རྒྱ་ཡིག་པར་གཞིའི་ཆེད་བརྗོད།

ཝང་ལིད་ཞུང་།

༄༅།། སྤྱི་ལོ་༡༩༩༩ལོའི་ལོ་མཇུག་ལ་འོད་ཟེར་ནས་བཏང་བའི་བསྐུར་མ་ཞིག་གུས་པར་འབྱོར་བྱུང༌བ་དེའི་ནང་འདྲ་པར་གྱི་སྤྱིན་ཤོག་བརྒྱ་གྲངས་ཤིག་འདུག དེ་དུས་ང་གཉིས་ཐུག་མྱོང་མེད་པ་དང་ཁོང་གིས་ཡི་གེའི་ནང་འཁོད་པར། སྤྱིན་ཤོག་འདི་རྣམས་སྤྱི་ལོ་༡༩༩༡ལོར་དགོངས་པ་རྫོགས་པའི་ཁོང་གི་པྰ་ལགས་ཀྱིས་རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་དེའི་ནང་བོད་ལ་བརྒྱབ་པ་ཞིག་ཡིན་པ་རེད་འདུག སྤྱིན་ཤོག་འདི་རྣམས་རྩ་ཆེ་ཡིན་པ་ཤེས་ན་ཡང་བེད་སྤྱོད་གང་འདྲ་བྱེད་དགོས་མིན་ཤེས་ཀྱི་མེད་པ་བརྗོད་བཞག ཁོང་དང་གུས་པའི་དབར་དངོས་སུ་ཐུག་མྱོང་མེད་པ་ཡིན་རུང༌། གུས་པས་བྲིས་པའི་འབྲེལ་ཡོད་བོད་སྐོར་གྱི་དེབ་ལྟ་མྱོང་ཡོད་པར་བརྟེན་ངས་སྤྱིན་ཤོག་འདི་རྣམས་བེད་སྤྱོད་ཡག་པོ་གཏོང་གི་ཡོད་པར་ཡིད་ཆེས་བྱས་ནས་མཐར་སྤྱིན་ཤོག་གུས་པར་སྤྲད་རྒྱུའི་ཐག་གཅོད་བྱས་བཞག ངས་ལག་ཤུབས་གྱོན་ནས་གློག་འོད་ལ་ཁ་ཕྱོགས་སྟེ་སྤྱིན་ཤོག་འདི་རྣམས་ལ་བལྟས་པ་དང༌། རིན་ཐང་ལྡན་པའི་ལག་རྟགས་འདི་ལེན་ཐབས་མེད་པ་ལམ་སེང་ཐག་གཅོད་བྱས་པ་ཡིན། གང་ཡིན་ཞེ་ན། སྤྱིན་ཤོག་འདི་རིན་ཐང་ཧ་ཅང་ཆེན་པོ་ཡིན་པའི་དབང་གི་ཡིན།

རྒྱ་ནག་གི་རིག་གནས་གསར་བརྗེ་ནི་འགྲོ་བ་མིའི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་དམིགས་བསལ་གྱི་དོན་རྐྱེན་ཞིག་ཡིན་ཞིང༌། དེ་ནི་སྔར་བྱུང་མྱོང་མེད་ལ་རྗེས་སུའང་ཡོང་མི་སྲིད་པའི་ལོ་རྒྱུས་ཁྱད་མཚར་ཞིག་ཡིན་པ་ཕུད། ད་དུང་འགྲོ་བ་མིའི་རིགས་ཀྱི་སྐྱོད་ཕྱོགས་ལ་རྟོག་ཞིབ་བྱེད་པར་འབྲེལ་བ་ཆགས་ཀྱི་ཡོད་པས་ད་ལྟ་བར་ཞིབ་འཇུག་པ་མང་པོས་དོ་སྣང་བྱེད་བཞིན་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ། རིག་གནས་གསར་བརྗེའི་ལས་འགུལ་དེའི་ཤུགས་རྐྱེན་གཞི་རྒྱ་ཆེན་པོ་ཡིན་པ་མ་ཟད། ད་དུང་དུས་ཚོད་ཀྱི་ཆ་ནས་བར་ཐག་རིང་པོ་ཞིག་ཕྱིན་མེད་པར་བརྟེན་དེའི་ཁྲོད་ནས་ལྷག་པའི་ཡིག་ཆ་གྲངས་ཀྱིས་མི་ལངས་པ་ཡོད་པ་བརྗོད་ན་ཆོག འཛམ་གླིང་ཡུལ་གྲུ་ཁག་གི་གལ་ཆེའི་གཙུག་ལག་སློབ་གྲྭ་དང་དཔེ་མཛོད་ཁང་ཚང་མའི་ནང་ཡིག་ཆ་ཉར་ཚགས་བྱས་ཡོད་པ་རེད། ཐ་ན་རིག་གནས་གསར་བརྗེར་ཞིབ་འཇུག་བྱེད་ཕྱོགས་ཐོག་གཞུང་ཕྱོགས་ཀྱི་བཀག་སྡོམ་ཡོད་པའི་རྒྱ་ནག་ལ་ཆ་མཚོན་ན་དམངས་ཁྲོད་ལ་ཡང་རིག་གནས་གསར་བརྗེའི་ཡིག་ཆ་མང་པོ་ཁྱབ་གདལ་ཕྱིན་ཡོད།

འོན་ཀྱང་རིག་གནས་གསར་བརྗེའི་ཞིབ་འཇུག་ཐད་ཡིན་ནའང་འདྲ། ཡང་ན་རིག་གནས་གསར་བརྗེའི་ཡིག་ཆ་འཚོལ་བསྡུའི་ཐོག་ལ་ཡིན་ནའང་འདྲ། ད་ལྟ་བར་སྟོང་ཆ་ཆེན་པོ་ཞིག་ཡོད་པ་ནི་བོད་ཡིན་པ་རེད། ད་ལྟའི་འཆར་རིག་གནས་གསར་བརྗེའི་དཔྱད་གཞིའི་ཡིག་ཆ་ཆ་ཚང་ཤོས་ཏེ་<<རྒྱ་ནག་གི་རིག་གནས་གསར་བརྗེའི་ཡིག་མཛོད་ཀྱི་འོད་སྡེར།>>(སྤྱི་ལོ་༢༠༠༢ལོར་ཧོང་ཀོང་ལ་པར་བསྐྲུན་བྱས་པ།)ཞེས་པའི་དེབ་དེའི་ནང་རྩོམ་ཡིག་དང་གཏམ་བཤད། དེ་མིན་ཚད་ལྡན་ཡིག་ཆ་ཁྲི་བརྒལ་བ་ཡོད་པའི་ནང་འབྲེལ་ཡོད་བོད་ཀྱི་རིག་གནས་གསར་བརྗེའི་ཚད་ལྡན་ཡིག་ཆ་བརྒྱད་ལས་མེད་པ་རེད། ཨ་རིའི་ཝ་ཤིང་ཌོན་ལ་ཡོད་པའི་རྒྱ་ནག་གི་དཔྱད་གཞིའི་ཡིག་རིགས་ཞིབ་འཇུག་ལྟེ་གནས་ཁང་ནས་པར་བསྐྲུན་བྱས་པའི་<<དམར་སྲུང་དམག་གི་ཡིག་ཆ་གསར་སྒྲིག>>ཅེས་པ་དེའི་ནང་དམར་སྲུང་དམག་གི་ཚགས་པར་ཁྱོན་༣༡༠༠ཙམ་བཅུག་ཡོད་པའི་ནང་བོད་ཀྱི་ཚགས་པར་བཞི་ལས་མེད་པ་རེད། དེ་ཡང་རིག་གནས་གསར་བརྗེའི་ཞིབ་འཇུག་ཐོག་གི་མཁས་པ་དང་རིག་གནས་གསར་བརྗེའི་དཔྱད་གཞིའི་ཡིག་རིགས་རྩོམ་སྒྲིག་བྱེད་མཁན་སུང་ཡུང་ཡིད་ཀྱིས་གུས་པར་བསྐུར་བའི་ཡི་གེའི་ནང་ཚོར་སྣང་ཟབ་པོ་སྐྱེ་བའི་ངང་བརྗོད་དོན་ལ། བོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་མེད་པ་རེད་བརྗོད་ན་ཆོག ང་ཚོས་བོད་ཀྱི་རིག་གནས་གསར་བརྗེར་དངོས་གནས་རྒྱུས་མངའ་ཉུང་ཉུང་ཡིན་པ་བརྗོད་བཞག

གཞུང་གི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ལས་ཁུངས་ནང་ལ་ཡང་སྤྱི་ལོ་༡༩༦༦ལོ་ནས་༡༩༧༡ལོ་བར་ལ་བར་མཚམས་ཤིག་ཡིན་པས་ལོ་དྲུག་ནང་དཔྱད་གཞིའི་ཡིག་ཆ་ཁྱོན་གསུམ་ལས་མེད་པ་རེད་ལ། རིག་གནས་གསར་བརྗེའི་འགོ་སྟོད་ཀྱི་ལོ་གཉིས་རིང་གི་དཔྱད་གཞིའི་ཡིག་ཆ་སྣ་ཁ་གཅིག་ཀྱང་མེད་པ་རེད།

ཡིན་ནའི་བོད་ཀྱི་རིག་གནས་གསར་བརྗེའི་དཔྱད་གཞིའི་ཡིག་རིགས་ཏན་ཏན་ཡོད་ཀྱི་རེད། ཉུང་མཐར་ཡང་རིག་གནས་གསར་བརྗེའི་སྐབས་བོད་ལ་དབང་ཆ་འཛིན་མཁན་གྱི་བོད་དམག་ཁུལ་ཁང་ནས་ཧ་ཅང་མང་པོ་ཞིག་ཉར་ཚགས་བྱས་ཡོད་པ་ཡིན་རུང་འདི་ནི་གཏིང་རིང་པོར་སྦས་པའི་སྒམ་ནག་པོ་ཞིག་ཆགས་ཀྱི་ཡོད་པ་དེར་དམག་མིས་འགོ་སྲུང་བྱས་ནས་ཕྱི་ཕྱོགས་ལ་རྩ་བ་ནས་མི་གྱར་བ་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་ཕྱོགས་ནས་དམ་འཛིན་བྱེད་བཞིན་ཡོད་པའི་རིག་གནས་གསར་བརྗེའི་དཔྱད་གཞིའི་ཡིག་རིགས་ཡོངས་རྫོགས་དང་འདྲ་བར་གསང་བ་ཧ་ཅང་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད་པ་རེད། རིག་གནས་གསར་བརྗེ་ནི་རྒྱ་ནག་ཁྲན་གཞུང་གི་སྡུག་བསྔལ་གྱི་རྨ་ཁ་ཞིག་ཡིན་པ་མ་ཟད། ད་དུང་མུ་མཐུག་པ་ཡིན་ཚེ་རྒྱ་ནག་གུང་ཁྲན་གཞུང་གི་ལམ་ལུགས་ཀྱི་རྩ་བ་འདིར་ཐུག་གི་ཡོད་པར་བརྟེན་ད་ལྟ་བར་ལོ་ངོ་བཞི་བཅུ་འགྲོ་ཡི་ཡོད་པ་ཡིན་རུང་རྒྱ་ནག་ལ་རིག་གནས་གསར་བརྗེ་ནི་ད་དུང་ཡང་ཕོག་ཐུག་གཏོང་མི་རུང་བའི་གནད་དོན་གྱི་གྲས་ཤིག་ལ་རྩིས་ཀྱི་ཡོད་པ་རེད།

འཛམ་གླིང་གི་མདུན་རིག་གནས་གསར་བརྗེ་ནི་རྒྱ་ནག་གུང་ཁྲན་གཞུང་ཁ་སྐྱེངས་པོ་ཆགས་པའི་གནད་དོན་ཞིག་ཡིན་པ་དང༌། བོད་ནི་དེ་མིན་གྱི་ཁ་སྐྱེངས་པོའི་གནད་དོན་ཞིག་ཡིན་པ་རེད། དེར་བརྟེན་བོད་ཀྱི་རིག་གནས་གསར་བརྗེ་ནི་གནད་འགག་གཉིས་ལྡན་གྱི་ལག་པ་འཆང་མི་ཆོག་པའི་ཁུལ་ཞིག་ཆགས་ཡོད་པར་བརྟེན་དེ་བས་ཕོག་ཐུག་གཏོང་མི་རུང་བ་ཞིག་རེད། རྒྱ་ནག་གུང་ཁྲན་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་སྤྱི་ལོ་༡༩༩༩ལོར་<<པར་རིས་ཁྲོད་ནས་ལོ་ངོ་བརྒྱའི་བོད་བརྗོད་པ།>>ཟེར་བའི་པར་དེབ་ཞིག་རྩོམ་སྒྲིག་བྱས་ཡོད། པར་རིས་བརྒྱ་ཕྲག་ཁ་ཤས་ནང་རིག་གནས་གསར་བརྗེའི་སྐབས་ཀྱི་པར་རིས་གཅིག་ཀྱང་མེད་པས་ཧ་ལམ་སྤྱི་ལོ་༡༩༦༦ལོ་ནས་༡༩༧༦ལོ་བར་གྱི་ལོ་ངོ་བཅུའི་དུས་ཚོད་འདི་བོད་ཀྱི་ལོ་རྒྱུས་ཐོག་གནས་མེད་པ་རེད།

ཆེད་མངགས་མེད་པ་བཟོས་ནས་རྩིས་མེད་བཏང་བའི་བྱེད་སྟངས་འདིར་ཁ་ཕྱོགས་སྐབས་བཙན་དབང་དང་འཐབ་རྩོད་བྱས་པ་འདི་བརྗེད་ངེས་སོང་བ་འདིར་འཐབ་རྩོད་བྱས་པ་ཞིག་རེད་ཟེར་བ་ལྟར་དེ་བས་དངོས་གནས་དྲང་གནས་ཡིན་པ་མངོན་གྱི་འདུག གལ་ཏེ་སྤྱི་ལི་གྲུ་བཞི་མ་ས་ཡ་བརྒལ་བའི་བོད་འདི་རིག་གནས་གསར་བརྗེའི་ཞིབ་འཇུག་ནང་སྟོང་ཆ་ཞིག་ཡིན་ན། རིག་གནས་གསར་བརྗེའི་ཞིབ་འཇུག་འདི་ཆ་ཚང་པོ་ཞིག་ཡོང་ཐབས་མེད་པ་རེད། དེའི་ཐོག་ནས་ཞུས་ན། འོད་ཟེར་གྱི་པྰ་ལགས་ནས་ལེན་པའི་བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་འདིར་དམིགས་བསལ་གྱི་དོན་སྙིང་ཞིག་ལྡན་ཡོད་པ་རེད།

དེ་མིན་གྱི་དཔྱད་གཞིའི་ཡིག་རིགས་དང་བསྡུར་ན། པར་འདྲ་གྱི་དངོས་ཡོད་རང་བཞིན་སྤྱིའི་ཆ་ནས་ཤུགས་ཆེ་བ་ཡོད་པ་ཆགས་ཀྱི་ཡོད། ཡིག་ཐོག་དང་ངག་རྒྱུན་ནས་བརྗོད་པ། བཅའ་འདྲི་ཞུས་པ་སོགས་ཀྱི་ཐོག་གནས་ཚུལ་བརྗོད་མཁན་རང་གི་འཆར་སྣང་རང་བཞིན་ངེས་ཅན་ཞིག་ཡོད་པ་སྟེ། ལངས་ཕྱོགས་དང་དམིགས་ཡུལ། དྲན་ཤེས། འགྲེལ་བརྗོད་བྱེད་སྟངས་སོགས་དང་འབྲེལ་བ་ཡོད་པ་རེད་ལ། བབ་བསྟུན་གྱི་གོ་དོན་མང་པོ་ཡོད་པས་དོགས་པ་དང་ཁས་ལེན་མི་བྱེད་པ་ཡོང་བདེ་པོ་རེད། ཡིན་ནའི་འདྲ་པར་ནི་ལོ་རྒྱུས་ཀྱི་སྐད་ཅིག་དུས་མཚམས་ཤིག་འགྱུར་བ་མེད་པར་དེར་འཇུ་ཐུབ་ཀྱི་ཡོད་པས་སྐབས་དེ་དུས་པར་ཆས་ཀྱི་གློག་འོད་ཕོག་ཡུལ་རེ་རེ་ཚང་མར་ཁས་ལེན་མ་བྱེད་ཐབས་མེད་ཀྱི་ངོ་བོ་ཞིག་ལྡན་ཡོད་པ་དང་དེ་ནི་བདེན་དཔང་ཁུངས་བཙན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་སྔོན་ཡིན་ན་བོད་ཀྱི་རིག་གནས་གསར་བརྗེའི་ཡིག་ཐོག་གི་དཔྱད་གཞིའི་ཡིག་ཆ་གདེང་ངེས་མེད་པའི་ཐོག་བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་དེ་བས་ཉུང་ཉུང་ཡིན་པ་རེད། ལོ་མང་རིང་དངོས་གཞི་འགྲེམ་སྤེལ་བྱས་པའི་བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་གཅིག་ལས་མཐོང་མྱོང་མེད་(ཐེ་ཝན་གྱི་<<པར་ལེན་མཁས་པ།>>ཟེར་བའི་དུས་དེབ་དོན་གྲངས་༣༩)པ་སྟེ། Google དྲ་རྒྱའི་སྟེང་རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་འཚོལ་བ་ཡིན་ན་ཡང་དྲ་རྒྱའི་ནང་ནས་བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་གཅིག་ལས་འཚོལ་ཐུབ་ཀྱི་མི་འདུག དེར་བརྟེན་འོད་ཟེར་གྱི་པྰ་པགས་ནས་ལེན་པའི་བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་བརྒྱ་ཕྲག་ཁ་ཤས་འདི་རྣམས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ཡིན་པ་བརྗོད་མི་དགོས་པ་རེད།

གུས་པས་ཡིག་ལན་སློག་སྟེ་འོད་ཟེར་ལ་བརྗོད་པར། གུས་པས་ཁོང་ལ་རོགས་པ་བྱེད་ཐུབ་པ་ལས་འདྲ་པར་འདི་རྣམས་ཀྱིས་ལོ་རྒྱུས་ལ་དཔང་པོ་ཐོན་ཐུབ་པ་བྱ་རྒྱུ་ནི་ང་ལྟ་བུའི་ཕྱིའི་མི་རིགས་ཤིག་གི་ལས་འགན་མིན་པ་དང་དངོས་གནས་བྱས་ན་ཁོང་རང་ཉིད་ཀྱིས་ལས་འགན་འདི་འཁུར་དགོས་ཀྱི་ཡོད་ཅེས་བྲིས་པ་ཡིན། དེ་ནས་ད་ལྟ་བར་ལོ་དྲུག་ཕྱིན་ཟིན་པ་དང་འོད་ཟེར་ནས་འདྲ་པར་འདི་རྣམས་ལ་སྐོར་ར་བརྒྱབ་སྟེ་དུས་ཡུན་རིང་པོའི་བརྟག་དཔྱད་དང་རྩོམ་བྲིས་བྱས་པ་འདི་གཞི་ནས་ལེགས་གྲུབ་ཟིན་ནས་ཁོང་གི་པྰ་ལགས་ཀྱི་འདྲ་པར་ལོ་ངོ་བཞི་བཅུ་ཕྱིན་པའི་རྗེས་གཞི་ནས་ཕྱི་ཕྱོགས་ལ་ཚང་མས་མཐོང་ཐུབ་པ་བྱུང་ཡོད་ལ། རིག་གནས་གསར་བརྗེའི་ཞིབ་འཇུག་ནང་གི་བོད་སྐོར་གྱི་སྟོང་ཆ་དུམ་བུ་དེ་ཡང་བསྐངས་ཐུབ་པ་བྱུང་ཡོད་པ་རེད།

དགོངས་པ་རྫོགས་ཟིན་པའི་ཁོང་གི་པྰ་ལགས་ཀྱི་རྣམ་ཤེས་བདེ་བར་གནས་པ་ཤོག

ཞོར་དུ་ཞུ་འདོད་བྱུང་བར། འོད་ཟེར་ད་ཆ་གུས་པའི་བཟའ་ཟླ་ཡིན།།

འདྲ་པར་འདི་རྣམས་ལ་ཐུགས་རྗེ་ཆེ་ཞུ།

སྤྱི་ལོ་༢༠༠༥ལོའི་ཟླ་༩ཚེས་༡༧ཉིན།

(དེ་བཞིན་གུས་པའི་པྰ་ལགས་ལོ་ངོ་༣༧སྔོན་གྱི་ཉིན་མོ་འདིར་རིག་གནས་གསར་བརྗེའི་གཏོར་བཤིག་འོག་དགོངས་པ་རྫོགས་སོང་།)