འཇིག་རྟེན་གྱི་འཁོར་བ།

༄༅།། རྒྱ་ནག་ལ་གཏམ་དཔེ་ཞིག་ཡོད་པ་སྟེ། གྱོད་གཞིར་མཐའ་གསལ་རྒྱུ་ཡོད་ལ། བུ་ལོན་ལ་བདག་པོ་ཡོད་ཟེར་བའི་བརྗོད་སྲོལ་ཞིག་ཡོད། ཡང་སྤྱི་ལོ་༡༩༧༦ ལོའི་ཟླ་བ་བཅུ་པར་མཁས་མཛངས་ལྡན་པའི་རྒྱ་ནག་གུང་ཁྲན་གཞུང་གིས་མི་བཞིའི་ཤོག་ཁག་གི་གསར་བརྗེའི་ངོ་རྒོལ་རུ་ཚོགས་པ་ཟེར་བ་ཐེར་བཏོན་བྱས་ནས་ཧ་ལམ་ཉེས་སྐྱོན་ཡོད་ཚད་བཟོ་མཁན་ཡིན་པར་རྩིས་ཡོད་པ་རེད། དེར་བརྟེན་སྤྱི་ལོ་༡༩༧༧ ལོ་ནས་༡༩༨༩ ལོ་བར་བོད་ལ་ལོ་ལྟར་རིག་གནས་གསར་བརྗེའི་ནང་བྱུང་བའི་ནོར་འཁྲུལ་ཁག་ལ་ཡོ་བསྲང་བྱེད་དགོས་ཀྱི་ཡོད། ཡིན་ནའི་ནོར་འཁྲུལ་འདི་རྣམས་ཚང་མའི་བྱུང་རྩ་ནི་ཐག་རིང་པེ་ཅིང་ཡུལ་དུ་ཡོད་པའི་མི་བཞི་ཤོག་ཁག་གི་གསར་བརྗེའི་ངོ་རྒོལ་རུ་ཚོགས་ཟེར་བ་འདིའི་མགོ་ལ་གཡོགས་ཀྱི་ཡོད་པ་རེད། སྤྱི་ལོ་༡༩༩༠ ལོའི་རྗེས་ནས་དེའི་སྐོར་གླེང་གི་མེད་པ་དང་ཧ་ལམ་ནོར་འཁྲུལ་ཡོད་ཚད་ལེགས་བཅོས་བྱས་ཟིན་པ་ལྟ་བུ་རེད། རིག་གནས་གསར་བརྗེ་ཆེན་པོ་འདི་ཡང་ཧ་ལམ་འདས་ཟིན་པའི་ལོ་རྒྱུས་ཤིག་ཆགས་ནས་སྣང་མེད་དུ་འཇོག་པ་མ་ཟད། བསྐྱར་དུ་གླེང་མི་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད།

ཡིན་ནའི་དུས་ཚོད་ལྟག་ལོག་རྒྱབ་ཐུབ་ཀྱི་རེད་དམ། མི་ཚེ་བསྐྱར་ལོག་རྒྱབ་ཐུབ་ཀྱི་རེད་དམ།།

སྤྱི་ལོ་༡༩༧༦ལོའི་ཟླ་༩ཚེས་༩ཉིན་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་༡༡འཁོར་བའི་ཉིན་མོ་དེར་མའོ་ཙེ་ཏུང་འདས་གྲོངས་ལ་སོང་ཡོད་པ་རེད། ཟླ་བ་གཅིག་ཕྱིན་པའི་རྗེས་པེ་ཅིང་གི་ཀྲུང་ནན་ཧའེ་ནང་ཐོན་པའི་དོན་རྐྱེན་དེས་རྒྱ་ནག་རྒྱལ་ཡོངས་ནང་ས་ཡོམ་ཆེན་པོ་ཞིག་དང་འདྲ་བར་གཡོ་འགུལ་དང་འགྱུར་བ་ཕྱིན་ཡོད་པ་རེད་ལ། བོད་ཀྱི་ཤར་ཕྱོགས་ཁམས་ཁུལ་ལ་ཡང་གཅིག་སྣེ་གཅིག་མཐུད་ཀྱི་མངོན་ཚུལ་ཤུགས་ཆེན་བྱུང་ཡོད། འདྲ་པར་འདི་གཉིས་ཀྱི་ཐོག་ང་ཚོས་རྒྱུས་མངའ་ཡོད་པའི་དམག་མི་དང་ཡུལ་དམག དར་དམར། ཡིག་བྱང་དང་དེ་བཞིན་མའོ་ཙེ་ཏུང་གི་འདྲ་པར་ཆེན་པོ་སོགས་ཀྱི་རྣམ་པ་ཡོད་ན་ཡང་ཡིག་བྱང་ཕྲེད་དར་སྟེང་གི་ནང་དོན་ལ་འགྱུར་བ་ཕྱིན་ནས་ཐ་སྙད་གསར་པ་ཐོན་ཡོད་པ་སྟེ། བློ་མཐུན་ཧྭ་གོའོ་ཧྥེང་རྒྱ་ནག་དབུས་གུང་ཁྲན་གཞུང་གི་གཙོ་འཛིན་དང་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་ལ་བསྐོ་བཞག་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་ཟེར་བ་ཡོད་པ་དེས་མའོ་ཡི་དུས་རབས་མཇུག་བསྒྲིལ་བྱས་པ་མངོན་གྱི་ཡོད།

མི་ཚང་མས་སྐད་གསང་མཐོན་པོས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཤོག་ཟེར་ཡུལ་མའོ་ཙེ་ཏུང་ཤི་པ་རེད། ཁོ་པའི་རྗེས་ཤུལ་འཛིན་མཁན་ནི་སྤྱི་ལོ་༡༩༧༥ལོར་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་རྟེན་འབྲེལ་སྐབས་ལྷ་སར་སླེབས་མྱོང་ཡོད་པས་བོད་མིས་ཁོ་པ་ངོ་མི་ཤེས་པ་མེད། ཁོ་པ་དང་འབྲེལ་བའི་སྒྲུང་གཏམ་དར་ཁྱབ་མྱུར་པོ་ཕྱིན་ཏེ་བརྗོད་ཡག་ལ་ལོ་འདིར་ཧྭ་གོའོ་ཧྥེང་སླེབས་ཏེ་འབྲུ་ཆང་འཐུང་རྒྱུར་དགའ་བའི་བོད་མི་དམངས་ཀྱིས་ལྗིད་རྫོབ་ཆེ་བའི་རྫ་ཁོའི་ཆང་སྣོད་འདི་མཐོང་ནས་ལམ་སེང་སྙིང་རྗེའི་བསམ་བློ་སྐྱེས་ཏེ་ཆེད་མངགས་པེ་ཅིང་འགྱིག་ཆས་བཟོ་གྲ་ཞིག་ལ་བཀའ་བཏང་ནས་བོད་ཀྱི་རྫ་ཁོའི་སྦལ་ལེབ་ཀྱི་བཟོ་ལྟ་དེ་རང་འགྱིག་གིས་ཆང་སྣོད་བཟོས་ཡོད་པ་རེད། བཀའ་དྲིན་བསམ་ཤེས་བྱེད་ཤེས་མཁན་གྱི་བོད་མི་དམངས་ཚོས་ཆང་སྣོད་དེར་གཙོ་འཛིན་ཧྭ་ཡི་སྦལ་ལེབ་ཅེས་འབོད་ཀྱི་ཡོད།

གཙོ་འཛིན་ཧྭ་ནི་གཙོ་འཛིན་མའོ་ཡི་ཡང་སྲིད་ཡིན་ནམ། ཡིན་ནའི་དུས་ཡུན་རིང་པོ་མ་སོང་བར་ཏེང་ཞའོ་ཕིང་གིས་གཙོ་འཛིན་ཧྭ་གཏོར་ཕམ་བཏང་སྟེ་བསྐྱར་དུ་གསར་བཙུགས་བྱས་པའི་དབུས་གུང་ཁྲན་ཚོགས་པ་ནས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་འདི་ལོ་བཅུའི་གོད་ཆག་ཚབས་ཆེན་ཞིག་ཡིན་པར་ཁྱབ་བསྒྲགས་བྱས་པ་དང་རེན་རུང་གི་ཚབ་བྱེད་མཁན་བོད་ཀྱི་འགོ་ཁྲིད་གཙོ་བོ་གཡིང་ཧྥ་ཐང་ནས་ཀྱང་བོད་ཀྱི་རིག་གནས་གསར་བརྗེའི་དངོས་ཡོད་གནས་སྟངས་ཐོག་ནས་བརྗོད་ན་གནད་དོན་འགའ་ཤས་ཐོག་ཉེན་ཚབས་ཆུང་ཙམ་དང་གནད་དོན་འགའ་ཤས་ཐོག་ཉེན་ཚབས་ཆེ་ཙམ་བྱུང་ཡོད་པས་ཁྱོན་ཡོངས་ནས་བྱས་ན་ཚབས་ཆེན་པོ་རེད། དམིགས་བསལ་གྱི་ས་ཁུལ་འདི་འདྲ་ཞིག་ལ་དེ་བས་ཉེན་ཚབས་ཆེ་བ་ཡོད་པ་རེད་ཅེས་གསལ་བསྒྲགས་བྱས་ཡོད།

ཝང་ལིད་ཞུང་གིས་ <<བྱ་གཏོར་བོད་ཀྱི་ལས་དབང།>> ཟེར་བའི་དེབ་འདིའི་ནང་དཔྱད་ཞིབ་འདི་ལྟར་བྱས་ཡོད་པ་སྟེ། དུས་ཡུན་རིང་པོ་མ་འགོར་བར་མའོ་ཙེ་ཏུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཚབ་བྱས་ཡོད་པ་དང་གུང་ཁྲན་རིང་ལུགས་ཀྱིས་ནང་པའི་བསམ་བློའི་སྐྱབས་བཅོལ་ཡུལ་གྱི་འཁོར་བའི་ཚབ་བྱས་ཡོད་པ་འདི་ཧ་ལམ་མི་རབས་ནས་མི་རབས་བར་འགྱུར་བ་འགྲོ་ཡི་མེད་པ་ལྟ་བུ་ཡིན་པ་རེད། ཡིན་ནའི་བསམ་ཡུལ་ལས་འདས་པ་ཞིག་ལ་འཁོར་བའི་སྐོར་བ་དེ་འདི་ལྟ་བུའི་ཐུང་ཐུང་ཞིག་དང་དུས་ཡུན་ལོ་ངོ་ཉི་ཤུའི་རྗེས་ཡང་ཕྱི་སྐོར་ཐེབས་པའི་འཁོར་བ་འདི་འགོ་ཚུགས་ཡོད། ད་ག་རེད། སྤྱི་ལོ་༡༩༥༩ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་པའི་རྣམ་པའི་ཐོག་བོད་ནས་ཞལ་བྲལ་དགོས་བྱུང་སྟེ་སྤྱི་ལོ་༡༩༧༩ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་སྐུ་ཚབ་ཚོགས་པ་བོད་ལ་མངག་གཏོང་གནང་བའི་བར་ལོ་ངོ་ཉི་ཤུའི་དུས་ཡུན་དེ་ཙམ་ནང་བོད་མིའི་སེམས་ནང་སྐྱེ་བ་མི་འདྲ་བ་ཞིག་ལེན་པ་ལྟ་བུ་བྱུང་ཡོད།