བསྒྲགས་རུ་ཁག་གིས་ཞིང་ལས་ལ་རྒྱབ་སྐྱོར་ཟེར་བ་དེ་དངོས་གནས་ཞིང་ཁ་དང་མུ་ཁར་སླེབས་བཞག འདྲ་པར་འདི་གཅིག་པུའི་ཐོག་ནས་དམག་མི་ཕོ་མོ་སུམ་ཅུ་ལྷག་ཙམ་ཡོད་པ་གྲངས་ཀ་ཐེབས་ཀྱི་འདུག ལག་པར་གཙོ་འཛིན་མའོ་ཡི་གསུང་བཏུས་འཁྱེར་ཏེ་རྒྱ་ཆེའི་བོད་ཀྱི་ཞིང་པ་རྣམས་ལ་མའོ་ཙེ་ཏུང་གི་བསམ་བློ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད། རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་བྲིས་པའི་མའི་ཙེ་ཏུང་བསམ་བློའི་དྲིལ་བསྒྲགས་རུ་ཁག་ཟེར་བའི་འཕྲེད་དར་སྟེང་ད་དུང་འདི་ནི་བོད་དམག་ཁུལ་ཁང་༤༠༣དམག་དཔུང་ཟེར་བ་དེ་ཡིན་པ་དམིགས་བསལ་ཡིག་ཆུང་ཞིག་བྲིས་བཞག ཡིན་ནའི་འདི་ནི་མངག་གཏོང་བྱས་པའི་གྲངས་ལས་འདས་པའི་དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བའི་ནང་གི་གཅིག་ཙམ་ཡིན་པ་ལས་ང་ཚོས་བོད་དམག་ཁུལ་ཁང་༤༠༣དམག་དཔུང་ཟེར་བ་འདི་ནས་དམག་མིའི་དྲིལ་བསྒྲགས་རུ་ཁག་ཟེར་བ་བོད་ཀྱི་ཞིང་ཁུལ་གང་དུ་མངག་གཏོང་བྱས་ཡོད་མེད་ཤེས་ཐབས་མེད་ལ། གཙོ་འཛིན་མའོ་ཡི་འདྲ་པར་མང་པོ་དེ་འདྲ་དང་དར་དམར་དང་འཕྲེད་དར་མང་པོ་དེ་འདྲ། དེ་བཞིན་དམག་ཆས་གྱོན་པའི་མི་རིགས་མི་གཅིག་པའི་མི་མང་པོ་དེ་འདྲར་བོད་ཀྱི་ཞིང་པ་ཆེས་དཀྱུས་མ་དེ་ཚོས་ལྟོས་པའི་སྐབས་ཁོང་ཚོའི་སེམས་ནང་མྱོང་ཚོར་གང་འདྲ་ཞིག་ཡོང་གི་ཡོད་མེད་ཀྱང་ང་ཚོས་ཚོར་ཐབས་མེད་པ་རེད། འདི་ལྟ་བུའི་མི་ཚོགས་མཐུག་པོའི་རྣ་ལྷོང་བསླབ་བྱའི་དྲིལ་བསྒྲགས་འོག་སེམས་སྟེང་གི་འགྱུར་བ་དེ་དུས་ཚོད་འདི་འདྲའི་སྐབས་ཡོང་གི་ཡོད་པ་ཞིག་ཡིན་ནམ། དཔེར་ན། ཉི་འོད་ཀྱི་འོག་མཐོན་པོར་སྒྲེང་བཞིན་ཡོད་པའི་མའོ་ཙེ་ཏུང་གི་འདྲ་པར་འདི་གནམ་ནས་ས་ལ་འབབ་པའི་ལྷ་གསར་པ་ཞིག་དང་འདྲ་བར་ཁོ་པས་ཁྱབ་བསྒྲགས་བྱས་པའི་གནས་ལུགས་གསར་པ་འདི་ནི་བོད་རྙིང་པ་མགོ་གཏིང་སློག་ཟིན་པ་དང་བོད་གསར་པ་འགོ་ཚུགས་པ་རེད་ཟེར་བ་དེ་ཡིན། དེར་བརྟེན་གཙོ་འཛིན་མའོ་ཡི་སྐད་ཆ་ཚིག་རེ་རེ་བཞིན་ཚང་མ་བདེན་པ་རེད་ཟེར་བ་འདི་ཁོ་པ་ཚོས་ཡག་པོ་ཉན་པ་ཡིན་ན་བོད་གསར་པས་ཁོང་ཚོར་བདེ་སྐྱིད་ཀྱི་འཚོ་བ་གསར་རྐྱང་ཞིག་སྤྲོད་ཐུབ་ཀྱི་རེད་དམ།
དམག་མིའི་དྲིལ་བསྒྲགས་རུ་ཁག་གིས་ཞིང་ཁ་དང་མུ་ཁར་ཞིང་པ་སྒྲིག་འཛུགས་བྱས་ཏེ་གཙོ་འཛིན་མའོ་ཡི་གསུང་རྩོམ་སློབ་སྦྱོང་བྱེད་རུ་བཅུག་གི་ཡོད།
ཡར་ལངས་ཞིང་བྲན་ཟེར་བ་ཁོང་གསུམ་པོས་ <<གཙོ་འཛིན་མའོ་ཡི་གསུང་བཏུས།>> ཀློག་ཡག་འདི་ལྟར་འགོ་བཙུགས་བྱས་ཡོད། ཕལ་ཆེར་གཙོ་འཛིན་མའོ་ཡི་བཀའ་སློབ་དེར་སྤྱིར་བཏང་མ་ཡིན་པའི་ཡིག་རྨོངས་སེལ་བའི་ནུས་པ་ཞིག་ལྡན་ཡོད་ས་རེད། ཁོང་ཚོ་དངོས་གནས་ཡི་གེ་ཤེས་ཀྱི་ཡོད་པ་ཡིན་ནམ། ཡང་ན་ཡི་གེ་ཤེས་མདོག་གི་རྣམ་པ་ཞིག་སྟོན་པ་ཡིན་ནམ། བོད་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ན། ཁོང་ཚོས་ཕལ་ཆེར་ཡི་གེ་ཤེས་ཀྱི་མེད་པར་གུས་མོས་ངོས་འཛིན་བྱེད་ཀྱི་ཡོད།
སློབ་ཕྲུག་ཆུང་ཆུང་ཚོའི་སློབ་ཁང་ཡང་ཞིང་ཁའི་ནང་སྤོས་འདུག ཡིན་ནའི་ཁོང་ཚོས་སློབ་སྦྱོང་བྱེད་ཡག་ནི་<<བོད་ལྗོངས་ཉིན་རེའི་ཚགས་པར།>>ཡིན་པ་དང་དེའི་ཐོག་དབུས་གུང་ཁྲན་ཚོགས་པ་དང་གཙོ་འཛིན་མའོ་ཡི་བསམ་བློ་གསར་པ་ཡོད་པ་རེད།
འདྲ་པར་སྟེང་གི་ཞིང་པ་ཚོས་མཉམ་དུ་ངལ་རྩོལ་བྱས་ཏེ་ངལ་གསོའི་བར་གསེང་ལ་ཡང་དུས་ཚོད་དམ་འཛིན་གྱིས་མའོ་ཙེ་ཏུང་གི་བསམ་བློ་སློབ་སྦྱོང་བྱེད་དགོས་པ་མ་ཟད། ཐ་ན་ཐག་རིང་བྱང་ཐང་གི་འབྲོལ་ཁུལ་ལའང་མའོ་ཙེ་ཏུང་གི་ཤུགས་རྐྱེན་མི་ཚོའི་སེམས་ནང་གཏིང་ཟབ་ཐེབས་ཡོད་པ་རེད། ཆུང་དུས་ནས་འབྲོག་པའི་ཁྱིམ་ཚང་དུ་འཚར་ལོངས་བྱུང་བའི་བོད་ཀྱི་རྩོམ་པ་པོ་འཇམ་དབྱངས་ཤེས་རབ་ཀྱིས་ཁོང་གི་རྩོམ་དེབ་ཁ་བྱང་དུ་<<བོད་ཀྱི་ཁལ་མའི་རུ་ཁག་མཐའ་མ།>> ཟེར་བའི་ནང་བརྗོད་དོན། སྲོལ་རྒྱུན་གྱི་ངལ་རྩོལ་བྱེད་སྟངས་སྒྲུབ་ཚར་བའི་སྐབས་འགོ་དཔོན་གྱིས་ཁོ་པའི་མཐའ་སྐོར་ལ་ང་ཚོ་མཉམ་དུ་འདུ་འཛོམས་བྱེད་རུ་བཅུག་སྟེ་གཙོ་འཛིན་མའོ་ཡི་གསུང་བཏུས་ནང་ཡོད་པའི་འབྲེལ་ཡོད་གྲལ་རིམ་འཐབ་རྩོད་སྐོར་གླེང་བའི་དུམ་བུ་འདི་སློབ་སྦྱོང་བྱེད་རྒྱུ་དང་དེ་ནས་མུ་མཐུད་གྲོས་བསྡུར་བྱེད་དགོས་ཀྱི་ཡོད། མཐའ་མཇུག་དེར་འགོ་དཔོན་ནས་ཆེས་གསར་བརྗེའི་མཛུབ་སྟོན་བརྗོད་དོན། ལས་འགན་སྒྲུབ་ཚར་བས་འདི་ནི་གསར་བརྗེའི་རྒྱལ་ཁ་ཞིག་ཡིན་པ་དང་མའོ་ཙེ་ཏུང་དགོངས་པའི་རྒྱལ་ཁ་ཞིག་ཡིན་ལ། འབྱོར་མེད་གྲལ་རིམ་གྱི་རྒྱལ་ཁ་ཞིག་ཀྱང་ཡིན་པ་རེད། འོན་ཀྱང་ང་ཚོས་ང་རྒྱལ་འཚབ་འཚུབ་མི་བྱེད་པར་གསར་བརྗེ་མཐར་ཕྱིན་པ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད།
ཁམས་པའི་ཡུལ་དམག་འདི་རྣམས་ཀྱིས་གཙོ་འཛིན་མའོ་ཡི་གསུང་རྩོམ་སློབ་སྦྱོང་བྱེད་བཞིན་ཡོད་པའི་བདེ་སྐྱིད་ཀྱི་རྣམ་པ་ཞིག་སྟོན་གྱི་ཡོད་པ་རེད།
འདི་ནི་ཞིབ་ཚགས་ངང་བཀོད་སྒྲིག་བྱས་པའི་རྗེས་འདྲ་པར་ལེན་པ་ཞིག་ཡིན་པ་མངོན་གསལ་དོད་པོ་འདུག དམིགས་ཡུལ་ནི་མི་དམངས་སྤྱི་ཁང་ཅན་ལ་བསྒྱུར་བ་དེས་བོད་ཀྱི་རྒྱ་ཆེའི་ཞིང་པ་ཚོར་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་རྒྱུ་བྱུང་ཡོད་པའི་རྣམ་པ་མངོན་པའི་ཆེད་དུ་ཡིན་པ་རེད། སྤྱི་ཁང་གི་ལས་མི་འདི་ཚོའི་མགོ་རས་གཙང་མ་དང་ལྟེར་བཟོ་དོད་པོའི་རྒྱ་གར་ཞྭ་མོ། ཚོན་སྣ་བཀྲ་བའི་སྤང་གདན་བཅས་ཀྱི་ཐོག་དང་ཁོ་པ་ཚོས་བརྩེ་དུང་ཟབ་པོའི་ངང་མའོ་ཙེ་ཏུང་གི་འདྲ་པར་ལ་བློ་རྩེ་གཅིག་ཏུ་ལྟ་བཞིན་ཡོད་པའི་རྣམ་འགྱུར་གྱི་ཐོག་དང་དེ་བཞིན་སྤྱི་ཁང་གི་ལས་མི་ཚོས་མའོ་ཙེ་ཏུང་གི་འདྲ་པར་མཐོན་པོར་སྒྲེང་སྟེ་འབོད་ཚིག་སྒྲོགས་པའི་བཟོ་ལྟའི་ཐོག་ནས་གལ་ཏེ་སྐབས་དེ་དུས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་ན་མི་ཚོའི་བསམ་པར་མི་དམངས་སྤྱི་ཁང་ནི་དངོས་གནས་གུང་ཁྲན་ཚོགས་པས་ཁས་ལེན་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ལ་སྐྱོད་ཐུབ་པའི་གསེར་གྱི་ཟམ་པ་ཞིག་ཡིན་པ་ལྟར་ངོས་འཛིན་བྱེད་རྒྱུ་རང་རེད།
འདྲ་པར་འདི་ཚོ་ནི་མི་དམངས་སྤྱི་ཁང་ཐོག་མར་གསར་བཙུགས་བྱེད་པའི་སྐབས་རྒྱབ་པ་ཞིག་ཡིན་ཞིང་། སྐབས་དེ་དུས་ཞིང་པ་ཚོས་མི་དམངས་སྤྱི་ཁང་ལ་དངོས་གནས་རེ་བ་ཞིག་བཅོལ་ཡོད། ཡིན་ནའི་འདྲ་པར་འདི་ཚོའི་ཐོག་ནས་གུས་མོའི་པཱ་ལགས་ཁོང་རང་ཉིད་ཀྱི་རེ་འདུན་ཞིག་མངོན་པར་བྱས་ཡོད་པ་དེ་ཐེ་ཚོམ་མེད་པ་ཞིག་རེད་ལ། དེ་ཡང་ཁོང་གིས་རེ་བ་བཏོན་པ་དང་བཀོད་སྒྲིག་གནང་པའི་འོག་མི་དམངས་སྤྱི་ཁང་གི་ལས་མི་ཚོས་བདེ་སྐྱིད་ཀྱི་འཚོ་བའི་རྣམ་པ་ཞིག་སྟོན་ཡོད་པ་རེད། རྒྱ་གཞུང་དབུས་གསར་འགྱུར་དངོས་བཤུས་གློག་བརྙན་པར་སྐྲུན་བཟོ་གྲྭའི་ལྷ་སར་བཅའ་སྡོད་གསར་འགོད་བབས་ཚུགས་ཀྱིས་པར་ལེན་བྱས་པའི་གློག་བརྙན་ཞིག་ནང་བོད་ཀྱི་གྲོང་གསེབ་ཀྱི་བོད་པའི་བུ་མོ་ཚོས་ཕྱོགས་གཅིག་ནས་ཤིང་སྡོང་སྟེང་གི་ཀུ་ཤུ་བཀོག་པ་དང་ཕྱོགས་གཅིག་ནས་སྤྲོ་སྣང་ཆེན་པོའི་སྒོ་ནས་བརྗོད་པར་ང་ཚོར་འཚོ་བ་ཡག་པོ་ཡོད་མེད་སྐད་ཆ་དྲིས་ན། ང་ཚོའི་གདོང་པའི་དམར་མདངས་ལ་གཟིགས་རོགས་ཞེས་བརྗོད་ཀྱི་ཡོད་ཟེར་བ་འདི་དང་འདྲ་པོ་འདུག དངོས་གནས་ཁོ་པ་ཚོའི་གདོང་པ་དམར་ཕིག་ཕིག་རེད་འདུག་པས་དེ་ཡང་ཤིང་སྡོང་སྟེང་གི་ཀུ་ཤུ་དམར་པོ་ཆེན་པོ་དེ་འདྲ་ལྟ་བུ་རེད་འདུག བུ་མོ་ཚོའི་རྣམ་འགྱུར་ནི་འདྲ་པར་འདི་ཚོའི་སྟེང་གི་བུ་མོ་ལས་མི་ཚོའི་རྣམ་འགྱུར་དང་ཧ་ཅང་གི་འདྲ་པོ་འདུག ཡིན་ནའི་དོན་དངོས་ཐོག་གང་འདྲ་ཡོད་དམ།
མའོ་ཙེ་ཏུང་ནི་ཞིང་ཁ་སྲུང་མཁན་གྱི་རྩྭ་མི་ཞིག་ཆགས་ཡོད་པ་རེད། ཕལ་ཆེར་གནོད་འབུ་འབུད་པ་དང་གནོད་འཚེ་འགོག་ཐུབ་པའི་ནུས་པ་ཆེན་པོ་ཡོད་ས་རེད། འདྲ་པ་འདིའི་ནང་གི་ཡུལ་ལྗོངས་དེ་ལྟ་བུ་སྐབས་དེ་དུས་བོད་ཀྱི་གྲོང་གསེབ་ནང་མང་པོ་ཡོད།