པར་ལེན་མཁན་ངོ་སྤྲོད།


ཚེ་རིང་རྡོ་རྗེ།(Tsering Dorjee 1937-1991)ཁམས་སྡེ་དགེ་ནས་ཡིན་ཞིང་། ལོ་༡༣ལ་སླེབས་སྐབས་རྒྱ་ནག་གུང་བྲན་གྱི་བོད་ལ་དཔུང་བཅུག་བྱེད་མཁན་དམག་དཔུང་ནང་མཉམ་ཞུགས་བྱས་ཡོད་པས་མི་ཚེའི་ཕེན་པ་རྫོགས་སྐབས་བོད་དམག་ཁུལ་ཁང་གི་ལྷ་ས་ཡན་ལག་དམག་སྒར་གྱི་དམག་སྤྱི་གཞོན་པའི་གོ་གནས་ཡོད། ཁོང་ནི་ཆུང་དུས་ནས་པར་ལེན་ལ་དགའ་པོ་ཡོད་མཁན་ཞིག་ཡིན་པའི་ཐོག་ཁོང་ལ་དམག་མིའི་མིང་ཐོབ་ཅིག་ཡོད་པར་བརྟེན་ཁོང་ནས་པར་ཆས་བེད་སྤྱོད་བྱས་ཏེ་བོད་ཀྱི་རིག་གནས་གསར་བརྗེའི་(1966-1976)ལོ་རྒྱུས་དུམ་བུ་འདི་དངོས་སུ་ཟིན་ཐོར་བཀོད་ཐུབ་པའི་གོ་སྐབས་བྱུང་ཡོད། ཁོང་གིས་པར་ལེན་བྱས་པའི་འདྲ་པར་ཁག་ཁོང་གི་མི་ཚེའི་རིང་ཡོངས་ཁྱབ་ཀྱིས་འགྲེམས་སྤེལ་གནང་རྒྱུ་བྱུང་མེད་ན་ཡང་ཁོང་གི་བུ་མོ་ཚེ་རིང་འོད་ཟེར་ལགས་ཀྱིས་ལོ་ངོ་དྲུག་གི་རིང་འདྲ་པར་འདི་རྣམས་ལ་ཞིབ་འཇུག་དང་བཅའ་འདྲི་གནང་བ་བརྒྱུད་སྤྱི་ལོ་༢༠༠༦ལོར་ཐེ་ཝན་གྱི་ཏའ་ཁོའོ་དཔེ་སྐྲུན་ཁང་ནས་<<གསར་བརྗེ།>>དེབ་འདི་པར་བསྐྲུན་བྱས་ཏེ་རྩ་ཆེའི་འདྲ་པར་འདི་རྣམས་གཞི་ནས་ཚང་མར་སྟོན་ཐུབ་པ་བྱུང་ཡོད། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་རིག་གནས་གསར་བརྗེའི་འབྲེལ་ཡོད་ཡིག་ཆ་ཚང་མ་སྒམ་ཆུང་ནག་པོའི་ནང་བཅུག་སྟེ་ཤེས་མི་ཐུབ་པ་བཟོས་ཡོད་པས། ཚེ་རིང་རྡོ་རྗེ་ལགས་ཀྱིས་པར་ལེན་གནང་བའི་བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་འདི་རྣམས་དུས་ད་ལྟ་བར་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་ལ་ཆ་ཚང་ཤོས་ཀྱི་དམངས་ཁྲོད་འདྲ་པར་ཁག་ཅིག་ཆགས་ཀྱི་ཡོད།