བོད་ཡིག་པར་གཞིའི་སྔོན་གླེང་།
༄༅།། སྤྱི་ལོ་༢༠༠༦ལོ་ནི་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྤེལ་ནས་ལོ་ངོ་བཞི་བཅུ་ཏག་ཏག་འགྲོ་ཡི་ཡོད། ལོ་འདིར་རྒྱ་ནག་ལ་པར་སྐྲུན་བྱེད་ཐུབ་ཐབས་མེད་པའི་<<གསར་བརྗེ།>>དང་<<བོད་ཀྱི་དྲན་ཐོ།>>དེབ་འདི་གཉིས་ཐེ་ཝན་ནང་པར་སྐྲུན་བྱེད་ཐུབ་པ་བྱུང་བ་མ་ཟད། ལོ་དེ་རང་ལ་<<གསར་བརྗེ།>>དེབ་དེར་ཐེ་ཝན་ལ་<<རྒྱ་ནག་དུས་བབ།>>ཀྱི་སྤྱི་ལོ་༢༠༠༦ལོའི་ནང་གི་རྒྱ་ཡིག་གི་དེབ་ཡག་ཤོས་བཅུའི་བྱ་དགའ་ཐོབ་ཡོད།
ཚང་མས་ཤེས་གསལ་ལ་རིག་གནས་གསར་བརྗེ་ཆེན་པོའི་དམར་པོའི་འཇིགས་སྣང་གི་རླུང་འཚུབ་འདི་རྒྱ་ནག་གི་ས་ཆའི་སྟེང་ལོ་བཅུའི་རིང་མནར་གཅོད་གང་སྡུག་བྱུང་ཡོད། ཡང་རྒྱ་ནག་གིས་བཅིངས་འགྲོལ་ཟེར་བ་བཏང་ཟིན་པའི་བོད་ཡང་འདི་དང་འདྲ་བར་དེའི་ནང་ཚུད་ཡོད་པ་ཡིན་ནམ། གལ་ཏེ་སྐབས་དེ་དུས་ཀྱི་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དང་ཡང་ན་ལོ་མང་ཕྱིན་པའི་ཡོངས་བསྒྲགས་ཀྱི་ཡིག་ཆ་ཁག་གི་ནང་ལ་རེ་བ་རྒྱབ་སྟེ་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་ཟིན་ཐོ་འཚོལ་ཐབས་བྱས་པ་དེ་ངལ་བ་སྟོང་ཟད་རང་རེད། རྒྱ་ནག་གིས་བོད་ལ་གཞུང་འབྲེལ་གྱི་དྲིལ་བསྒྲགས་བྱས་པའི་ནང་ད་ལྟ་བར་རིག་གནས་གསར་བརྗེར་རྣམ་འགྱུར་ཁྱད་མཚར་ཞིག་འཁྱེར་གྱི་ཡོད། བོད་ལ་རྒྱ་ནག་ནང་བཞིན་སྨྱོ་ཧམ་དང་ཤུགས་དྲག་ཆེན་པོ་བྱུང་མེད་པ་ལྟ་བུ་བྱས་ཏེ་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཟེར་བར་བཅིངས་འགྲོལ་ཟེར་བ་ཐོབ་པའི་རྗེས་ཀྱི་མི་ཡུལ་གྱི་བདེ་བ་ཅན་ལ་བདེ་སྐྱིད་ཀྱི་འཚོ་བར་རོལ་ནས་ཡོད་པ་ལྟ་བུ་བྱེད་ཀྱི་ཡོད། འོན་ཀྱང་སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་གསུམ་པ་ནས་བཟུང་བོད་ས་ཡོངས་ཀྱི་ས་གནས་ཁག་ནང་ཁྱབ་ཡོད་པ་མ་ཟད་འཛམ་གླིང་ཡང་ཧང་སངས་དགོས་བཟོས་པའི་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ཐོན་པའི་རྗེས་པེ་ཅིང་ནས་བོད་ཀྱི་ད་ལྟ་དང་དེ་སྔ་ཟེར་བའི་གཞི་རྒྱ་ཆེ་བའི་འགྲེམ་སྟོན་ཞིག་གཉེར་ཡོད་པ་དེའི་རྒྱུ་མཚན་ནི་བོད་རྙིང་པ་ཟེར་བའི་གདུག་རྩུབ་དང་བོད་གསར་པ་ཟེར་བ་དེའི་འོད་སྟོང་འབར་བའི་རྣམ་པ། ཡང་བོད་རྙིང་པ་ཟེར་བ་དེའི་དཀའ་སྡུག་དང་བོད་གསར་པ་ཟེར་བ་དེའི་སྤྲོ་སྣང་འདི་སྟོན་པའི་ཆེད་དུ་ཡིན་ཞིང༌། དེ་སྔ་དང་འདྲ་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་གི་མུན་ནག་དང་སྡུག་བསྔལ། གོས་ཆགས་ཆེ་ཤོས་ཀྱི་ལོ་བཅུའི་རིང་གི་བོད་ཀྱི་རིག་གནས་གསར་བརྗེ་འདི་བཞིན་བསྐྱར་དུ་སྦས་གསང་བྱས་ཏེ་རྩ་བ་ནས་གླེང་གི་མེད་པ་རེད།
འོན་ཀྱང་འདྲ་པར་ཁག་ཅིག་གིས་རིག་གནས་གསར་བརྗེ་མཇུག་བསྒྲིལ་ནས་ལོ་ངོ་བཞི་བཅུ་སོང་བའི་རྗེས་ལོ་རྒྱུས་ཀྱི་དཔང་པོ་བྱེད་པའི་ལས་འགན་ཞིག་འཁུར་ཡོད་པ་མ་ཟད། ད་དུང་མུ་མཐུད་ལས་འགན་འདི་ཡུན་རིང་འཁུར་རྒྱུ་ཡིན་པ་རེད། འདི་ནི་<<གསར་བརྗེ།>>ཞེས་པའི་དེབ་དེའི་ནང་གི་དཀར་པོ་ནག་པོའི་འདྲ་པར་དེ་དག་ཡིན་ཞིང་། སྤྱི་ལོ་༡༩༦༠ལོ་ནས་༡༩༧༠ལོ་དུས་བར་གྱི་གནས་ཚུལ་ཡིན་པ་དང་པར་ལེན་མཁན་ནི་གུས་མོའི་པྰ་ལགས་ཚེ་རིང་རྡོ་རྗེ་རེད། སྐབས་དེ་དུས་ཁོང་ནི་རྒྱ་ནག་གི་བོད་ལ་ཡོད་པའི་དམག་ཁུལ་ཁང་གི་དམག་དཔོན་ཞིག་དང་ཁོང་པར་ལེན་རྒྱུར་དགའ་པོ་ཡོད་པར་བརྟེན་རང་ཉིད་ལ་པར་ཆས་འཁྱེར་རྒྱུ་ཡོད་པའི་ཐོག་ཁོང་དམག་མི་ཞིག་ཡིན་པའི་ཆ་ནས་ཟང་ཟིང་གི་རིག་གནས་གསར་བརྗེའི་ནང་པར་ཆས་འཁྱེར་ནས་སྐབས་དེ་དུས་ཀྱི་གནས་སྟངས་ཟིན་ཐོ་བཀོད་རྒྱུའི་མཐུན་རྐྱེན་ཡོད་པ་རེད། ཡིན་ནའི་ཁོང་གི་འདྲ་པར་འདི་རྣམས་རང་ཁྱིམ་དུ་བཞག་ནས་ཕྱི་ལ་རྩ་བ་ནས་སྟོན་མྱོང་མེད། སྤྱི་ལོ་༡༩༩༡ལོར་ལྷ་སའི་ཡན་ལག་དམག་ཁུལ་ཁང་ལ་དམག་སྤྱི་གཞོན་པ་གནང་བཞིན་པའི་གུས་མོའི་པྰ་ལགས་སྙུན་གཞིས་རྐྱེན་པས་དགོངས་པ་རྫོགས་ཏེ་ཁོང་གི་ཤུལ་བཞག་དངོས་རྫས་ནང་སྤྱིན་ཤོག་དང་འདྲ་པར་སྟོང་ཕྲག་བརྒལ་བ་ཡོད་པའི་ནང་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་འཁོད་པའི་སྤྱིན་ཤོག་དང་འདྲ་པར་བརྒྱ་ཕྲག་ཁ་ཤས་འདུག་པས་འདི་རྣམས་ཚང་མ་ལས་ལ་བཀོད་པ་ལྟར་གུས་མོར་རགས་བྱུང༌བ་དང་པྰ་ལགས་ཀྱིས་གུས་མོར་གནང་བའི་རྩ་ཆེའི་ཤུལ་བཞག་ནང་བཞིན་བྱུང༌།
སྤྱི་ལོ་༡༩༩༩ལོ་ནས་བཟུང་གུས་མོས་འདྲ་པར་སྟེང་ཐོན་པའི་དོན་རྐྱེན་དང་མི་སྣ་གཞིར་བཟུང་ལྷ་ས་དང་པེ་ཅིང་སོགས་ས་གནས་ལ་ཡུན་རིང་བརྟག་དཔྱད་དང་བཅའ་འདྲི། རྩོམ་བྲིས་བྱས་ནས་དུས་ཡུན་ལོ་ངོ་དྲུག་ཙམ་རིང་མི་ཁྱོན་༧༠ལྷག་ཙམ་ལ་བཅའ་འདྲི་ཞུས་ཏེ་མཐར་དེབ་གཉིས་ཀྱི་ཐོག་ཕྱོགས་བསྡུས་བྱས་པ་ཡིན། དེབ་གཅིག་ནི་<<གསར་བརྗེ།>>ཡིན་ཞིང་བོད་ཀྱི་རིག་གནས་གསར་བརྗེའི་ལས་འགུལ་འདིའི་ལོ་རྒྱུས་ཀྱི་གཟུགས་བརྙན་དང་དཔྱད་གླེང་བྱས་པ་ཞིག་དང༌། གཅིག་ནི་<<བོད་ཀྱི་དྲན་ཐོ།>>ཡིན་པ་དང་དེ་ནི་བོད་ཀྱི་རིག་གནས་གསར་བརྗེའི་གནས་ཚུལ་ངག་རྒྱུན་ནས་བརྗོད་པ་ཁག་འཁོད་ཡོད། ཡང་དེའི་དབང་གིས་རིག་གནས་གསར་བརྗེ་བྱུང་ནས་ལོ་ངོ་བཞི་བཅུའི་རྗེས་དུས་ཡུན་རིང་པོ་ཁ་བརྒྱབ་ནས་ཡོད་པའི་འདྲ་པར་འདི་རྣམས་གཞི་ནས་ཕྱི་ཕྱོགས་ལ་སྟོན་ཐུབ་པ་བྱུང་བ་དང་དུས་ད་ལྟ་བར་འབྲེལ་ཡོད་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་ལ་དམངས་ཁྲོད་ཀྱི་འདྲ་པར་ཟིན་ཐོ་ཆ་ཚང་ཤོས་ཤིག་རེད་ཅེས་དང་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་གྱི་ཞིབ་འཇུག་དུམ་བུ་འདི་དུས་དེ་ནས་བཟུང་སྟོང་ཆ་ཁ་བསྐངས་ཐུབ་པ་བྱུང་ཡོད་ཅེས་གདེང་འཇོག་བྱེད་ཀྱི་ཡོད་པ་རེད། འགྲེལ་བརྗོད་ཞུ་དགོས་པ་ཞིག་ལ། དེ་སྔོན་གུས་མོའི་བཅའ་འདྲིར་དང་ལེན་གནང་མཁན་དང་། ད་དུང་གུས་མོར་རོགས་རམ་གནང་མཁན་གྱི་རྒན་རབས་ནང་མི་དྲུག་རིམ་པས་དགོངས་པ་རྫོགས་ཟིན་པས་གུས་མོས་སེམས་ནང་དུས་ནམ་ཡང་ཁོང་ཚོར་བརྗོད་ཀྱིས་མི་ལངས་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ནང་འཚོ་བ་བསྐྱལ་མཁན་གྱི་བོད་མིའི་ངོས་ནས་གུས་མོ་སྐྱེ་པའི་སྐབས་ཏག་ཏག་རིག་གནས་གསར་བརྗེའི་རླུང་འཚུབ་གངས་ལྗོངས་ས་མཐོའི་ཐོག་སླེབས་ཤིང་། ཡང་གུས་མོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་བཙན་དབང་གི་རྒྱ་ནག་གུང་ཁྲན་གཞུང་ནས་བོད་ལ་སྲུབ་ཐབས་མེད་པའི་རྗེས་ཤུལ་རྟགས་ཐམ་མང་པོ་བཞག་ཡོད་པས་དེ་ཡང་བོད་ནང་གི་བོད་མི་ས་ཡ་མང་པོའི་ལས་དབང་དང་གཅིག་པ་ཡིན་པ་རེད། དུས་ཡུན་ལོ་ངོ་དྲུག་རིང་གི་བརྟག་དཔྱད་དང་རྩོམ་བྲིས་བྱས་པའི་ནང་གུས་མོའི་ངོས་ལ་བག་ཆགས་གཟབ་ཤོས་འདི་གང་ཡིན་ཞུས་ན། གུས་མོས་དེ་སྔ་སྐད་ཆ་དུམ་བུ་འདི་འདྲ་ཞིག་བྲིས་མྱོང་ཡོད་པ་སྟེ། འགེབས་པ་རེད་དམ། རེད། འགེབས་པ་ཟེར་བའི་ཚིག་དེ་རང་རེད། ཅུང་ཟད་ཙམ་ཞིག་མ་ཡིན་པ་མ་ཟད། ཁག་ཅིག་ཀྱང་མ་རེད། ཧ་ཅང་གི་མང་པོ་རེད། མང་ཐག་ཆོད་བཞག ཧ་ལམ་ཚང་མ་འགེབས་ཡོད་པ་རེད། གུས་མོས་བརྗོད་པ་ནི་ལོ་རྒྱུས་དུམ་བུ་དེ་རེད། བོད་ས་ཁྱོན་ཡོངས་ཀྱི་ནང་དུས་ཡུན་ལོ་ངོ་བཅུའི་རིང་ཐོན་པ་དང༌། ཐ་ན་དེ་ལས་དུས་ཡུན་རིང་བ་ཡོད། ཧ་ལམ་ཚང་མ་འགེབས་ནས་ཡོད་པ་རེད་ཅེས་བྲིས་མྱོང་ཡོད།
གུས་མོས་རྩོམ་ཡིག་བྲིས་ཏེ་བོད་ལ་དཔང་པོ་དོན་རྒྱུ་དང་བོད་ཀྱི་གནས་ཚུལ་རེ་རེ་བཞིན་ཟིན་ཐོ་བཀོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གང་ཐུབ་ཅི་ཐུབ་ཀྱིས་དྲན་ཤེས་བརྒྱུད་ནས་བརྗེད་ངེས་ལ་སོང་བ་ཁག་ལ་འགོག་རྒོལ་བྱེད་ཐུབ་པ་བྱེད་ཀྱི་ཡོད། རྒྱ་ཡིག་གི་སྔ་མོའི་ཡིག་གཟུགས་བྲིས་སྲོལ་ཐོག་གི་<<གསར་བརྗེ།>>དེབ་འདི་ནི་དེའི་ཐོག་འབད་བརྩོན་ཆེ་ཤོས་བྱས་པ་ཞིག་ཡིན། བློ་འགྱོད་ཆེ་ཤོས་བྱུང་བ་ཞིག་ནི་ལོ་རྒྱུས་དང་སྒེར་གྱི་རྒྱུ་རྐྱེན་ཐོག་ནས་གུས་མོས་ད་ལྟ་ཡང་མ་ཡིག་ཤེས་ཀྱི་མེད་པས་བོད་ཡིག་གི་ཡིག་རྨོངས་པ་ཞིག་ཡིན་ལ། དབང་སྒྱུར་པའི་སྐད་ཡིག་ཐོག་ནས་རྩོམ་བྲིས་བྱ་མཁན་གྱི་དམིགས་བསལ་བོད་མི་ཞིག་ཆགས་ཡོད། དེར་བརྟེན་རྒྱ་ཡིག་གི་པར་གཞི་བོད་ཡིག་ཐོག་ཕབ་སྒྱུར་ཞུས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རིག་གནས་གསར་བརྗེའི་ལས་འགུལ་འདིས་བོད་ལ་བཟོས་པའི་དེ་ལྟ་བུའི་ཆག་སྒོ་ཆེན་པོ་འདི་རྒྱུས་མངའ་ཤེས་རྟོགས་ཐུབ་པ་དང་སྤྱི་ལོ་༡༩༦༦ལོ་དང་དེ་བཞིན་དེའི་རྗེས་ཀྱི་ལོ་ངོ་བཅུའི་རིང་དེ་སྔའི་གནས་མཆོག་ལྷ་ས་འདི་བཞིན་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ནང་ཨ་སློག་རྒྱབ་ནས་དཀྲུག་པའི་སྐབས་ཧ་ཅང་གི་ལྗི་ལ་འཐུག་པའི་མུན་ནག་གི་རས་ཡོལ་འདིས་སྦས་གསང་གང་ཐུབ་བྱས་པ་དེ་འདྲ་གུས་མོ་རང་ཉིད་ཀྱི་ངོས་ནས་བྱེད་ཐུབ་ས་མ་རེད།
ལམ་འགྲོ་ཧ་ཅང་རྒྱུག་པ་ཞིག་ལ། ལས་ཀ་འདི་སྒྲོལ་དཀར་ལགས་ནས་འགན་ལེན་གནང་བ་དང་འདས་པའི་ལོ་གཉིས་ལྷག་ཙམ་རིང་ཁོང་གིས་བསམ་ཡུལ་ལས་འདས་པའི་ངལ་བ་སྤྱད་པ་མ་ཟད། ཡིག་སྒྱུར་མཇུག་བསྒྲིལ་བྱུང་བའི་རྗེས་ནོར་ཝེ་བོད་དོན་ལྷན་ཚོགས་(The Norwegian Tibet Committee) དང་དེའི་དབུ་འཛིན་ཆུང་བདག་ཀོ་རིེན་ལགས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང་། དེ་བཞིན་ནོར་ཝེ་སྨྲ་བརྗོད་རང་དབང་ཐེབས་རྩ་ཁང་གི་རྒྱབ་སྐྱོར་ཐོབ་པ་མ་ཟད། ད་དུང་སུད་བོད་མཐུན་ཚོགས་(Swiss-Tibetan Friendship Association) ཀྱི་རྒྱབ་སྐྱོར་ཐོབ་ནས་བོད་ཡིག་གི་<<གསར་བརྗེ།>>པར་གཞི་འདི་གཞི་ནས་གུས་མོའི་སྤུན་ཟླ་རྣམ་པའི་སྤྱན་ལམ་དུ་ཕུལ་ཐུབ་པའི་གོ་སྐབས་ཐོབ་བྱུང་བ་འདི་རྣམས་ནི་རྩ་ཆེ་བའི་མཛའ་བརྩེའི་རྣམ་པ་ཞིག་ཡིན་པས་གུས་མོས་ཡིད་ལ་བཅངས་རྒྱུ་དང་བཀའ་དྲིན་མི་བརྗེད་པ་བྱ་རྒྱུ་ཡིན་པས་དེར་མཉམ་དུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།།
ཚེ་རིང་འོད་ཟེར།
སྤྱི་ལོ་༢༠༠༨ལོའི་ཟླ་༡༡ཚེས་༡ཉིན་པེ་ཅིང་ནས།