སྒྱུར་པ་པོའི་ཆེད་བརྗོད།
༄༅།། རྒྱ་ནག་གི་དམར་པོའི་འཇིགས་སྐུལ་འོག་རྩ་གཏོར་གྱི་རང་བཞིན་ལྡན་པའི་རིག་གནས་གསར་བརྗེའི་ཆག་སྒོ་འདི་བོད་མིའི་སྟེང་སླེབས་ཡོད་པ་མ་ཟད། ལྷག་པར་བོད་ཀྱི་བླ་སྲོག་དང་འབྲེལ་བའི་ཆོས་དང་རིག་གཞུང་ཐད་བརྗོད་ཀྱིས་མི་ལངས་པའི་གཏོར་བཤིག་ཆེན་པོ་ཕྱིན་ཡོད་པ་རེད། རྒྱ་ནག་ནས་བོད་ལ་སླེབས་པའི་གསར་བརྗེའི་གཏོར་བཤིག་འདིའི་སྐོར་ལ་ཞིབ་ཕྲའི་གནས་ཚུལ་མཐོང་རྒྱུ་མེད་པའི་ཐོག་པར་རིས་ལ་སོགས་པའི་ཡིག་ཆ་དེ་བས་མཐོང་རྒྱུ་དཀོན་པོ་རེད། སྟབས་ལེགས་པ་ཞིག་ལ་རིག་གནས་གསར་བརྗེའི་ལས་འགུལ་ཐོན་ནས་ལོ་ངོ་བཞི་བཅུ་ཏག་ཏག་ཕྱིན་པའི་སྐབས་དེར་འོད་ཟེར་ལགས་ཀྱིས་འབྲེལ་ཡོད་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་ལ་རྒྱ་ཡིག་ཐོག་བྲིས་གནང་བའི་དེབ་གཉིས་ཐེ་ཝན་ནང་པར་སྐྲུན་གནང་ཐུབ་པ་བྱུང་བ་དང་། <<གསར་བརྗེ།>>ཞེས་པའི་བོད་ནང་གི་རིག་གནས་གསར་བརྗེའི་སྐོར་གྱི་པར་དེབ་འདིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྩ་ཆེའི་དགོན་པ་དང་བཅས་པར་གཏོར་བཤིག་དང་བོད་མིའི་ལུས་སེམས་གཉིས་ཀྱི་ཐོག་དཀའ་སྡུག་ཇི་འདྲ་བཟོས་པའི་གནས་ཚུལ་ཁག་ར་སྤྲོད་དཔང་རྟགས་གསལ་པོ་ཞིག་བྱུང་ཡོད་པ་རེད། གུས་མོས་རིག་གནས་གསར་བརྗེའི་སྐོར་ལ་རྒན་རབས་ཚོས་གསུངས་པའི་གནས་ཚུལ་ཐོས་མྱོང་ཡོད་པ་ལས་འདི་ལྟ་བུའི་དཔང་རྟགས་གསལ་བའི་འདྲ་པར་དང་བཅས་པའི་རྩོམ་ཡིག་མཐོང་མྱོང་མེད། འོད་ཟེར་ལགས་ཀྱིས་བྲིས་གནང་བའི་<<གསར་བརྗེ།>>ཞེས་པའི་དེབ་འདི་མཐོང་བའི་རྗེས་འདི་ནི་བོད་མི་ཚང་མས་ཤེས་དགོས་པའི་ལོ་རྒྱུས་དུམ་བུ་ཞིག་དང་དམིགས་བསལ་གསར་དུ་འཚར་ལོངས་བྱུང་བའི་བོད་པའི་གཞོན་སྐྱེས་དང་གསར་བརྗེའི་གཏོར་བཤིག་འདི་བརྒྱུད་མྱོང་མེད་པའི་བཙན་བྱོལ་བོད་མིའི་ཁྲོད་ལ་ངེས་པར་དུ་ངོ་སྤྲོད་ཞུ་དགོས་པར་མཐོང་ནས་བོད་ཀྱི་ཆོས་དང་རིག་གཞུང། བོད་མིའི་ཡུལ་སྲོལ་གོམས་གཤིས་དང་སེམས་ཁམས་ལ་གཏོར་བཤིག་བཏང་བའི་ལོ་བཅུའི་རིག་གནས་གསར་བརྗེའི་དུམ་བུ་འདི་རང་མི་རིགས་ཀྱི་མ་ཡིག་ཐོག་པར་སྐྲུན་ཞུ་རྒྱུ་འདི་དེ་བས་གལ་ཆེ་བ་མཐོང་ནས་བོད་ཡིག་ཐོག་ཕབ་སྒྱུར་ཞུ་རྒྱུའི་ལས་འགན་འདི་གུས་མོས་དང་ལེན་ཞུས་པ་ཡིན།
དེབ་འདི་ཕབ་སྒྱུས་ཞུས་པའི་བརྒྱུད་རིམ་ནང་བློ་ཕམ་དང་ཧང་སངས་བའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་པ་སྟེ། བོད་ཀྱི་དགོན་སྡེ་ཁག་ནང་ལོ་ངོ་བརྒྱ་ཕྲག་མང་པོ་ཉར་ཚགས་བྱས་པའི་རྩ་ཆེའི་ཕྱག་དཔེ་ཁག་ཡུད་ཙམ་ཞིག་ལ་མེར་བསྲེགས་དང་གཞུང་ལམ་ཐོག་གི་ལོ་མ་བཞིན་གང་བྱུང་དུ་དབྱུགས་ཏེ་རྩ་མེད་བཟོས་པ་སོགས་ཀྱི་སྐོར་མཐོང་ཐོས་ཡོང་སྐབས་དེ་བས་བློ་ཕམ་ཧ་ཅང་ཆེན་པོ་ཞིག་ཡོང་གི་འདུག་ལ། ཡང་སྤྱི་ལོ་༡༩༥༩ལོར་བོད་མི་ཚོས་སེམས་པ་གཅིག་མཐུན་ངང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡུལ་རྒྱལ་ས་ལྷ་སར་ལོ་ངོ་བདུན་ཙམ་ལས་ཕྱིན་མེད་པའི་རྗེས་ཀྱི་སྤྱི་ལོ་༡༩༦༦ལོར་བོད་མི་ཁག་ཅིག་གིས་ཀྱང་རྒྱ་ནག་གཞུང་གི་གསར་བརྗེའི་གཏོར་བཤིག་ཆེན་པོ་འདིའི་ནང་མཉམ་ཞུགས་བྱས་ཏེ་དམིགས་ཡུལ་ལྡན་པའི་རྩ་གཏོར་གྱི་ལས་འགུལ་ཆེན་པོ་འདིའི་ནང་ཞར་མཆོངས་རྒྱག་ཡོད་པ་འདིར་ཧང་སངས་བྱུང། རྒྱ་ནག་གི་ལོ་ངོ་བཅུའི་རིག་གནས་གསར་བརྗེའི་ལས་འགུལ་དེ་བོད་ནང་བོད་མི་ཚོས་བརྒྱུད་དགོས་བྱུང་བའི་ཆག་སྒོའི་ཁྲོད་ཕྱི་ཕྱོགས་དང་འབྲེལ་བ་མེད་པའི་བོད་མི་ཚོས་གཞུང་གསར་པ་འདིས་དངོས་གནས་གསར་བརྗེ་ཞིག་བྱེད་པའི་མུན་ཐོམ་གྱིས་རྒྱ་མི་རིགས་དང་མཉམ་དུ་རང་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་ཡོད་ཚད་རྩ་གཏོར་བཏང་ཡོད་པ་རེད། འདི་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་མིན་ནམ། དོན་དངོས་ཐོག་རིག་གནས་གསར་བརྗེའི་ལས་འགུལ་འདིས་མི་རབས་ནས་མི་རབས་བར་ནང་ཆོས་ལ་དད་པ་བྱེད་མཁན་བོད་མི་སྒེར་སོ་སོའི་ཁྱིམ་ཚང་གི་མཆོད་གཤོམ་ནས་བོད་མི་རིགས་ཀྱི་རྩ་ཆེའི་དགོན་པའི་བར་ཚང་མ་གཏོར་བཤིག་བཏང་ཡོད་ལ། བོད་པ་མི་རབས་གཅིག་གི་སློབ་སྦྱོང་གི་དུས་ཚོད་ཡག་ཤོས་ནས་བོད་མི་རིགས་འདིའི་རྩ་ཆེའི་རིག་གཞུང་དང་བཅས་པ་ཚང་མ་མེད་པ་བཟོས་ཡོད། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ་ལོ་བཅུའི་རིག་གནས་གསར་བརྗེའི་གཏོར་བཤིག་གི་ལས་འགུལ་འདིའི་ནང་བོད་མི་ཁག་ཅིག་གིས་བསམ་ཡུལ་ལས་འདས་པའི་ཧུར་བརྩོན་ཆེན་པོས་མཉམ་ཞུགས་ཐོག་རྒྱ་ནག་གཞུང་གི་བཀོད་ཇུས་འོག་རྒྱ་མི་རིགས་དང་མཉམ་དུ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་རེད། གསར་བརྗེའི་གཏོར་བཤིག་ཁྲོད་ནས་སྟོང་པ་སྟོང་རྐྱང་བཟོས་པའི་དགོན་པ་ཁག་རིག་གནས་གསར་བརྗེ་མཇུག་བསྒྲིལ་བྱུང་ནས་ལོ་གཅིག་གཉིས་ནང་ལྷ་ལྡན་གཙུག་ལག་ཁང་དང་དགའ་ལྡན་དགོན་པར་ཆ་མཚོན་ན་ལམ་སེང་མང་ཚོགས་ཚོས་ཡང་རིག་གནས་གསར་བརྗེའི་སྐབས་ཀྱི་ཧུར་བརྩོན་ཅན་ཚོའི་རྣམ་པ་དང་འདྲ་བར་ཚང་མས་དང་བླངས་ཐོག་གྱང་རོར་གྱུར་བའི་དགོན་པ་སྟོང་པར་རང་འགུལ་ངང་ཉམས་གསོ་བྱས་ཏེ་སྐུ་འདྲ་དང་མཆོད་མེས་ཁེངས་པ་བཟོས་ཡོད་ལ་དང་ཐོག་ནས་ཡོད་པའི་དད་སེམས་འདི་བོད་མི་ཚོའི་ལུས་པོའི་སྟེང་བསྐྱར་དུ་མངོན་ཐུབ་པ་བྱུང་ཡོད།
དེབ་འདི་བོད་ཡིག་ཐོག་ཕབ་སྒྱུར་ཞུ་ཐུབ་པ་བྱུང་བའི་ཁྲོད་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་ཡུལ་ཁག་ཅིག་ཡོད་པའི་ནང་ཐོག་མར་ནག་སུབ་བཏང་བའི་བོད་ཀྱི་ལོ་རྒྱུས་དུམ་བུ་འདི་འོད་ཟེར་ལགས་ནས་རྒྱ་ཡིག་ཐོག་རྩོམ་བྲིས་གནང་སྟེ་གུས་མོར་བོད་ཡིག་ཐོག་ཕབ་སྒྱུར་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་རིག་གནས་གསར་བརྗེ་དངོས་སུ་བརྒྱུད་མྱོང་མཁན་དང་ད་ལྟ་གནས་སྟངས་ཀྱིས་རྐྱེན་པས་མཚན་འབོད་ཞུ་ཐབས་བྲལ་བའི་བོད་མི་ཁོང་ནས་དེབ་འདིའི་ཕབ་སྒྱུར་ཐད་གསར་བརྗེའི་མིང་ཚིག་བེད་སྤྱོད་བྱེད་སྟངས་དང་ཞུ་དག་གནང་སྟེ་སློབ་སྟོན་མང་པོ་གནང་བྱུང་ལ། ཡང་གུས་མོའི་གཅུང་པོ་ཐུབ་བསྟན་ཚེ་རིང་ནས་དེབ་འདིའི་འཆར་འགོད་ཆ་ཚང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ད་དུང་སྐུ་ཞབས་འཇམ་དཔལ་ཕུན་ཚོགས་ལགས་ནས་ཞུ་དག་གི་ཕྱག་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདིར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་ཡུལ་ཞིག་ནི་ནོར་ཝེ་བོད་དོན་ལྷན་ཚོགས་ཀྱི་དབུ་འཛིན་ཆུང་བདག་ཀོ་རིེན་ལགས་དང་ནོར་ཝེ་བོད་དོན་ལྷན་ཚོགས་ (The Norwegian Tibet Committee)ཀྱི་རྒྱབ་སྐྱོར་འོག་དེབ་འདི་བོད་ཡིག་གི་གཟིགས་པ་པོའི་སྤྱན་ལམ་དུ་ཕུལ་ཐུབ་པ་བྱུང་ཡོད་པས་ཐུགས་རྗེ་ཆེ་རྒྱུ་དང་། དེ་བཞིན་ཐེ་ཝན་གྱི་ཏཱ་ཁོའོ་དཔེ་སྐྲུན་ཁང་(Locus publishing, Taiwan)ནས་བོད་ཡིག་པར་སྐྲུན་ཐོག་སྟབས་བདེ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡང་བོད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་འདིར་སྐྱོན་ཆ་མང་པོ་ཡོད་སྲིད་པས་མཁྱེན་ལྡན་པ་རྣམས་ཀྱིས་ཡོ་བསྲང་ཡོང་བ་ཞུ་རྒྱུ་ཡིན། ད་ཐེངས་གློག་རྡུལ་འཕྲུལ་དེབ་བཟོས་པའི་བརྒྱུད་རིམ་ནང་Lotus Seeds Designནས་རོགས་པ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྒྲོལ་དཀར་ནས།
སྤྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༧ཉིན།