པར་སྐྲུན་ཆེད་བརྗོད།
༄༅།། གཞིས་ལུས་བོད་མིའི་དཔའ་མོ་དང་གྲགས་ཅན་གྱི་རྩོམ་པ་པོ་འོད་ཟེར་ལགས་ནི་སྤྱི་ལོ་༡༩༦༦ལོར་ལྷ་སར་འཁྲུངས་ཤིང། ཁོང་གི་ཕ་ཚེ་རིང་རྡོ་རྗེ་ལགས་དམག་དཔོན་ཞིག་ཡིན་པའི་དབང་གིས་བོད་ནང་གི་དངོས་བྱུང་གནས་ཚུལ་མང་དག་ཅིག་པར་ལེན་ཐུབ་ཡོད་པ་མ་ཟད། ལྷག་པར་དུ་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གི་ལྟེ་གནས་སུ་གྱུར་བའི་དགོན་སྡེ་སོགས་ལ་གཏོར་བཤིག་བཏང་བ་དང་། བོད་ཀྱི་བླ་སྤྲུལ་དང་སྤྱི་ལོ་༡༩༥༩ལོའི་གོང་གི་བོད་ཀྱི་གཞུང་ཞབས་མང་པོར་འཐབ་འཛིང་བཏང་བའི་དངོས་བྱུང་པར་རིས་ཁྱོན་༣༠༠ལྷག་ཙམ་ཡོད་པ་ཁག་འོད་ཟེར་ལགས་ཀྱིས་ལོ་ངོ་དྲུག་ཙམ་གྱི་དུས་ཚོད་བཏང་ནས་རིག་གནས་གསར་བརྗེའི་ལས་འགུལ་འདིའི་ནང་མཉམ་ཞུགས་བྱེད་མྱོང་ཡོད་པའི་འབྲེལ་ཡོད་མི་སྣ་བདུན་བཅུ་ལྷག་ཙམ་ལ་བཅར་འདྲི་ཞུས་ཏེ་<<བོད་ཀྱི་དྲན་ཐོ།>>ཞེས་པའི་ངག་རྒྱུན་གྱི་དེབ་དང་ཡང་པར་རིས་དེ་དག་གི་རྒྱབ་ལྗོངས་དང་བཅས་པའི་ཐོག་ནས་ཕྱོགས་སྒྲིག་ཞུས་པའི་<<གསར་བརྗེ།>>ཞེས་པའི་དེབ་གཉིས་སྤྱི་ལོ་༢༠༠༦ལོར་ཐེ་ཝན་གྱི་ཏཱ་ཁོའོ་དཔེ་སྐྲུན་ཁང་ནས་པར་བསྐྲུན་ཞུས་ཡོད་པའི་ཁྲོད་ནས་རྒྱ་ཆེའི་རྒྱ་མི་རིགས་ཀྱི་རྩོམ་པ་པོ་ཚོས་དེབ་འདི་གཉིས་ནི་རྒྱ་ནག་གུང་ཁྲན་གཞུང་གི་དབང་བསྒྱུར་འོག་རིག་གནས་གསར་བརྗེའི་སྐབས་བོད་དུ་རྒྱལ་རབས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་གོད་ཆག་ཇི་བྱུང་ལ་ཞིབ་འཇུག་ཐོག་མ་དང་དངོས་བྱུང་གློག་བརྙན་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ད་ཐེངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས་ནས་<<གསར་བརྗེ།>>ཞེས་པའི་པར་དེབ་འདི་ནོར་ཝེ་བོད་དོན་ལྷན་ཚོགས་ཀྱི་ལས་གཞིའི་འོག་བོད་ཡིག་ཏུ་ཕབ་སྒྱུར་ཞུས་པ་དེས་རྒྱ་ཆེའི་བོད་ཡིག་གི་ཀློག་པ་པོ་རྣམས་ལ་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་རྗེས་དམིགས་བསལ་རིག་གནས་གསར་བརྗེའི་སྐབས་རང་རེ་ཁ་བའི་ལྗོངས་ཀྱི་མི་རིགས་འདིར་གྱོང་གུན་དང་ཆག་སྒོ་ཇི་བྱུང་ལ་ཞིབ་འཇུག་དང་གསལ་རྟོགས་རྒྱུས་ལོན་ཡོང་བར་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞན་ཡང་དེབ་འདིའི་འཆར་འགོད་པ་སྣེའུ་ཤར་ཐུབ་བསྟན་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་པར་ཁང་འདྲ་མིན་དང་ལྷན་འབྲེལ་མཐུད་ཧུར་ལེན་གནང་ནས་པར་བསྐྲུན་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་<<གསར་བརྗེ།>>དེབ་འདི་བོད་བསྒྱུར་པར་བསྐྲུན་ཐུབ་པར་ནོར་ཝེ་སྨྲ་བརྗོད་རང་དབང་ཐེབས་རྩ་ཁང་(Norwegian Freedom of Expression Foundation) དང་དེ་མིན་ཚན་པ་ནས་དཔལ་འབྱོར་གྱི་རོགས་རམ་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སུད་བོད་ཚོགས་པ་ནས་ཀྱང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཅས།།
ནོར་ཝེ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཆུང་བདག་ཀོ་རིན་གྱིས།
སྤྱི་ལོ་༢༠༠༩ལོའི་ཟླ་༡༡ཚེས་༡༠ཉིན།