རིག་གནས་གསར་བརྗེ་ཆེན་པོ་མཇུག་བསྒྲིལ་བ།

ལྷ་འདྲེ་གདོན་བགེགས་བསྐྱར་དུ་ཆབ་སྲིད་ཀྱི་གར་སྟེགས་ཐོག་སླེབས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་ཟེར་བར་གྱུར་ཏེ་མུ་མཐུད་ཆབ་སྲིད་ཀྱི་བུམ་པ་ཟེར་བའི་རྣམ་པ་འདི་བསྟན་ནས་ཡོད། བོད་ཀྱི་མང་ཚོགས་ཚོས་བསྐྱར་དུ་ཕྲེང་བ་དང་མེ་ཎི་ལག་སྐོར་འཁྱེར་ཏེ་བསྐྱར་དུ་ཉམས་གསོ་བྱས་པའི་དགོན་པར་བསྐྱར་དུ་གསར་བཞེངས་བྱས་པའི་ལྷ་སྐུ་མཇལ་བར་སྐྱོད་འགོ་ཚུགས་ཡོད་པ་རེད། ཁོང་ཚོའི་དྲན་ཤེས་ནང་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་མིའི་རིགས་ཀྱི་དམར་གསོད་འདི་མི་རྣམས་སྨྱོ་དགོས་པའི་རྨི་ལམ་འཚུབ་པོ་ཞིག་ཡིན་པ་རེད།

སྤྱི་ལོ་༢༠༠༣ལོའི་ཟླ་བ་གསུམ་པར་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་རྡོ་བཀྱག་སྟེང་རང་འགུལ་ངང་དགོན་པར་གཙང་སྦྲ་གནང་ནས་ལོ་ངོ་༡༧ཕྱིན་པའི་བྱམས་པ་རིན་ཆེན་གྱིས་འདྲ་པར་འདི་ལྟར་བཞིན་ལོ་ངོ་༧༥ལ་སོན་པའི་བགྲེས་སོང་ཁོང་གིས་འཇིག་རྟེན་གྱི་འགྱུར་ལྡོག་ཆེན་པོ་འདི་འདྲ་ཞིག་སེམས་ནང་བཅངས་ནས་ཡང་སྐོར་བསྐྱར་སྐོར་གྱིས་གསུངས་དོན་ལ།

ངའི་ཉམས་མྱོང་གི་ཐོག་ནས་ཞུས་ན། ང་ནི་གསར་བརྗེ་ཅན་ཞིག་ཡིན། ཡིན་ནའི་སེམས་གཏིང་ནས་བཤད་ན་ངས་སྡིག་པ་མང་པོ་གསག་པ་རེད་སྙམ་གྱི་འདུག དེར་བརྟེན་ཚེ་རྗེས་མ་འདི་རྒྱ་མིར་མ་སྐྱེས་པ་དང་རྒྱ་མིའི་ས་ཆར་མ་སྐྱེས་པའི་རྟག་ཏུ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། ང་དེ་སྔོན་འབྲས་སྤུངས་དགོན་པའི་གྲ་པ་ཞིག་ཡིན། ཡིན་ནའི་ལོ་མང་པོ་འདི་འདྲ་སོང་བའི་རྗེས་གྲ་ཆས་བསྐྱར་དུ་གྱོན་གྱི་མེད། འདི་གང་ཡིན་ཞུས་ན། ངས་གསར་བརྗེ་བྱེད་མྱོང་ཡོད་པ་དང་གྲོང་མི་ལྷན་ཁང་ལ་ལས་ཀ་བྱེད་མྱོང་ཡོད་ལ། ཡུལ་དམག་ཡང་བྱེད་མྱོང་ཡོད། དེ་བཞིན་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་བྱ་བ་ངན་པ་མང་པོ་བྱས་ཡོད་པས་བསྐྱར་དུ་གྲ་ཆས་གྱོན་པ་ཡིན་ཚེ་ཏག་ཏག་བསྡད་ཀྱི་མ་རེད། གྲ་ཆས་གྱོན་པའི་རྗེས་སྡོམ་པ་མང་པོ་སྲུང་དགོས་ཀྱི་ཡོད་པས་གུས་པར་བསྐྱར་དུ་གྲ་ཆས་གྱོན་པའི་ཐོབ་ཐང་མེད་པ་རེད། དངོས་གནས་བྱས་ན་གྲ་ཆས་གྱོན་འདོད་ཆེན་པོ་ཡོད། ཡིན་ནའི་ངས་གྱོན་ན་འགྲིག་གི་མ་རེད། གང་ཡིན་ཞེ་ན་ང་ལ་ཐོབ་ཐང་འདི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། རྙིང་པ་བཞི་ཟེར་བ་གཏོར་བའི་སྐབས་ངས་ཀཀྞི་སྒོ་བཞི་གཏོར་མྱོང་ཡོད་པ་དང༌། ངས་ད་དུང་རྒན་ལགས་ཀྱིས་ཉར་ཚགས་གནང་བའི་ཕྱག་དཔེ་ཚང་མ་མེར་བསྲེགས་བཏང་མྱོང་ཡོད། ཕྱག་དཔེ་དེ་ཚོ་ཚང་མ་སྤྱི་ལོ་༡༩༥༩ལོའི་རྗེས་རྒན་ལགས་ཀྱིས་གསང་བའི་ངང་ཕོ་བྲང་པོ་ཏཱ་ལ་ནས་འཁྱེར་ཕེབས་པ་ཤ་སྟག་ཡིན་པ་དང་འདི་ནི་རྗེ་ཙོང་ཁ་པའི་གསུང་རབ་ཡིན་པས་ཧ་ཅང་གི་རྩ་ཆེན་པོ་རེད། ཡིན་ནའི་རིག་གནས་གསར་བརྗེ་བྱེད་པའི་སྐབས་ཉར་ཚགས་བྱེད་མི་ནུས་པར་མེར་བསྲེགས་བཏང་པ་ཡིན། སྐབས་དེ་དུས་བལ་པོའི་མི་གཅིག་དང་ང་གཉིས་ཀྱིས་མཉམ་དུ་མེར་བསྲེགས་བཏང་བ་དང་ང་གཉིས་གཉིས་ཀ་མིག་ཆུ་ཤོར་བྱུང༌། མེར་བསྲེགས་བཏང་བའི་ཐལ་རྡུལ་ལྷ་སའི་སྐྱིད་ཆུའི་ནང་དབྱུགས་ཏེ་སྐབས་དེ་དུས་ང་ཚོས་ཆོས་ལུགས་འདི་འདྲ་བྱས་ཏེ་བློས་བཏང་པ་རེད།

སྤྱི་ལོ་༢༠༠༣ལོའི་བོད་པའི་ལོ་གསར་གྱི་སྔ་ནུབ་ལ་བགྲེས་སོང་བྱམས་པ་རིན་ཆེན་གྱིས་གཙུག་ལག་ཁང་གི་དགེ་འདུན་པ་དང་མཉམ་དུ་མཆོད་པ་བཞེངས་ནས་ཡོད། སྐབས་དེ་དུས་གུས་མོས་པར་ཆས་བཀྱག་པ་དང་ཁོང་གིས་གུས་མོའི་ཕྱོགས་སུ་ངས་མཐོང་བའི་འཛུམ་མུལ་མཐའ་མ་འདི་གནང་བྱུང༌།

གལ་ཏེ་གསར་བརྗེ་མེད་པ་དང་རིག་གནས་གསར་བརྗེ་མེད་པ་ཡིན་ན་ངའི་བསམ་པར་གུས་པའི་མི་ཚེ་འདི་དགེ་འདུན་པ་ཡག་པོ་ཞིག་དང་མི་ཚེ་གཅིག་རིང་གྲ་ཆས་གྱོན་ནས་ཡོད་པ་རེད་སྙམ་གྱི་འདུག དགོན་པ་ཡང་ཡག་པོ་གནས་ཐུབ་ཡོད་པ་དང་ངས་དགོན་པའི་ནང་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཆ་བལྟས་ནས་བསྡད་ཀྱི་རེད། ཡིན་ནའི་གསར་བརྗེ་སླེབས་ཏེ་གྲ་ཆས་གྱོན་རྒྱུ་མེད་པ་བཟོས་པ་དང་ངས་བུད་མེད་འཚལ་མྱོང་མེད་པ་དང་གྲ་པ་ལོག་མེད་པ་ཡིན་རུང་བསྐྱར་དུ་གྲ་ཆས་གྱོན་པའི་ཐོབ་ཐང་མེད་པ་རེད། འདི་ནི་ངའི་མི་ཚེའི་ནང་སེམས་སྡུག་ཆེ་ཤོས་འདི་ཡིན་ཞེས་བརྗོད་བྱུང༌།

འདི་ནི་བགྲེས་སོང་བྱམས་པ་རིན་ཆེན་ཁོང་གིས་ཤོག་བུ་ཞིག་གི་སྟེང་ལག་ཞོར་དུ་བྲིས་པའི་ཀཀྞི་སྒོ་བཞིའི་མཆོད་རྟེན་རེད། བཀོད་པ་གཙང་བ་ཞིག་བྲིས་འདུག་པས་མཆོད་རྟེན་འདི་ཁོང་གི་ཀླད་པའི་ནང་བརྐོས་པ་ལྟ་བུ་འདུག དངོས་གནས་བྱས་ན་ཁོང་གིས་ཚེ་མཇུག་འདིར་རང་ཉིད་ནས་གཏོར་བའི་མཆོད་རྟེན་འདིའི་ཆེད་འགྱོད་བཤགས་བྱེད་བཞིན་ཡོད་པ་རེད། སྐབས་དེ་དུས་ཀྱི་གནས་སྟངས་ལ་ཕྱིར་དྲན་བྱེད་སྐབས་ཁོང་ནས་གསུངས་དོན་ལ། དངོས་གནས་བྱས་ན་ངའི་སེམས་པ་སྐྱིད་པོ་མི་འདུག ག་རེ་ཡིན་ནའང་ང་ནི་དེ་སྔོན་དགེ་འདུན་པ་ཞིག་ཡིན་པ་དང་ད་ལྟ་ལས་ཀ་དེ་འདྲ་བྱེད་དུས་ང་ནི་སྡིག་ཅན་པ་ཞིག་རེད། ཡིན་ནའི་གསར་བརྗེ་མ་བྱས་པ་ཡིན་ན་ཡང་འགྲིག་གི་མེད། དེར་བརྟེན་ངས་དམ་བཅའ་ཞིག་བཞག་ཡོད་པ་སྟེ། སྐྱེ་བ་རྗེས་མ་མི་ཚང་ཕྱུག་པོ་ཞིག་ལ་སྐྱེ་པ་བྱས་ནས་འདི་དང་གཅིག་པ་གཅིག་རྐྱང་གི་མཆོད་རྟེན་ཞིག་བཞེངས་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་གསུངས་བྱུང༌།

ལོ་འདིའི་ཟླ་བ་བཅུ་གཅིག་པའི་ཟླ་མཇུག་དང་བོད་ལོའི་དགའ་ལྡན་ལྔ་མཆོད་ཀྱི་སྔོན་ཙམ་ལ་གསུང་ཆོས་རྭ་བའི་ཉེ་འགྲམ་དུ་ཡོད་པའི་བྱམས་པ་རིན་ཆེན་ཁོང་གི་ཤག་ཆུང་འདིའི་ནང་ཚེ་ལས་འདས་ཡོད་པ་རེད་འདུག ཉིན་དེའི་དགོང་དྲོ་གཙུག་ལག་ཁང་གི་དགེ་འདུན་ཡོངས་རྫོགས་ནས་ཁོང་ལ་སྨོན་ལམ་འདོན་ནས་རྣམ་ཤེས་ཡར་འདྲེན་པ་གནང་ཡོད་ལ། ད་དུང་དུར་ཁྲོད་ལ་གདན་ཞུ་བྱས་པའི་མཚན་མོ་འདིར་ཡང་བསྔོ་སྨོན་འདོན་ཡོད་པས་འདི་ནི་ཁོང་གིས་འདོད་བློ་ཚིམས་ཤོས་ཤིག་ཡིན་པ་བརྗོད་ན་ཆོག ཡིན་ནའི་བྱམས་པ་རིན་ཆེན་ཁོང་གྲོངས་ཁར་ཡང་དེ་སྔོན་ཁོང་ནས་གྱོན་མྱོང་ཡོད་པའི་གྲ་ཆས་གྱོན་རྒྱུ་བྱུང་མེད་པ་རེད། འདི་ནི་རྣལ་འབྱོར་པའི་རྙོག་ཟིང་མེད་པའི་དྭངས་གཙང་གི་མི་ཚེ་འདི་མཚོན་པའི་ཚོན་མདོག་ངུར་སྨིག་གི་གྲ་ཆས་དེས་བྱམས་པ་རིན་ཆེན་ཁོང་གི་ཚེ་སྲོག་ནང་གི་རེ་འདོད་ཆེ་ཤོས་འདི་ཡིན་པ་མཚོན་གྱི་ཡོད་པ་རེད།

སྤྱི་ལོ་༡༩༩༩ལོའི་ཟླ་བཅུ་གཉིས་ནས་སྤྱི་ལོ་༢༠༠༥ལོའི་ཟླ་བ་དགུ་པར།

ལྷ་ས་དང་པེ་ཅིང་དུ་བྲིས།